༡༽    ༡༩༦༢ ཟླ་ ༡ ཚེས་ ༢༩ ཉིན་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་གསུམ་པ་དེ་རྒྱ་གར་དབུས་ལས་ཁུངས་ཁག་གི་བསྟི་གནས་སུ་འཚོགས། ཚོགས་ཐོག་ཏུ་ྋགོང་ས་མཆོག་ནས་སློབ་གྲྭའི་སློབ་ཕྲུག་ཚང་མར་བོད་ལུགས་ཕྱུ་པ་རེ་གནང་འཆར་ལ་ལེགས་གཟོ་དང་སློབ་གྲྭའི་སྒྲིག་ཆས་གསར་བཟོའི་འཆར་གཞི་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་འབུལ་དགོས་པ་དང༌། སློབ་གྲྭའི་རྒྱ་གར་དགེ་རྒན་ཚོས་བོད་རིགས་དགེ་རྒན་ཚོར་ཧིན་དི་དང་དབྱིན་ཇིའི་སྐད་ཡིག་ཞོར་དུ་བསླབ་དགོས་པ། སྐད་ཡིག་ཚད་འཕེར་བྱུང་བའི་བོད་རིགས་དགེ་རྒན་རྣམས་ལ་ལམ་གྲོན་དང་སློབ་ཡོན་སྤྲད་དེ་རིམ་པས་དགེ་རྒན་འོས་སྦྱོང་དུ་གཏོང་དགོས་པ་སོགས་ཀྱི་ཐག་གཅོད་བྱུང་ཞིང༌། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བལ་ཡུལ་དུ་གནས་འཁོད་སྐྱབས་བཅོལ་བོད་མིའི་ཕྲུ་གུ་རྣམས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭའི་ནང་སློབ་འཇུག་དགོས་པའི་གྲོས་འཆར་བཏོན་པར། དོན་གནད་འདི་བཞིན་ཕྱི་སྲིད་ལས་ཁུངས་ལ་འབྲེལ་བ་བྱེད་དགོས་པའི་ལམ་སྟོན་གནང༌།
༢༽    ལྡི་ལི་བོད་གཞུང་དབུས་ཤེས་རིག་སྐུ་ཚབ་ལས་ཁང་དང༌། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་ཚུགས་ཡུལ་ལོགས་སུ་ཡོད་ཀྱང་ད་ཕྱིན་འགྲོ་གྲོན་ཆུང་ལ་ལས་དོན་མཉམ་འབྲེལ་དང་ཚགས་ཚུད་ཡོང་ཆེད་ལས་ཁུངས་ཚུགས་ཡུལ་ཟླ་སྒྲིལ་གནང་སྟེ་ནང་གསེས་ལས་དོན་སྡེ་ཚན་ཟུར་དབྱེ་བྱས།
༣༽    རྡོར་གླིང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁང་དུ་སློབ་ཕྲུག་རྣམས་རུ་ཁག་བཞིར་དབྱེ་བ་དང་ཆབས་ཅིག རུ་ཁག་གི་མིང་དུ་གཉའ་ཁྲི་དང༌། སྲོང་བཙན། ཁྲི་སྲོང༌། ཁྲི་རལ་ཞེས་བཏགས་ན་འཐུས་མིན་དང༌། དེ་བཞིན་རུ་ཁག་རེའི་དར་ཆའི་དཔེ་རིས་ས་བོན་ཕུལ་འབྱོར་རྣམས་ྋགོང་ས་མཆོག་ལ་སྤྱན་འབུལ་ཞུས་པར། ཕྱི་ཟླ་ ༧ ཚེས་ ༨ ཉིན་དེ་ལྟར་ལག་བསྟར་བྱ་འཐུས་ཀྱི་ཕྱག་རྟགས་ཕེབས།
