དགེ་རྒན་གྱི་གནས་ཚད་སྐོར།

༣་༡    མ་འོངས་པའི་སྤྱི་ཚོགས་གང་འདྲ་ཞིག་ཏུ་འགྱུར་མིན་ད་ལྟར་སྤྲད་པའི་ཤེས་ཡོན་གྱི་སྤུས་ཚད་ལ་རག་ལས་ཡོད་པ་དང༌། ཤེས་ཡོན་གྱི་སྤུས་ཚད་ལེགས་ཞན་དེའང་ད་ལྟའི་དགེ་རྒན་གྱི་སྤུས་ཚད་ལ་རག་ལས་ཡོད། དགེ་རྒན་ནི་སྤྱི་ཚོགས་ཀྱི་སྒུལ་ཤུགས་གཙོ་བོ་དེ་ཡིན་གཤིས། བོད་མི་སྤྱི་སྒེར་གཉིས་ཀྱིས་གཤིས་རྒྱུད་ལེགས་ཤིང་ཁྱད་ལས་ཀྱི་ཤེས་ཚད་ལྡན་པའི་དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་བྱ་བར་ཤུགས་སྣོན་རྒྱག་དགོས།
༣་༢    གཞི་རིམ་བར་མ་ནི་ཕྲུ་གུ་རྣམས་ཆེད་ལས་མདུན་ལམ་ཐོག་བསྐྱོད་པའི་སློབ་སྦྱོང་གི་འགག་སྒོ་ཐོག་མ་དེ་ཡིན་ཞིང༌། གཞི་རིམ་བར་མའི་དགེ་རྒན་རྣམས་ཤེས་ཚད་དང་བསམ་སྤྱོད་གང་ཅིར་ཚད་ལྡན་ཞིག་ཡོང་རྒྱུ་གལ་འགངས་ཧ་ཅང་ཆེ་བས། རིག་ཚན་སོ་སོའི་དགེ་རྒན་ཚད་ལྡན་གསོ་སྐྱོང་གི་ལས་དོན་ལ་ཤུགས་སྣོན་གྱིས་དགེ་རྒན་འོས་སྦྱོང་དང༌། ཟབ་སྦྱོང༌། ཞོར་སྦྱོང་སོགས་ལ་སློབ་ཡོན་དང་མཐུན་རྐྱེན་གཞན་ཅི་དགོས་འདང་ངེས་སྦྱོར་སྤྲོད་བྱ་དགོས།
༣་༣    དགེ་རྒན་གྱི་ལས་འགན་ནི་མི་རིགས་ཀྱི་བླ་སྲོག་རྒྱུན་འཛིན་དང་མི་རབས་རྗེས་མའི་ལས་དབང་ཐག་གཅོད་བྱེད་པའི་རླབས་ཆེན་གྱི་ལས་གནས་ཤིག་ཡིན་སྟབས། དགེ་རྒན་གྱི་ལས་གནས་དེ་འཚོ་ཐབས་སམ། གྲགས་འདོད། གླ་ལས་ལྟ་བུར་མི་འཛིན་པར་མི་ཚེ་ཧྲིལ་པོར་བསླབ་ལ་བརྩོན་ཞིང༌། སློབ་སྟོན་གྱི་ལས་འགན་ཐོག་རྩེ་གཅིག་ཏུ་འབུངས་མཁན་ཞིག་ཡོང་བའི་མཐུན་རྐྱེན་ངེས་པར་བསྐྲུན་རྒྱུ།
༣་༤    གཞི་རིམ་བར་མའི་དགེ་རྒན་རྣམས་རང་གི་ཆེད་ལས་སློབ་ཚན་ཐོག་ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པའི་གནས་ཚད་དང༌། དགེ་རྒན་འོས་སྦྱོང་ཚད་ལྡན་ཐོན་པའི་ཐོག བོད་ཡིག་བརྒྱུད་ལམ་ནས་སློབ་ཁྲིད་བྱེད་ཐུབ་པ་བཅས་ཀྱི་ཆ་རྐྱེན་ཚང་བར་བྱ་དགོས།
༣་༥    གཞི་རིམ་བར་མའི་སློབ་འཁྲིད་སྐབས་སློབ་མ་དབུས་བཞག་གི་ཐབས་བྱུས་ལག་ལེན་དོན་འཁེལ་ཡོང་ཆེད། གཞི་རིམ་བར་མའི་རིག་ཚན་སོ་སོའི་སློབ་ཁྲིད་ཀྱི་གཞི་རྩའི་ཁ་ཕྱོགས་དང༌། ཐབས་ལམ། དཀའ་འགྲེལ། ལག་ལེན་ལམ་སྟོན་བཅས་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང་སོ་སོས་གཏན་འབེབས་དགོས་རྒྱུ།

མདུན་ཤོག

Menu