[toc]

པ་ཡི་སྡེ་ཚན།

རྐང་པ་ལག་པ་མགྲིན་པ་དང༌། །སྐེད་པ་མཆིན་པ་གྲོད་པ་དང༌། །ཁང་པ་རིག་པ་རྟག་པ་སོགས། །པ་འཇུག་པ་ལས་བ་མི་འཇུག །ལུག་གི་པགས་པ་པགས་ནད་འགོ། །ལུག་ལྤགས་གཟིག་ལྤགས་ལ་མགོ་ཅན། །དཔག་བསམ་ལྗོན་དང་དཔག་ཏུ་མེད། །འོད་དཔག་མེད་སོགས་མ་འཁྲུལ་ཨང༌། །སྤང་གཤོངས་དང་ནི་སྤང་རི་མཐོ། །སྤང་རྒྱན་མེ་ཏོག་སྤང་སྤོས་དྲི། །སྤང་ལྗོངས་སྟེང་དུ་སྤང་རྩྭ་སྐྱེས། །ཉོན་མོངས་སྤང་ན་སྤང་རྟོགས་སྐྱེ། །གོ་གནས་སྤག་བྱ་སྤོག་བྱེད་དང༌། །སྤགས་ཟིན་དང་ནི་སྤོགས་ཤིག་བཅས། །གནས་ལས་གོང་དུ་སྤར་བའི་དོན། །ས་མགོ་ཡིན་པས་ཤེས་པར་བྱ། །སྤགས་ཕོར་ནང་དུ་སྤགས་ཁུ་བླུགས། །རྩམ་པ་བརྫིས་ཏེ་སྤགས་རྡོག་བཟས། །སྤགས་ལུག་སྤགས་ཀྱིས་རྟག་པར་གསོས། །ས་མགོ་ཅན་གྱི་སྡེ་ཚན་ཡིན། །ལག་པའི་དཔུང་པ་དམག་དཔུང་མང༌། །བར་དཔང་བརྟན་པོ་པང་ལེབ་མཐུག །པང་གདན་དང་ནི་པང་དུ་སྡོད། །སྒྲ་གདངས་འདྲ་ཡང་གཅིག་པ་མིན། །དཔལ་ལྡན་བླ་མ་དཔལ་གྱུར་པ། །དཔལ་འབྱོར་ཆེ་དང་དཔལ་བཟང་པོ། །དཔལ་ཡོན་དཔལ་ཁང་ལོ་ཙཱ་སོགས། །མིང་གཞི་པ་ལ་སྔོན་འཇུག་ད། །པར་ཁང་ནང་དུ་པར་སྐྲུན་བྱ། །པར་སློག་བརྒྱབ་དང་འདྲ་པར་སྦྱར། །གཅིག་ནས་སྤར་ཏེ་མང་པོ་བྱུང༌། །མེ་སྤར་ལ་སོགས་འཇུག་ཡུལ་མང༌། །གཟིམ་སྤོས་སྤོས་གཤོང་བདུག་སྤོས་འཐུལ། །སྤོས་དཀར་ཤིང་དང་སྤང་སྤོས་ཉོས། །གོམ་པ་སྤོས་དང་སྤོས་ཚོང་སླེབས། །སྡོད་གནས་སྤོས་པ་ལ་སོགས་མང༌། །ནམ་མཁའི་སྤྲིན་དང་ཡི་གེ་སྤྲིངས། །འཇོན་པའི་སྤོབས་པ་ལས་ལ་བཟང༌། །འབྲས་སྤུངས་དང་ནི་འབྲུ་རིགས་སྤུངས། །ལུས་ཀྱི་སྤུ་དང་སྤུས་ཀ་ལེགས། །བཟང་སྤྱོད་དང་ནི་ཆོས་སྤྱོད་འདོན། །སྤྱན་རས་གཟིགས་དང་སྤྱན་དཀྱུས་རིང༌། །སྤྱན་མཐོང་ཆེ་དང་སྤྱན་གྱིས་གཟིགས། །མིང་གཞི་པ་ལ་ས་མགོ་ཅན། །ལུས་ཀྱི་དཔྱི་མགོ་དཔྱིད་ཀའི་དུས། །བརྟག་དཔྱད་བྱེད་དང་སློབ་གཞིར་དཔྱད། །དཔྱད་གཞིར་འབུལ་དང་དཔྱ་ཁྲལ་བསྡུ། །རྣམ་དཔྱོད་ལྡན་སོགས་དས་འཕུལ་ཡིན། །

