༥༢༽ ཕྱི་ལོ་ ༢༠༠༡།༨།༢༧ ཉིན་སིམ་ལར་གནས་སྡོད་ཚེ་རིང་ནེ་གེ་ཅན་ལ་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ཤེས་པར་ཁང་པ་ཨང་ ༡༧༩ ༼ཁ༽པ་ཐོག་བརྩེགས་གཉིས་པ་ཆ་ཚང་དང་འོག་གི་ཚོང་ཁང་གཅིག་བཅས་ཧིན་སྒོར་ ༩༥༠༠༠༠།༠༠ དགུ་འབུམ་ལྔ་ཁྲི་ཐོག་སྤུས་ཚོང་བྱ་རྒྱུར་གཉིས་མོས་ཀྱི་གན་རྒྱ་བཞག
༥༣༽    ཕྱི་ལོ་ ༢༠༠༡།༩།༢༧ ཉིན་ཤེས་པར་འགན་འཛིན་ཟུང་དྲུང་སངས་རྒྱས་བྱམས་པ་ལགས་ཤེས་རིག་ལས་ཁུངས་དབུས་མར་ལས་བཅར་དགོས་པའི་གནས་སྤོས་བསྐོ་རྒྱ་དང༌། ཁོང་གི་ཚབ་ཏུ་དྲུང་གཞོན་ལྷག་པ་ཚེ་རིང་ལགས་བསྐོ་བཞག་གནང་སྟེ་ཕྱི་ལོ་ ༢༠༠༡།༡༠།༨ ཉིན་ལས་བཅར་དང་སྦྲགས་རྩིས་ལེན་རྩིས་སྤྲོད་གནང་དགོས་བཀའ་ཕེབས། ལྷག་པ་ཚེ་རིང་ལགས་དུས་ཐོག་ཕེབས་ཏེ་ལས་བཅར་ཞུས་པའི་རྗེས་སྐོུ་སངས་རྒྱས་བྱམས་པ་ལགས་གློ་བུར་དུ་སྙུང་བར་བརྟེན་ཕན་ཚུན་རྩིས་ལེན་རྩིས་སྤྲོད་མ་ཐུབ་པར་རྒྱུན་རིང་གནས་མཐར་སངས་རྒྱས་བྱམས་པ་ལགས་ཕྱི་ལོ་ ༢༠༠༢།༡།༡༦ ཉིན་ཚེ་ལས་འདས།
༥༤༽    ཕྱི་ལོ་ ༢༠༠༡།༡༢།༡༢ ཉིན་ཤེས་རིག་ལས་ཁུངས་ནས་ལྷག་པ་ཚེ་རིང་ལགས་ལ་དེ་གའི་འགན་འཛིན་སངས་རྒྱས་བྱམས་པ་ལགས་སྙུང་བཞིན་པར་བརྟེན། འགན་འཛིན་གསར་རྙིང་བར་རྩིས་སྤྲོད་ལེན་མ་ཟིན་བར་འགན་འཛིན་ལས་ཚབ་ཀྱི་ངོ་བོའི་ཐོག་ནས་འཛིན་སྐྱོང་ལས་དོན་འགན་འཁུར་འཐུས་ཚང་ཞུ་དགོས་ཞེས་བཀའ་ཕེབས་པ་ལྟར་ལས་འགན་བླངས།
༥༥༽    ཕྱི་ལོ་ ༢༠༠༡།༡།༢ ཉིན་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་ལྡི་ལི་ཤེས་པར་དུ་ཕེབས་ནས་གཟིགས་ཞིབ་དང་སྦྲགས་འགོ་ལས་ཡོངས་ལ། སླད་ཕྱིན་ཤེས་རིག་པར་ཁང་ལྟ་བུའི་ཚོང་གཉེར་སྒྲིག་འཛུགས་རྣམས་གཞུང་འཛིན་ལས་ཁུངས་འོག་ད་ལྟའི་གནས་སྟངས་ལྟར་རྒྱུན་རིང་འཇོག་འཆར་མེད་པའི་ཐག་གཅོད་ཟིན་པར་བརྟེན། ཤེས་པར་ལས་བྱེད་ཚོའི་ངོས་ནས་ཚང་འཛོམས་བགྲོ་གླེང་ལམ་ནས་རང་སྐྱོང་སྡེ་ཚན་དུ་གནས་རྒྱུ་ཡིན་ནམ་ཡང་ན་བོད་གཞུང་ཐད་ཀའི་འཛིན་སྐྱོང་འོག་གནས་རྒྱུ་ཇི་དགེའི་ཐད་གོ་བསྡུར་སྦྱང་བཤད་མཐིལ་ཕྱིན་བགྱིས་ཏེ་ཐག་གཅོད་ཇི་བྱུང་རང་གཞུང་བཀའ་ཤག་ཏུ་ཕྱི་ལོ་༢༠༠༢།༣ ཚེས་ཤར་ལ་འགན་འཛིན་ལྷག་པ་ཚེ་རིང་ལགས་དྷ་སར་བཀའ་ཤག་ཏུ་ངོ་བཅར་ཐོག་སྙན་སེང་ཞུ་དགོས་གསུངས་པ་ལྟར། ཕྱི་ལོ་༢༠༠༢།༡།༩ ཉིན་ལྡི་ལི་ཤེས་པར་དབུས་དང་ཡན་ལག་དྷ་ས་བལ་ཡུལ་བཅས་ལ་གོང་གསལ་གནད་དོན་ཐོག་བསམ་ཤོག་ཕྱོགས་བསྡོམས་འདི་གར་ཕྱི་ལོ་ ༢༠༠༢།༢།༢༠ འགྱངས་མེད་འབུལ་དགོས་གསལ་བསྒྲགས་བྱས།
༥༦༽    ཕྱི་ལོ་༢༠༠༢།༢།༢ ཉིན་གོང་རིམ་ནས་ཤེས་པར་འགན་འཛིན་དྲུང་གཞོན་ལྷག་པ་ཚེ་རིང་ལགས་ཏི་ཛུ་ས་གནས་འགོ་འཛིན་ལ་གནས་སྤོས་གནང་བར་བརྟེན། སྤྲོད་ཁྲ་ཐོ་གཞུང་ཇི་ཡོད་ཤེས་པར་དྲུང་ཆེ་བློ་བཟང་དཀོན་མཆོག་ལ་རྩིས་སྤྲོད་ཁམས་དྭངས་དགོས་ཞེས་བཀའ་ཕེབས་པ་ལྟར། ཕྱི་ལོ་ ༢༠༠༢།༣།༢༡ ཉིན་སྤྲོད་དཔང་དབུ་བཞུགས་ཐོག་རྩིས་ལེན་རྩིས་སྤྲོད་ཁམས་དྭངས་བྱས། སྐབས་དེར་ཤེས་པར་ལས་བྱེད་གྲངས་ལྔ་བཅུ་ཡོད།
༥༧༽    ཕྱི་ལོ་༢༠༠༢།༣།༢༢ ཉིན་ནས་བཟུང་བློ་བཟང་དཀོན་མཆོག་བག་དྲོས་ཤེས་རིག་པར་ཁང་གི་འགན་འཛིན་ལས་ཚབ་དང་དྲུང་ཆེ་གཅིག་ལྕོགས་ཀྱི་འགན་ཁུར་ཞུས།
༥༨༽    ཕྱི་ལོ་༢༠༠༢།༡༡།༡༤ ཉིན་ཤེས་རིག་པར་ཁང་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཞོན་ཤེས་རིག་དྲུང་ཆེ་མཆོག་ནས་ཤེས་པར་འགན་འཛིན་ལས་ཚབ་དང་དྲུང་ཆེ་གཅིག་ལྕོགས་བློ་བཟང་དཀོན་མཆོག་ལ་ཡིག་ངག་གཉིས་ཐོག་བཀོད་ཁྱབ་གནང་དོན། ཤེས་རིག་པར་ཁང་གི་མ་འོངས་འཛིན་སྐྱོང་གནས་སྟངས་སྐོར་བཀའ་ཤག་ནས་ཞིབ་འཇུག་དགོངས་བཞེས་གནང་མུས་ཐག་ཆོད་མ་བྱུང་བར་དེ་གའི་ལས་དོན་དང་འགྲོ་གྲོན་གཉིས་ཀ་འཆར་ཅན་བྱེད་སྒོ་ཙམ་ལས་དམིགས་བསལ་རིགས་གསར་རྩོམ་གསར་གཏོང་མ་དགོས་པ་དང༌། དེ་བཞིན་འདི་ནས་ཕྱི་ལོ་ ༢༠༠༢།༡༡།༦ འཁོད་གནས་སོང་བ་ལྟར་དབུས་དང་ཁྱབ་ཁོངས་ཡན་ལག་གང་དུ་ཡང་ལས་བྱེད་གསར་བསྐོ་མི་དགོས་པ་བྱ་རྒྱུ་གསུངས་པ་ལྟར་ལག་བསྟར་བྱས།
༥༩༽    ཕྱི་ལོ་༢༠༠༣།༣།༢༤ ཉིན་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ལྡི་ལི་ཤེས་པར་དུ་ཆིབས་བསྒྱུར་གྱིས་དགྱེས་བརྩེའི་བཀའ་སློབ་དང་སྤྱི་སྒེར་ཡོངས་ཀྱི་འགལ་རྐྱེན་མ་ལུས་པ་ཞི་ཞིང་མཐུན་རྐྱེན་ལེགས་ཚོགས་འཕེལ་བ། བསམ་དོན་ལྷུན་གྱིས་འགྲུབ་པའི་ཐུགས་སྨོན་སྐྱབས་འཇུག་གནང་བར་མ་ཟད། རྒྱལ་བའི་བཀའ་བསྟན་གསུང་རབ་བཞུགས་ཡུལ་དང་པར་སྐྲུན་ཁང༌། དེབ་བཟོ་ཁང་སོགས་ལ་སྤྱན་ཞིབ་ཐུགས་སྨོན་ཕྱག་ནས་བཀའ་དྲིན་ཆེ་བ་སྩལ།
༦༠༽    ཕྱི་ལོ་༢༠༠༣།༨།༡༠ ཉིན་ལྡི་ལི་ཤེས་རིག་པར་ཁང་དབུས་མར་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་དུ་གདན་ཞུས་ལྟར་ཕེབས་ཏེ། པར་ཁང་གི་རྟེན་གཞི་ཡོངས་ལ་གཟིགས་སྐོར་ཐུགས་ཞིབ་དང་ལས་བྱེད་ཡོངས་ལ་བཀའ་ཤག་གི་དགོངས་ཚུལ་དང་གཞུང་གི་ལས་དོན་བཅས་ཀྱི་ལམ་སྟོན་བཀའ་སློབ་སྩལ། ཤེས་པར་འགན་འཛིན་ལས་ཚབ་ནས་ཤེས་རིག་པར་ཁང་འདི་བཞིན་གཞུང་གི་ཐད་འཛིན་འོག་སྔར་ལྷག་ཡར་རྒྱས་ཚགས་ཚུད་ཡོང་ཐབས་ཀྱི་ཐག་གཅོད་འཕྲལ་མྱུར་གནང་སྐྱོང་ཡོང་བ་ཞེས་ཞུས།
༦༡༽    ཕྱི་ལོ་༢༠༠༤།༣།༡༧ ཉིན་ཤེས་པར་འགན་འཛིན་ལས་ཚབ་དང་དྲུང་ཆེ་གཅིག་ལྕོགས་བློ་བཟང་དཀོན་མཆོག་དང་དྷ་ས་ཤེས་པར་ཡན་ལག་འགན་འཛིན་ལས་ཚབ་རྣམ་རྒྱལ་སྒྲོལ་མ་གཉིས་ཀྱིས་ཤེས་པར་འགན་འཛིན་ལྷན་ཚོགས་ཀྱི་བཀའ་འཁྲོལ་ལྟར་སྐུ་སྒེར་ཡིག་ཚང་དུ་བཅར་ཏེ་ཤེས་པར་གྱི་འགལ་རྐྱེན་བར་ཆད་ཇི་ཡོད་ཞི་བའི་སྐྱབས་ཞུ་དང་མཉམ་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པོད་ ༡༠༠ ཐམ་པ་དང་བསྟན་འགྱུར་པོད་ ༢༡༣ ཅན་ན་བཟའ་གདོང་དར་རང་འགྲིགས་འབུལ་ལམ་ཞུས།
