༡༽    ༡༩༦༣ ཟླ་ ༡ ཚེས་ ༧ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པ་དེ་འཚོགས། ཚོགས་འདུའི་ཐོག་ྋགོང་ས་མཆོག་ནས་བོད་སློབ་འཛིན་ཚོགས་ལ་ཞལ་འདེབས་ཧིན་སྒོར་ ༥༠༠༠༠ དང་མ་སུ་རིའི་ས་ཁང་གནང་བར་ལེགས་གཟོ་དང༌། སྒང་ཏོག་ཏུ་གཏན་སློབ་འཛུགས་འཆར་ཕྱིར་འཐེན་གྱིས་ཌལ་ཧོར་དུ་གཏན་སློབ་ཅིག་འཛུགས་རྒྱུ་དང་ད་ཡོད་གཏན་སློབ་ཁག་རྒྱ་སྐྱེད་བྱ་རྒྱུ། གཏན་སློབ་ཀྱི་ཉལ་ཁང་ལ་ཕ་ཚབ་མ་ཚབ་བསྐོ་རྒྱུ་སོགས་ཀྱི་ཐག་གཅོད་བྱུང༌།
༢༽    ༡༩༦༣ ལོའི་ཕྱི་ཟླ་ ༣ ཚེས་ ༣ ཉིན་འཇར་མན་པེ་སི་ཐ་ལོ་ཛིར་འཇར་མན་བོད་དོན་ཚོགས་པས་རོགས་རམ་གནང་བ་བཞིན་སིམ་ལ་གཏན་སློབ་ནས་བུ་དྲུག་དང་མ་སུ་རི་གཏན་སློབ་ནས་བུ་མོ་དྲུག ཆོས་དགེ་གཅིག ཕ་ཚབ་དང་བོད་དགེ་གཅིག་ལྕོགས་སུ་བློ་བཟང་རྣམ་གྲོལ་བཟའ་མི་གཉིས་བཅས་བཏང་བའི་སློབ་ཕྲུག་གི་ཁོངས་སུ་དེང་འཚོ་བཞུགས་སྨན་པ་རྟའུ་བློ་བཟང་དཔལ་ལྡན་སོགས་ཡོད།
༣༽    མ་སུ་རི་བོད་ཁྱིམ་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཟིན་པ་དང་བསྟུན་ཏེ་ ༡༩༦༣ ཟླ་ ༤ ཚེས་ ༢༣ ཉིན་ྋགོང་ས་མཆོག་ནས་ཚོགས་པ་དངོས་སུ་དབུ་བརྙེས་པའི་ཁྱབ་བསྒྲགས་མཛད།
༤༽    ༡༩༦༣ ཟླ་ ༥ ཚེས་ ༡༠ ཉིན་ཌལ་ཧོར་གཏན་སློབ་གསར་འཛུགས་བྱས།
༥༽    ༡༩༦༣ ཟླ་ ༥ ནང་བོད་རིགས་ཁ་ཆེ་བ་འ་མིག་འདུའམ་མིང་གཞན་དོན་གྲུབ་ཅེས་པ་ཨ་རིར་སློབ་སྦྱོང་དུ་བསྐྱོད་འཆར་ལྟར་ཐོངས་མཆན་ཐོབ་ཐབས་བོད་རིགས་སྤྱི་མཚུངས་རོགས་རམ་ཡོང་བ་ཞུས་དོན་གཞི་བཟུང་ྋགོང་ས་མཆོག་ལ་འཆར་འབུལ་ཕྱག་རྟགས་ཕྱིར་ཕེབས་དགོངས་དོན་ལྟར་རྒྱབ་གཉེར་དང་རོགས་རམ་གནང༌།
༦༽    ༡༩༦༣ ཟླ་ ༧ ཚེས་ ༡༥ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བདུན་པ་དེ་འཚོགས། ཚོགས་ཐོག་ཏུ་ད་ཡོད་སློབ་གྲྭའི་ནང་བོད་ཕྲུག་ཚང་མ་ཤོང་གི་མེད་པར་བརྟེན་སློབ་གྲྭ་གསར་པ་འཛུགས་ཡུལ་གཞན་འཚོལ་དགོས་པ་དང༌། བོད་རིགས་དགེ་རྒན་ཚོར་འོས་སྦྱོང་སྤྲོད་ཐུབ་ཆེད་བོད་རིགས་དགེ་རྒན་ཚོས་ངེས་པར་དབྱིན་སྐད་དམ་ཧིན་དི་གང་རུང་ལས་ཞོར་དུ་སློབ་སྦྱོང་དགོས་པ། ལོ་ན་རྒན་པའི་ཕྲུ་གུ་ཚོར་ལག་ཤེས་སློབ་སྦྱོང་གི་གོ་སྐབས་སྤྲོད་ཕྱོགས་དགོངས་བཞེས་གནང་རྒྱུ་སོགས་གནང༌།