ཕ་ཡི་སྡེ་ཚན།

ཕ་ཡུལ་ཕ་རྒྱུད་ཕ་མ་དང༌། །ཕ་ཤུལ་ཕ་གཞིས་ཕ་རོལ་སོང༌། །རིན་ཆེན་ཕ་ལམ་ལ་སོགས་པ། །ཕ་རྐྱང་ཡིན་པས་ཤེས་པར་བྱ། །ཕག་པ་དང་ནི་རྟ་ཡིས་འཕག །གནས་ནས་འཕགས་དང་འཕགས་པའི་ཡུལ། །འཕགས་མཆོག་སྤྱན་རས་གཟིགས་ལ་སོགས། །དག་ཆའི་དབྱེ་བ་མ་ནོར་གཅེས། །ཕན་སེམས་ཕན་ཐོགས་ཕན་ཡོན་ཆེ། །ཕན་གནོད་ཕན་ཚུན་མཐུན་པ་ལེགས། །གཞན་ཕན་སྒྲུབ་པ་ལ་སོགས་པ། །སྔོན་འཇུག་མེད་པའི་སྡེ་ཚན་ཡིན། །འཕན་པོའི་ཡུལ་དང་འཕན་པོའི་མི། །མདའ་འཕེན་པ་ནི་བརྒྱབ་པའི་དོན། །རྒྱང་འཕེན་པ་ནི་ཕྱི་རོལ་པ། །སྒྲ་གདངས་འདྲ་ཡང་དག་ཆ་གཞན། །ནོར་གྱིས་ཕྱུག་དང་ལས་དོན་འཕྱུག །ཁྱིམ་གྱི་སྒོ་ཟོག་བ་ཕྱུགས་མང༌། །བླ་མའི་ཕྱག་དང་ཕྱགས་མས་འཕྱག །དག་ཆའི་དབྱེ་བ་མ་འཁྲུལ་ཨང༌། །འཕྲལ་ཕུགས་གཉིས་ལས་ཕུགས་བསམ་གཙོ། །བྲག་གི་ཕུག་ཏུ་ཕུག་རོན་གནས། །ཆོས་འཕེལ་དང་ནི་ནོར་ཕྱུགས་འཕེལ། །བླ་མ་ཕེབས་དང་ཕེབས་ལམ་བཟོས། །ཕྱོགས་བཅུ་ཕྱོགས་བསྒྲིགས་ཕྱོགས་མཚམས་དང༌། །ཕྱུ་པ་ཕྱུ་ར་ཕྱུར་སྐམ་མུར། །ཕར་ཕྱིན་སྦྱངས་ནས་ཕ་རོལ་ཕྱིན། །དེ་དག་འཇུག་ཚུལ་མ་ནོར་གཅེས། །ཡི་གེའི་ཕྲད་དང་ཐུག་འཕྲད་བྱུང༌། །འཕྲེད་གླིང་འཕྲེད་གཞུང་འཕྲེད་ལ་ཉལ། །ཡིག་རྒྱུགས་འཕྲོད་དང་འོད་ཟེར་འཕྲོས། །འཕྲོད་བསྟེན་ལ་སོགས་མ་ནོར་སྦྱོངས། །ཕུལ་བྱུང་ཞེས་པ་ཁྱད་འཕགས་དོན། །ཡི་གེ་ཕུལ་བར་སྔོན་འཇུག་མེད། །འཕུལ་ཡིག་ལྔ་ནི་སྔོན་འཇུག་ལྔ༌། །དེ་ལ་འས་འཕུལ་གཏན་དུ་ཐོབ། །ལོངས་སྤྱོད་ཀྱིས་ཕོངས་གླ་ཆའི་ཕོགས། །གྲངས་ཀྱི་དུང་ཕྱུར་ལ་སོགས་པར། །འས་འཕུལ་འཇུག་པ་མིན་ན་ཡང༌། །དུ་བ་འཕྱུར་བར་འས་འཕུལ་འཇུག །ཕོར་པ་གཏིང་རིང་ཕོར་ཤུབས་དང༌། །ཕོར་རྩི་ཕོར་མར་ཕོར་རྐྱང་ཡིན། །གྲངས་གནས་དུང་ཕྱུར་འས་འཕུལ་མེད། །དུ་བ་འཕྱུར་བར་འས་འཕུལ་ཐོབ། །

