༦་༡     མིའི་རྣམ་དཔྱོད་ལ་རྟོག་ཞིབ།
    སློབ་གྲྭའི་ཤེས་ཡོན་ནི་ཤེས་བྱ་འཐོབ་པར་བྱེད་པ་ཙམ་མིན་པར་དེ་ལས་ཀྱང་ཤིན་ཏུ་གལ་ཆེ་བ་ནི་མིའི་རིག་སྟོབས་སད་སྨིན་རྫོགས་གསུམ་བྱ་རྒྱུ་དེ་ཡིན་སྟབས། རྒྱུན་ལྡན་ཤེས་ཡོན་རྟོག་ཞིབ་སྐབས་སློབ་མའི་ཤེས་བྱའི་རྣམ་གྲངས་མང་ཉུང་རྟོག་ཞིབ་བྱ་རྒྱུ་ལས་བརྒལ་ཏེ། ལེགས་ཉེས་རྣམ་འབྱེད་ཀྱི་ཤེས་རབ་འཚར་བསྐྱེད་བྱུང་སྟངས་ལ་རྒྱུན་བསྲིང་ངང་རྟོག་ཞིབ་བྱ་དགོས།

༦་༢    བཟང་སྤྱོད་དང་མི་གཤིས་རྟོག་ཞིབ།
    སློབ་གྲྭའི་ནང་སློབ་མའི་བཟང་པོའི་ཡོན་ཏན་རྣམས་གོང་འཕེལ་གཏོང་སླད། འཆར་ཅན་དང་འཆར་ཅན་མ་ཡིན་པའི་བྱེད་སྒོར་དུས་ཐོག་མཉམ་ཞུགས་དང༌། གཙང་སྦྲ། རང་ཚོད་ཟིན་པ། བརྩོན་འགྲུས། བྱམས་སྙིང་རྗེ། གཞན་ཕན། འགན་ཁུར། དོན་གཉེར། གསར་གཏོད། འདྲ་མཉམ་དང་མང་གཙོའི་གོ་རྟོགས། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སོགས་ལ་རྟོག་ཞིབ་རྒྱུན་བསྟུད་ཀྱི་ལམ་ནས་སྐབས་བབས་ལམ་སྟོན་དང་རོགས་འདེགས་བྱ་དགོས།

༦་༣    སློབ་ཁྲིད་དང་རྟོག་ཞིབ་ཟུང་འབྲེལ།
    སློབ་གྲྭའི་ནང་སློབ་ཁྲིད་དང༌། རྒྱུགས་སྤྲོད་ནི་སློབ་ཁྲིད་ཀྱི་ནང་དོན་ལས་ལོགས་བཀར་ངོས་འཛིན་གྱིས་སློབ་ཁྲིད་ཀྱི་ཁ་ཕྱོགས་རྒྱུགས་སྤྲོད་ཀྱི་ཕྱོགས་སུ་འཁྱར་བ་དང༌། རྒྱུགས་སྤྲོད་གྲུབ་འབྲས་ཀྱིས་ཀྱང་སློབ་ཁྲིད་ལ་དཔྱད་ཞིབ་ལམ་སྟོན་མི་ཐུབ་པ་བཅས་ཀྱི་སྐྱོན་གནས་ལ་བརྟེན། གཞི་རིམ་སློབ་གྲྭའི་ཤེས་ཡོན་རྟོག་ཞིབ་དང་སློབ་ཁྲིད་གཉིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱིས་གཞི་གཅིག་ཏུ་ཟུང་འབྲེལ་བྱ་དགོས།

༦་༤    རྒྱུན་མཐུད་དང་ཕྱོགས་ཡོངས་ནས་རྟོག་ཞིབ་བྱེད་ཐབས།
    སློབ་གྲྭའི་ནང་སློབ་མའི་ཤེས་ཡོན་གནས་ཚད་ལ་རྟོག་ཞིབ་སྐབས་དུས་ཡུན་ཆུ་ཚོད་ཁ་ཤས་རིང་རྒྱུགས་སྤྲོད་གཏོང་བའི་ཐབས་ལམ་སྤངས་ཏེ། སློབ་མའི་ཡོངས་ཁྱབ་ཀྱི་ཤེས་སྤྱོད་གནས་སྟངས་ལ་རྒྱུན་མཐུད་ཉམས་ཞིབ་ཀྱི་སྒོ་ནས་རྟོག་ཞིབ་དང་གདེང་འཇོག་བྱ་དགོས།