༤༽    ཕྱི་ལོ་ ༡༩༦༢ ཟླ་ ༥ ཚེས་ ༧ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཞི་པ་དེ་འཚོགས། ཚོགས་ཐོག་ཏུ་སྒང་ཏོག་ཁུལ་གྱི་བོད་མི་སྐྱབས་བཅོལ་བའི་ཆེད་དུ་གཏན་སློབ་ཅིག་འཛུགས་དགོས་པ་དང༌། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་གནང་བའི་བོད་ཡིག་སློབ་དེབ་རྣམས་ངོས་བཞེས་གནང་རྒྱུ། བོད་མི་རྒན་གྲས་ལ་ཧིན་དིའི་སྐད་ཡིག་སློབ་སྤེལ་གྱི་འགན་ཡང་བོད་སློབ་འཛིན་ཚོགས་ཀྱིས་བཞེས་རྒྱུ་དང་དེའི་ཆེད་དུ་ཚོགས་པའི་སྒྲིག་གཞིར་བསྐྱར་བཅོས་བྱ་རྒྱུ། ལོ་གསར་དང་ས་ག་ཟླ་བའི་ཚེས་བཅོ་ལྔ། ྋགོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན། དྲུག་པའི་ཚེས་བཞི་སོགས་བོད་ཀྱི་རྒྱུན་སྲོལ་དུས་ཆེན་ཁག་ཅིག་སློབ་གྲྭའི་ནང་སྲུང་བརྩི་བྱས་ཆོག་པ། ཤེས་རིག་ལས་ཁུངས་ཀྱིས་འཆར་འབུལ་ཞུས་པ་གཞིར་བཟུང་སློབ་གྲྭའི་སྒྲིག་ཆས་ཀྱི་འགྲོ་སོང་དང་ཉིན་སློབ་ཀྱི་ཟས་དོད་གཏན་འབེབས་སོགས་གནང༌།
༥༽    སློབ་གྲྭ་ཁག་ཏུ་བོད་དགེ་ཁ་སྣོན་ ༡༠ དགོས་གལ་སྐོར་ལྡི་ལི་དབུས་ཤེས་རིག་སྐུ་ཚབ་ལས་ཁང་ནས་ཞུས་དོན་ལྟར། ཆོས་དོན་ལས་ཁུངས་ལ་འབྲེལ་བ་ཞུས་ཏེ་ཌལ་ཧོར་སོགས་སུ་བཞུགས་མུས་དགེ་བཤེས་དང་མཁས་པའི་ཁོངས་ནས་རིག་གནས་དང་ཡིག་རྩ་ལེགས་གྲས་ཁག་གི་མཚན་ཐོ་འཆར་འབུལ་བྱུང་བར་ལས་བྱེད་བདག་གཉེར་ཁང་གིས་བསྐྱར་ཞིབ་དང་སྦྲགས་འཆར་འབུལ་ཞུས་པར། ྋགོང་ས་མཆོག་ནས་ཟླ་ ༦ ཚེས་ ༡༤ ཉིན་ཕྱག་རྟགས་སྩལ་ཏེ་སློབ་དགེ་བསྐོ་བཞག་བྱས། དེའི་ཁོངས་སྒོ་མང་རྒྱལ་མཚན་ལྷུན་གྲུབ་དང༌། བློ་གླིང་ཕ་ར་རྣམ་རྒྱལ་དབང་ཆེན། སེར་སྨད་རྒྱལ་རོང་བློ་བཟང་ཆོས་གྲགས་སོགས་ཡོད།
༦༽    མའི་སོར་བྷེལ་ཀོབ་ཏུ་ཉིན་སློབ་གསར་འཛུགས་བྱས།
༧༽    བོད་ཕྲུག་དབྱིན་ཡིག་ལམ་ཙམ་ཤེས་པ་ལོ་ ༡༧ སྐོར་སོན་པ་ཞིག་ལ་ལྡི་ལིར་གནམ་གྲུ་གཏོང་སྟངས་སློབ་སྦྱོང་གི་གོ་སྐབས་ཐོབ་པ་ལྟར་མ་སུ་རིའི་སློབ་ཁོངས་ནས་ཡིན་པའི་བུ་ཟླ་བ་དབང་ཆེན་བསྐྱོད་འཐུས་ཕྱག་རྟགས་ཟླ་ ༥ ཚེས་ ༢༤ ཉིན་སྩལ།
༨༽    ༡༩༦༢ ཟླ་ ༨ ཚེས་ ༢༧ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ལྔ་པ་དེ་འཚོགས། ཚོགས་ཐོག་ཏུ་འབྲུག་ཡུལ་དུ་གནས་འཁོད་སྐྱབས་བཅོལ་བོད་མིའི་བུ་ཕྲུག་གཏན་སློབ་ཏུ་སློབ་འཇུག་བྱེད་ཕྱོགས་སྐོར་དང༌། ལོ་ན་རྒན་ཞིང་སློབ་སྦྱོང་མི་ལེགས་པའི་སློབ་ཕྲུག་རྣམས་ལག་ཤེས་སྦྱོང་བརྡར་དུ་གཏོང་དགོས་པ། ྋགོང་ས་མཆོག་གི་བཀའ་དགོངས་བཞིན་གཏན་སློབ་ཁག་གི་ནང་ཟླ་བ་དྲུག་རེའི་རིང་སྦྱོང་བརྡར་ཡོད་པའི་ཟློས་གར་དགེ་རྒན་གཉིས་རེ་བསྐོ་ཆོག་པ་དང༌། ཟློས་གར་དགེ་རྒན་གྱི་ཕོགས་ཐོབ་གཞི་རིམ་དགེ་རྒན་དང་གཅིག་མཚུངས་ཡིན་པ་སོགས་ཀྱི་ཐག་གཅོད་བྱུང༌།
༩༽    བོད་ཕྲུག་ཚོ་ཁག་སློབ་སྦྱོང་ཆེད་གཏོང་རྒྱུའི་རེ་བ་བྱ་ཡུལ་ཨོ་སེ་ཊས་རི་ཡ་དང་དབྱིན་ཡུལ། ཨི་ཊ་ལི། སུད་སི་སོགས་ཕྱི་རྒྱལ་ཡུལ་ཁག་ཏུ་སློབ་ཕྲུག་དང་ཕ་ཚབ་མ་ཚབ། ཆོས་དགེ་བཅས་ཀྱི་མིང་ཐོ་ཕུལ་ཏེ་འབྲེལ་བ་དམ་ཟབ་ཞུས། ༸གོང་ས་མཆོག་ནས་བྷེལ་ཀོབ་གཏན་སློབ་ཏུ་གཟིགས་རྟོག་མཛད་བཞིན་པ།
༡༠༽    རྒྱ་གར་མ་དྷ་ར་སི་སེ་ལོང་ནང་པའི་ཆོས་ཚོགས་ཀྱིས་དྭ་ཕྲུག་གཉིས་ལ་མཐོ་རིམ་སློབ་སྦྱོང་མ་ཐོན་བར་གྱི་སློབ་ཡོན་གནང་སྟེ་མ་འོངས་པར་བོད་དང་སེ་ལོང་གི་ནང་བསྟན་ཁྱབ་སྤེལ་ལ་ཕན་ཐོགས་ཡོང་རེ་གནང་བ་ལྟར་འཆར་འབུལ་ཕྱག་རྟགས་དགོངས་དོན་སིམ་ལའི་སློབ་ཕྲུག་ལྷ་ས་བ་སྲིད་ཆོས་རྡོ་རྗེ་དང༌། དྷ་ས་བུ་གསོ་ཁང་ནས་ཆ་ཕྲེང་བློ་བཟང་རྒྱ་མཚོ་གཉིས་ཕྱི་ཟླ་ ༧ ཚེས་ ༢༣ ཉིན་བཏང༌། བཀྲས་མཐོང་རིག་འཛིན་རྣམ་རྒྱལ་རྡོར་གླིང་མོང་གྲ་ཨ་བུར་སློབ་གྲྭར་སློབ་ཞུགས་ཀྱི་སློབ་གྲོན་སྦུག་དམ་བཀའ་ཡིག་དགོངས་དོན་གཞི་བཟུང་ཕྱི་ཟླ་ ༥ ནས་གནང་འགོ་བཙུགས།
༡༡༽    སིམ་ལ་སློབ་གྲྭར་ལོ་འདིར་སློབ་ཕྲུག་གྲྭ་པ་ ༡༢༡ ཡོད་པ་རྣམས་ཀྱི་བཞུགས་ཡུལ་དང་ཞལ་ལག་མཆོད་ཡུལ་ལོགས་སུ་བཀོད་སྒྲིག་བྱས་ཤིང༌། དེ་དག་ལ་གཟའ་འཁོར་རེར་ཆོས་སྤྱོད་འཛིན་སྐྱོར་ཐེངས་གཉིས་རེ་ཡོད་ཐོག ཟླ་རེའི་ཚེས་བཅུ་ཉེར་ལྔ་དང༌། གསོ་སྦྱོང༌། ཉ་སྟོང་བརྒྱད་གསུམ་ལ་དུས་མཆོད་སྨོན་ལམ་ཟབ་རྒྱས་གོ་སྒྲིག་བྱས། སྐྱ་བོ་ཚོར་རེས་གཟའ་ཕུར་བུ་ནམ་ཡིན་ལ་ཆོས་ཀྱི་འཆད་ཉན་འཆར་ཅན་ཐོག་ཆོས་ཕྱོགས་དང་འབྲེལ་བའི་དུས་ཆེན་ཁག་ལ་སྐྱེས་བུ་ཆུང་འབྲིང་གི་ཆོས་སྐོར་རྣམས་རིགས་ལམ་དང་སྦྱར་ཏེ་བཤད། སློབ་ཕྲུག་སྤྱི་ཡོངས་གྲངས་ ༥༠༠ ཡོད་པ་འཛིན་རིམ་ཁག་བཅུ་གཉིས་སུ་བགོས་ཏེ། ལས་དང་པོ་བ་རྣམས་ལ་ཀ་ཁ་སོགས་དང༌། འཛིན་གྲྭ་དང་པོ་ཁག་གསུམ་ལ་དབྱིན་བོད་འབྲི་ཀློག་དང་རྩིས། འཛིན་གྲྭ་གཉིས་པར་དག་ཡིག་ངག་སྒྲོན་རྩ་འགྲེལ། རྒྱལ་རབས་ཆོས་འབྱུང་ཤིན་ཏུ་བསྡུས་པ། དབྱིན་ཇི། སྤྱིར་བཏང་ཚན་རིག་བཅས་ཕྲན་བུའི་རྒྱས་ཙམ་སློབ་ཕྲུག་གི་བློ་ཚོད་དང་མཐུན་པར་བསླབས། འཛིན་གྲྭ་གསུམ་པར་བོད་ཡིག་སློབ་དེབ་གསུམ་པ་དང༌། དག་ཡིག་ཀེ་ཏཱ་ཀ་རྩ་འགྲེལ། དབྱིན་ཡིག ཚན་རིག རྩིས་སོགས་བློ་ཚོད་དང་མཐུན་པར་བསླབས། འཛིན་གྲྭ་བཞི་པར་བོད་ཡིག་སློབ་དེབ་གསུམ་པ་དང་བཞི་པའི་ཚབ་ཏུ་སིམ་ལ་རང་ནས་གསར་བསྒྲིགས་བྱས་པའི་ཡི་གེའི་རྣམ་གཞག་དང་དག་ཡིག་ཀེ་ཏཱ་ཀ་རྩ་འགྲེལ། ཧོར་ཡིག་སོགས་ཡིག་གཟུགས་སྣ་ཚོགས། ལུགས་ཀྱི་བསྟན་བཅོས། བསླབ་བྱ་མུ་ཐི་ལའི་ཕྲེང་བ། དབྱིན་ཡིག