བ་ཡི་སྡེ་ཚན།

བ་གླང་དང་ནི་བ་ཕྱུགས་རིགས། །བག་མ་ལེན་དང་བག་ལེབ་བཟོས། །བག་ཚ་མར་ཁུ་མར་ལ་བཙོས། །བག་མེད་དང་ནི་བག་གཡེང་མིན། །བང་མཛོད་བང་མི་བང་རིམ་བསྒྲིགས། །བར་སྣང་བར་དོ་བར་དུ་འཚངས། །བར་ཆད་མེད་པ་བར་མཚམས་བཞག །བར་སྐབས་བར་ཐོག་བར་མི་དགོས། །ལུག་གི་བལ་དང་བལ་སྐུད་བཟོས། །བལ་ཡུལ་དང་ནི་བལ་པོའི་མི། །སྲིན་བལ་དང་ནི་བལ་གདན་ལེགས། །མིང་གཞི་བ་ལ་རྗེས་འཇུག་ལ། །བོད་ཡུལ་བོད་པ་འབོད་པའི་སྒྲ། །བོན་པོའི་ཆོས་དང་ས་བོན་འདེབས། །བུད་མེད་དང་ནི་བུད་ཤིང་བསྲེགས། །གནས་ནས་བུད་དེ་གང་སར་འཁྱམས། །དབུ་གདུགས་དབུ་ཞྭ་དབུ་མཛད་དང༌། །ཤིང་བཟོ་དབུ་ཆེན་དབུ་ཆུང་གཉིས། །ཡིག་གཟུགས་དབུ་ཅན་དབུ་མེད་རྣམས། །ད་དབུ་ཡིན་པ་ཤེས་པར་བྱ། །དབུས་པ་དབུས་སུ་གནས་པ་དང༌། །དབང་ཐང་དབང་ཕྱུག་བཀའ་དབང་གནང༌། །གཟུགས་དབྱིབས་འཇམ་དབྱངས་དབྱར་ཀའི་དུས། །དབྱུག་པ་ལ་སོགས་འཇུག་ཚུལ་མང༌། །བྱང་སེམས་བསྐྱེད་ནས་བྱང་ཆུབ་ཐོབ། །བྱང་ཆུབ་སེམས་དཔའ་སྙིང་རྗེར་བྱང༌། །བྱང་ཕྱོགས་ཡུལ་དུ་བྱང་ལུག་མང༌། །བྱང་ཆུབ་ཤིང་སོགས་བྱང་རྐྱང་ཡིན། །བྱམས་བརྩེ་ཅན་དང་བྱམས་པས་བསྐྱངས། །རབ་འབྱམས་པ་ནི་ཤེས་ཡོན་ཅན། །འབྲི་གཡག་དང་ནི་ཡི་གེ་འབྲི། །སྔོན་འཇུག་ཐོབ་མིན་ཡིད་ལ་གཟབ། །འབྲས་བཙོས་པ་དང་འབྲས་ཆན་བྱུང༌། །འབྲས་སྤུངས་དང་ནི་ཤིང་འབྲས་བཟས། །འབྲས་ལྗོངས་འབྲས་སིལ་གྲུབ་འབྲས་བྱུང༌། །འབྲས་ཡོས་དང་ནི་འབྲས་ཐུག་བསྐོལ། །ཕན་ཚུན་འབྲེལ་བ་རྟེན་འབྲེལ་བཟང༌། །འབྲེལ་ལམ་བཟང་དང་འབྲེལ་མཐུད་དགོས། །འབྲེལ་གཏུགས་འབྲེལ་སྒྲ་ལ་སོགས་པ། །ཚིག་གྲོགས་ཇི་བཞིན་མ་ནོར་ཨང༌། །བྲེལ་བས་མ་ཁོམ་བྲེལ་འཚུབ་ཆེ། །མཛའ་བས་ལག་སྦྲེལ་ཐག་པས་སྦྲེལ། །ཡུལ་ནས་བྲལ་དང་བྱ་བྲལ་བ། །སྐྱོན་བྲལ་ཁ་བྲལ་མ་འཁྲུལ་ཨང༌། །དགེ་སྦྱོར་བྱེད་དང་སྦྱོར་ཀློག་བརྒྱབ། །སྨན་སྦྱོར་བྱེད་དང་ཕན་ཚུན་སྦྱོར། །རྟ་ཡི་སྦང་དང་གླུམ་སྦངས་དང༌། །ཁྱད་པར་ཡོད་པ་ཡིད་ལ་ཞོག །གཙང་སྦྲ་བྱེད་དང་སྦྲང་འབུ་མང༌། །སྦྲང་ཚང་སྦྲང་རྩི་སྲོག་ཆགས་སྦྲེ། །སྦྲ་གུར་སྦྱིན་བསྲེག་སྦྱིན་པ་ཐོངས། །མིང་གཞི་བ་ལ་ས་མགོ་ཅན། །འབྲིང་རིམ་སློབ་གྲྭ་རབ་འབྲིང་དང༌། །འབྲོག་པ་དང་ནི་བལ་སྤུ་འབྲེག །འབྲུ་རིགས་དང་ནི་འབུམ་ཕྲག་དང༌། །ཆིག་འབུམ་འབུམ་ཐེར་གྲངས་གནས་ཡིན། །