༧༽    ༡༩༦༣ ཟླ་ ༩ ཚེས་ ༨ ཉིན་ཀང་རར་མི་གྲངས་ ༣༠ ཡོད་པའི་དགེ་རྒན་འོས་སྦྱོང་གསར་འཛུགས་བྱས། དགེ་རྒན་འོས་སྦྱོང་ཁང་གི་དབུ་འཛིན་ཛེ་སྨད་རིན་པོ་ཆེ་དང༌། མ་སུ་རི་བོད་ཁྱིམ་དབུ་བརྙེས་པའི་མཛད་སྒོའི་ཐོག་༸གོང་ས་མཆོག་ནས་གསུང་བཤད་སྩོལ་བཞིན་པ།དེང་ལུགས་སློབ་སྟོན་གནང་མཁན་ཁེ་ན་ཌའི་མཁྱེན་ལྡན་མ་འཇུ་ཌི་ལགས་སོགས་ཡོད་པར་མ་ཟད། ྋགོང་ས་མཆོག་གི་ཡོངས་འཛིན་རྣམ་གཉིས་སོགས་ཕྱི་ནས་གདན་ཞུས་མཁས་པ་མང་པོ་ཡོད།
༨༽    དེང་དུས་དང་མཐུན་པའི་ཤེས་ཡོན་བོད་སྒྱུར་དང་ཁྱབ་སྤེལ་ཆེད་ཕྱི་ལོ་ ༡༩༦༣ ཟླ་ ༡༠ ཚེས་ ༧ ཉིན་བཞུགས་སྒར་དྷ་རམ་ས་ལར་ཤེས་རིག་ལས་ཁུངས་ཀྱི་ཁོངས་བོད་ཀྱི་རིག་གཞུང་གོང་སྤེལ་རྩོམ་སྒྱུར་ལྷན་ཚོགས་གསར་འཛུགས་གནང༌། ལྷན་ཚོགས་དེའི་གནས་ཚུལ་ཅུང་ཞིབ་པ་ཟུར་དུ་བཀོད་ཡོད་པས་དེར་གཟིགས།
༩༽    ལ་དྭགས་ཁུལ་བོད་མིའི་སློབ་གྲྭ་ཁག་ལྔ་གསར་འཛུགས་གནང་རྩིས་མཛད་ཀྱང་གནས་ཡུལ་མཐུན་རྐྱེན་ཞན་པས་ཕུགས་ཕན་ཡོང་རེ་མ་མཐོང་སྟབས་ཕྱིར་འཐེན་བྱས།
༡༠༽    མེའོ་ཆོས་འཕེལ་གླིང་གཞིས་ཆགས་སློབ་གྲྭ་དང༌། ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་སློབ་གྲྭ། མན་སྤར་ཕན་བདེ་གླིང་གཞིས་ཆགས་སློབ་གྲྭ་བཅས་གསར་འཛུགས་བྱས། སློབ་གྲྭ་ཁག་གི་ལོ་རྒྱུས་དེབ་ཤེས་རིག་དྲུང་འཕར་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་ཟུར་དུ་འབྲི་བཞིན་ཡོད་པ་དེའི་ནང་ཞིབ་ཕྲ་གསལ་ངེས་ལ་བརྟེན་འདི་མན་ཞིབ་ཆ་བཀོད་མེད།
༡༡༽    ཤེས་རིག་པར་ཁང་དུ་སློབ་དེབ་པར་སྐྲུན་སོགས་ལས་དོན་མང་བར་བརྟེན་ལས་བྱེད་མང་དུ་བཏང་སྟེ་ཡར་རྒྱས་བཏང༌།

Menu