༦་༥    གཟེངས་བསྟོད་དང་ཉེས་ཆད་ལ་བརྟེན་པའི་རྟོག་ཞིབ་སྤོང་བ།
    དེང་སྐབས་ཀྱི་སློབ་གྲྭའི་ལམ་ལུགས་ནང་གཟེངས་བསྟོད་དང་ཉེས་ཆད་གཅོད་པའི་ཐབས་ལམ་ལག་བསྟར་བྱས་འབྲས་སུ་སློབ་མའི་རང་རྟོགས་སློབ་སྦྱོང་གི་ཀུན་སློང་ཉམས་རྒུད་བྱུང་བ་མ་ཟད། སློབ་ཕྲུག་གི་སེམས་ལ་འཇིགས་སྣང་དང་སྲེད་ཞེན་བསྐྱེད་ཐབས་བྱས་པས། ཕྲུ་གུའི་འཚར་ལོངས་དང་ནུས་འདོན་ལ་གནོད་སྐྱོན་ཐེབས་པར་བརྟེན། ཐབས་ལམ་དེ་དགེ་རྒན་གྱིས་རྟོག་ཞིབ་དང་གདེང་འཇོག་གི་དགོས་དམིགས་སྒྲུབ་བྱེད་དུ་བེད་སྤྱོད་བྱེད་མི་རུང༌། དེ་ལས་ལྡོག་སྟེ། བྱམས་བརྩེ་ལྡན་པའི་སྒོ་ནས་དགེ་སློབ་ཀྱི་འབྲེལ་ལམ་བརྒྱུད་སློབ་སྦྱོང་གི་གྲུབ་འབྲས་ལ་རྟོག་ཞིབ་དང་གདེང་འཇོག་བྱེད་པའི་ཐབས་ལམ་ངེས་པར་བཀོལ་དགོས།

༦་༦    མཚུངས་བསྡུར་དང་འགྲན་སྡུར་ལ་བརྟེན་པའི་རྟོག་ཞིབ་སྤོང་བ།
    དེང་དུས་ཀྱི་སློབ་གྲྭ་ཁག་ཏུ་རྟོག་ཞིབ་དང་གདེང་འཇོག་ཕལ་ཆེ་བ་མཚུངས་སྡུར་དང་འགྲན་སྡུར་གྱི་ཐབས་ལམ་ལ་བརྟེན་ཡོད། བརྒྱུད་རིམ་འདིའི་ནང༌། སློབ་སྟོན་པ་ཚོས་ཕྲུ་གུའི་ཞེ་སྡང་དང༌། ཕྲག་དོག ཞུམ་པ། གྲགས་འདོད། སྲེད་པ། འཕྱ་བ་སོགས་ཉོན་མོངས་ཅན་གྱི་སེམས་ཚོར་བེད་སྤྱོད་བྱེད་ཀྱི་ཡོད། དེ་ལྟ་བུའི་ཐབས་ལམ་གྱི་བསམ་བློའི་གཞི་རྩ་ནི་བྱབྱརང་རྒྱལ་གཞན་ཕམ་བྱབྱལ་གཞི་བཅོལ་ཡོད་སྟབས། འགྲོ་བ་མིའི་སྤྱི་ཚོགས་སུ་དགོས་ངེས་ཀྱི་བྱམས་བརྩེ་དང༌། མཉམ་འབྲེལ་གྱི་འདུ་ཤེས་སྐྱེ་བའི་གེགས་སུ་གྱུར་ཏེ། སྤྱི་ཚོགས་དང་མི་སྒེར་ཁྲོད་སྡུག་བསྔལ་དང་རྙོག་ཟིང་གི་རྒྱུ་རུ་གྱུར། དེར་བརྟེན། རྟོག་ཞིབ་དང་གདེང་འཇོག་སྐབས་མཚུངས་སྡུར་དང་འགྲན་སྡུར་གྱི་རིགས་ངེས་པར་སྤོང་དགོས།
    ཡིན་ནའང༌། རྟོག་ཞིབ་དང་གདེང་འཇོག་ནི་སློབ་གསོའི་བརྒྱུད་རིམ་ཁྲོད་བྱུང་བའི་སློབ་མའི་ཤེས་སྤྱོད་ཀྱི་འགྱུར་བ་ལ་དཔྱད་ཞིབ་བྱ་རྒྱུ་དེ་ཡིན་སྟབས། སློབ་གཉེར་བ་བྱེ་བྲག་པ་སོ་སོའི་སྔ་ཕྱིའི་གནས་བབ་ལ་མཚུངས་སྡུར་གྱིས་ཉམས་ཞིབ་བྱ་རྒྱུ་ནི་དགོས་ངེས་ཀྱི་ཐབས་ལམ་ཞིག་ཡིན་ནོ། །

༦་༧     བོད་མིའི་དངོས་ཡོད་གནས་སྟངས་ལ་འཚམས་པའི་རྟོག་ཞིབ་ཐབས་ལམ་གསར་གཏོད།

    བཙན་བྱོལ་ནང་གནས་ཡུལ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་རྟོག་ཞིབ་ལམ་ལུགས་ལག་བསྟར་བྱས་པ་དེས་བོད་མིའི་དངོས་ཡོད་གནས་སྟངས་ལ་འཚམས་མིན་བྱུང་དང་འབྱུང་མུས་ལ་བརྟེན། གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང་སོ་སོས་བཙན་བྱོལ་བོད་མིའི་དངོས་ཡོད་གནས་སྟངས་ལ་འཚམས་པའི་རིག་ཚན་སོ་སོའི་རྟོག་ཞིབ་དང་གདེང་འཇོག་ལམ་སྲོལ་ཚད་ལྡན་གཏན་འབེབས་ཀྱིས་བསླབ་གཞིའི་ལྷན་ཐབས་སུ་སྦྱར་ཐབས་བྱ་དགོས།

མདུན་ཤོག

Menu