མ་ཡི་སྡེ་ཚན།

མ་མ་བྱམས་པོ་མ་ལུས་པ། །མ་རིག་མ་འཁྲུལ་མ་ནོར་བ། །མ་འོངས་པ་དང་མ་ཡོང་བ། །མ་གཞི་མ་རབས་མ་རྐྱང་ཡིན། །མང་གཙོ་མང་ཆེ་མང་ཉུང་ཚད། །མར་ལྟང་མར་ཁུ་མར་རྡོག་ཞིམ། །མལ་ཆས་མལ་གདན་མལ་གཟན་སོགས། །ཚིག་གྲོགས་གཞིར་བཟུང་མ་འཁྲུལ་ཨང༌། །མི་རིགས་མི་སྐྱ་མི་དཔོན་དང༌། །མི་མང་མི་རབས་མི་ལུས་ཐོབ། །མིག་དཀྱུས་རིང་དང་མིག་ཤེལ་དགོས། །མིག་སྤུ་དང་ནི་མིག་དམར་གཟའ། །མི་མིང་མིང་ཚིག་མིང་གཞི་དང༌། །མིང་ཐོ་བྲིས་དང་མིང་མཛོད་ཕྱུག །མིང་བཤེར་མི་གྲངས་ག་ཚོད་ཡོད། །ཟས་ནི་མིད་པ་བརྒྱུད་ནས་འགྲོ། །མོས་མཐུན་བྱུང་དང་འདོད་མོས་བྱུང༌། །བློ་མོས་བྱུང་དང་རང་མོས་རེད། །མོས་གུས་ཆེ་དང་མོས་པ་བརྟན། །ཡིད་མོས་བྱེད་དང་མོས་འདུན་ཡོད། །དགའ་མོས་བྱུང་དང་མོས་པ་དང༌། །མ་མོས་པ་ལ་ཨུ་ཚུགས་མེད། །སྐྱེད་མོས་ཚལ་ལ་སོགས་པ་རྣམས། །མིང་གཞི་མ་ལ་རྗེས་འཇུག་ས། །ས་ཞིང་རྨོད་ནས་ས་བོན་འདེབས། །གཞན་ལ་འཕྱ་སྨོད་བྱ་མི་རུང༌། །ལྟ་ཅི་སྨོས་དང་ཡིན་མོད་སོགས། །དེ་དག་འཇུག་ཚུལ་མ་ནོར་སོམས། །མེ་གཏོང་མེ་སྤར་མེ་སྟག་དང༌། །མེ་ཤེལ་མེ་ཤིང་མེ་ལོང་གསལ། །དམག་སྒར་དམག་ཆས་དམག་འཐབ་དང༌། །དམག་དཔུང་དམག་དཔོན་དམག་མི་སོགས། །དམའ་ས་དམའ་རིམ་སློབ་གྲྭ་དང༌། །ཁ་དོག་དམར་དང་དམར་སེར་ཚོས། །དམར་གསོད་མ་བྱེད་སྡིག་ལ་འཛེམས། །མིང་གཞི་མ་ལ་ད་ཡིས་འཕུལ། །རྨང་གཞི་བརྟན་དང་རྨ་བྱ་མཛེས། །རྨ་བཟོས་པ་དང་རྨ་སྨན་བྱུགས། །རྨ་ཁ་གསོས་ཀྱང་རྨ་རྗེས་ལུས། །མིང་གཞི་མ་ལ་ར་མགོ་ཅན། །སྨན་རྩིས་ཁང་དུ་སྨན་གཞུང་བསླབས། །སྨན་པ་མཁས་ན་སྨན་བཅོས་ལེགས། །སྨན་རྩྭ་བཏོགས་ནས་སྨན་རྫས་མང༌། །སྨན་ཡོན་ལ་སོགས་ས་མགོ་ཅན། །ཁབ་ཀྱི་དམིག་དང་བུ་གའི་དམིག །དམིགས་པ་བརྟན་དང་དམིགས་ཡུལ་བཟང༌། །དམིགས་སུ་བཀར་ནས་དམིགས་བསལ་གནང༌། །དམིགས་བརྩེ་མ་སོགས་དས་འཕུལ་ཐོབ། །མུ་བཞི་དང་ནི་མུ་མཐའ་མེད། །མུ་མཐུད་སྦྱང་ན་མཁས་པར་འགྱུར། །མུ་གེ་མེད་ན་བདེ་སྐྱིད་ལྡན། །མུ་ཏིག་མུ་མེན་ལ་སོགས་པ། །རང་རང་འཇུག་ཚུལ་མ་ནོར་གཅེས། །

མདུན་ཤོག

Menu