གཙུག་ལག་ཁང་དང་དགོན་སྡེ་ཁག་ལ་ཕེབས་དུས་ཐོག་མར་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་ནི་དགོན་པའི་ཚོགས་ཆེན་གྱི་ཡང་སྟེང་དུ་རི་དྭགས་ཤ་བ་ཕོ་མོ་གཉིས་ཀྱིས། ཆོས་ཀྱི་འཁོར་ལོ་རྩིབས་མ་བརྒྱད་ལྡན་ལ་རྩེ་གཅིག་ཏུ་བལྟས་ནས་སྡོད་པའི་གཟུགས་བརྙན་ཡིད་དུ་འོང་བ་ཞིག་མཇལ་རྒྱུ་ཡོད་པ་དེ་ནི་འདི་ལྟ་སྟེ། རྩིབས་མ་བརྒྱད་ལྡན་གྱི་འཁོར་ལོ་ནི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཆོས་གསུངས་པ་ལ་གཡས་གཡོན་རི་དྭགས་ཕོ་མོ་གཉིས་ནི་རུ་རུ་ཡིན་ཏེ་བྱང་ཆུབ་སེམས་དཔའི་སེམས་རྒྱུད་བཞིའི་གྲས་བསེ་རུའི་སེམས་རྒྱུད་ཀྱིས་ཆོས་རྩེ་གཅིག་ཏུ་ཉན་པ་མཚོན་པ་ཡིན། དབུས་ཀྱི་རྩིབས་མ་བརྒྱད་ལྡན་གྱི་འཁོར་ལོའི་ལྟེ་བས་བསླབ་པ་གསུམ་གྱི་ནང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་མཚོན་པ་དང༌། བར་གྱི་རྩིབས་མ་བརྒྱད་པོས་ནི་ཤེས་རབ་ཀྱི་བསླབ་པ་མཚོན་པ་དང༌། མཐའི་མུ་ཁྱུད་ཀྱིས་ཏིང་ངེ་འཛིན་གྱི་བསླབ་པ་མཚོན་པ་ཡིན། ཡང་འཁོར་ལོའི་རྩིབས་མ་བརྒྱད་པོ་དེས་འཕགས་ལམ་ཡན་ལག་བརྒྱད་ཀྱང་མཚོན་པ་ཡིན་ཏེ། སངས་རྒྱས་ཀྱི་བཀའ་ཡོད་དོ་ཅོག་ནི་བརྗོད་བྱ་བསླབ་པ་གསུམ་དང༌། འཕགས་ལམ་ཡན་ལག་བརྒྱད་དུ་མ་འདུས་པ་མེད། རི་དྭགས་ཕོ་མོ་གཉིས་ཀྱིས་ཐབས་དང་ཤེས་རབ་མཚོན་ཏེ་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་མཚོན་བྱེད་དང༌། ཡང་དབུས་ཀྱི་ཆོས་འཁོར་མདོའི་མཚོན་བྱེད་དང༌། གཡས་གཡོན་རི་དྭགས་གཉིས་པོ་གསང་སྔགས་ཀྱི་མཚོན་བྱེད་ཡིན་པས་ནང་པ་སངས་རྒྱས་ཀྱི་ཆོས་ནི་མདོ་སྔགས་ཟུང་དུ་འབྲེལ་བའི་རྟགས་མཚོན་པ་ཡིན། མདོར་ན་རི་དྭགས་ཆོས་འཁོར་གྱིས་ཐེག་པ་ཆེན་པོའི་ཆོས་དར་ཞིང་རྒྱས་པའི་རྟགས་མཚོན་ཞིང༌། དེ་ནི་ནང་པ་སངས་རྒྱས་པའི་རྟགས་མ་ལྟ་བུ་ཡིན་ནོ།། །།

མདུན་ཤོག

Menu