ཧིན་དི། རྩིས། ཚན་རིག་རྣམས་བོད་སློབ་འཛིན་ཚོགས་ཀྱི་གཏན་འབེབས་ལྟར་བསླབས། སློབ་གྲྭར་སློབ་སྤྱི་ ༡ དང་དགེ་ཆེ་ ༡ བོད་དགེ་ངོ་མ་ ༣ དབྱིན་དགེ་ ༨ སྨན་པ་ ༡ བོད་དགེ་ངོ་ཚབ་ ༣ གཉེར་པ་ ༡ དྲུང་ཡིག ༡ ལས་བྱེད་ལས་རོགས་ ༡ སྨན་ཞབས་ ༡ མ་མ་ ༡ འཚེམ་བུ་བ་ ༢ ལྷམ་བཟོ་ ༢ མ་བྱན་ ༦ ཁང་གཉེར་ ༡ གད་པ་ ༡ སྐད་སྒྱུར་ ༡ བཅས་ཡོད་པ་རྣམས་སྐབས་དེའི་གནས་སྟངས་རྟོགས་སླད་ཞིབ་ཙམ་བཀོད།
༡༢༽    ཀ་སྦུག་ཤེས་རིག་ཡན་ལག་སློབ་གྲྭར་སློབ་ཕྲུག ༡༢༠ ཙམ་ཡོད་པར་སྔ་ལོ་ཕྱི་ཟླ་ ༩ ནས་རྒྱ་གར་གཞུང་གི་སྐྱོབས་གསོ་ཆད་པར་བརྟེན་དཀའ་ངལ་ཤུགས་ཆེ་འཕྲད་མུས་སེལ་ཐབས་སུ་ཤེས་རིག་ལས་ཁུངས་ཀྱིས་རྒྱ་གར་གཞུང་ལ་མུ་མཐུད་སྐྱོབས་གསོ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས།
༡༣༽    བལ་ཡུལ་ཤར་ཁུམ་ཁུལ་གྱི་སློབ་གྲྭར་ཤེས་རིག་གིས་འབོད་སྐུལ་གནང་སྟེ་སྐྱོབས་གསོ་དང་རོགས་རམ་ཐོབ་ནས་དགེ་ལས་ཀྱི་ཤག་དང་འཛིན་གྲྭ་ཚུགས་ཡུལ་གསར་རྒྱག་ཟིན་ཉེར་གནས། བོད་དགེ་གཉིས་ལའང་ཟླ་རེར་གླ་ཆ་བལ་སྒོར་ ༢༠ རེ་ཟླ་བ་ ༤ ཚེས་ ༡༥ ནས་དོན་སོན་བྱུང༌། རྡོར་གླིང་མི་རིགས་སློབ་གྲར་སློབ་ཕྲུག་ཚོས་རྕེད་མོ་རྕེ་བཞིན་པ། པར་སྒྲོན་ལོ་མ་ཤེས།བལ་ཡུལ་ས་གནས་གཞན་ཁག་ལའང་སློབ་གྲྭ་ཚུགས་ཐབས་སྐོར་བལ་ཡུལ་དོན་གཅོད་རིམ་བཞི་བློ་རྒྱལ་ཐོན་ཁར་ཤེས་རིག་བཀའ་བློན་ཀུན་བདེ་གླིང་གིས་ཞིབ་མངགས་གནང་ཐོག ཤེས་རིག་ནས་ཀྱང་ས་གནས་སུ་འབྲེལ་ལམ་དང་རོགས་ཚོགས་ཁག་ལ་འབོད་སྐུལ་ཞུས་འབྲས་སུ་བལ་ཡུལ་དུ་རྒྱལ་ནང་སློབ་གྲྭ་འཇི་ལ་ཁང་གསར་འཛུགས་ཐུབ་ཅིང༌། དེར་དགེ་རྒན་ཛ་དྲག་དགོས་གལ་ཞུས་པ་ལྟར་ཀུན་གླིང་ཞབས་སྡོད་ཉང་རྩེ་ངག་དབང་ལུང་རྟོགས་བསྐོ་བཞག་བྱས། སློབ་གྲྭ་དེར་སློབ་ཕྲུག ༡༢༠ ཡོད།
        ཡང་བལ་ཡུལ་ཤར་ཕྱོགས་དཔའ་བོ་དགོན་དུའང་སློབ་གྲྭ་བཙུགས་པར་མ་སུ་རི་སློབ་གྲྭ་ནས་ཐོན་པའི་དགེ་རྒན་གཉིས་བསྐོ་བཞག་བྱས་ཤིང༌། བོད་ཕྲུག་ཕོ་མོ་ ༧༥ ཡོད།
        སྤོག་ར་ཡང་ཤིང་དུ་ཕྱི་ཟླ་ ༧ ནང་འཕྲལ་སེལ་བོད་ཡིག་སློབ་གྲྭ་ཞིག་སྒོ་འབྱེད་བྱས་པའི་སློབ་ཕྲུག ༩༥ དང་བོད་དགེ་བོན་པོའི་བླ་མ་ཞིག བལ་སྐད་དགེ་རྒན་ ༡ བཅས་ཡོད། བལ་ཡུལ་ཟླ་བ་པ་ཀྲན་ནམ་རྡོ་པ་ཊན་ཞེས་པར་ཕྱི་ཟླ་ ༨ ནང་འཕྲལ་སེལ་བོད་སློབ་ཅིག་བཙུགས་ཤིང་དེར་བོད་དགེ་བླ་མ་གཉིས་ཡོད། གོང་གསལ་སློབ་གྲྭ་ཁག་ལ་ཤེས་རིག་ལས་ཁུངས་དང་བལ་ཡུལ་དོན་གཅོད་ཀྱིས་རེ་སྐུལ་ཞུས་པ་ལྟར་རྒྱ་གྲམ་དམར་པོའི་ཚོགས་པ་སོགས་ཀྱིས་རོགས་རམ་ཕྲན་བུ་གནང་བཞིན་གནས།
༡༤༽    རྡོར་གླིང་མི་རིགས་ཁུལ་དུ་གནས་སྡོད་བོད་མི་སྤྱི་ཐོག་ནས་བོད་ཕྲུག ༣༥ དང་ནང་པ་ཡིན་པའི་རྟ་མང་བོད་ཕྲུག ༧ བཅས་ཡོད་པའི་སློབ་གྲྭ་གསར་འཛུགས་ཟིན་པར་ཕུགས་སུ་རྒྱ་གར་གཞུང་གི་རོགས་རམ་ཞུ་འཆར་ལ་སྐབས་འཕྲལ་བོད་གཞུང་ནས་རོགས་རམ་དང་རྒྱབ་གཉེར་ཡོང་བ་ཞུས་དོན་ལྟར། དམིགས་བསལ་གསོལ་རས་ཧིན་སྒོར་ ༢༥༠ དང་སློབ་དེབ་ཁག་རིན་མེད་བཏང༌།
༡༥༽    ཤེས་རིག་པར་ཁང་དུ་བོད་ཡིག་སློབ་དེབ་སྔོན་འགྲོ་ནས་འཛིན་གྲྭ་བཞི་པ་བར་པར་སྐྲུན་ཟིན་ཏེ་ལྔ་པ་པར་རྩ་སྒྲིག་བཞིན་པའི་མུར་གནས།
༡༦༽    མ་སུ་རི་བོད་ཁྱིམ་གསར་འཛུགས་གནང་གཏན་འཁེལ་ཏེ་ཕྲེང་རིང་རིན་ཆེན་སྒྲོལ་མ་མཆོག་ལ་འགོ་འཛིན་གྱི་ཕྱག་རྟགས་སྩལ་བ་དང་ཆབས་ཅིག་ྋགོང་ས་མཆོག་ནས་མ་དངུལ་གསོལ་སྩལ་གནང་སྟེ་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་ཁྱིམ་ཚང་གསུམ་གྱི་ས་ཁང་གསར་གཟིགས་གནང་སྟེ་ཉམ་ཐག་བུ་ཕྲུག ༦༨ ལ་གཟིགས་སྐྱོང་གནང་འགོ་ཚུགས།
 

Menu