༦༢༽    ཕྱི་ལོ་ ༢༠༠༤།༤།༩ ཉིན་ཤེས་རིག་པར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཆོས་ཤེས་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་ནས་ཤེས་རིག་པར་ཁང་གི་འགན་འཛིན་ལས་ཚབ་བློ་བཟང་དཀོན་མཆོག་ལ་བསྐོ་རྒྱ་གནང་དོན་ལ། ཤེས་རིག་པར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཐོག་ནས་ཕྱི་ལོ་༢༠༠༤།༡།༡ ནས་བཟུང་སྐུ་ཉིད་ལ་ཤེས་རིག་པར་ཁང་གི་འགན་འཛིན་ངོ་མར་བསྐོ་གཞག་གནང་བ་ཡིན་ན། ལས་དོན་འགན་འཁུར་ཞུ་སྒོ་སྤྱི་དང༌། ལྷག་པར་ད་སྐབས་འཛིན་སྐྱོང་གི་གནས་སྟངས་མ་ངེས་པ་བར་བརྒལ་ལྟ་བུའི་རིང་ལས་དོན་དང་སྒྲིག་འཛུགས་གཉིས་ཀར་མཐུད་ཤོར་མི་འབྱུང་བ་དགོས་གལ་ཆེ་བས། དེ་དོན་ལྷག་བློ་ཆེ་བསྐྱེད་གནང་དགོས་ཞེས་གསལ། དེ་ནས་བཟུང་བློ་བཟང་དཀོན་མཆོག་ནས་ཤེས་པར་འགན་འཛིན་ངོ་མ་དང་དྲུང་ཆེ་གཅིག་ལྕོགས་ཀྱི་འགན་འཁུར་ཞུས།
༦༣༽    ཕྱི་ལོ་༢༠༠༥།༣།༨ ཉིན་བཀའ་དྲུང་ཡིག་ཚང་ནས་ཤེས་རིག་ལས་ཁུངས་དང་ངོ་བཤུས་ཤེས་རིག་པར་ཁང་ལ་བཀའ་ཡིག་གནང་བའི་ནང༌། ཤེས་རིག་པར་ཁང་གཞུང་འཛིན་ནམ། རང་སྐྱོང་སྡེ་ཚན་དུ་བསྒྱུར་རྒྱུ་ཅི་དགེ་ཆེད་འཛུགས་ཚོགས་ཆུང་གི་སྙན་ཞུ་སྔ་རྗེས་དང༌། པར་ཁང་གི་ད་ལྟའི་ལས་བྱེད་དང༌། དཔལ་འབྱོར་གནས་སྟངས། བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཀྱི་ངོ་བོ་བཅས་སྒོ་གང་ས་ནས་ཤེས་རིག་པར་ཁང་གཞུང་འཛིན་གནང་ཐབས་ཤིན་ཏུ་དཀའ་བས། དེ་ག་ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་སྟངས་འཛིན་འོག་རང་སྐྱོང་གི་གནས་བབ་ཅི་འདྲ་ཞིག་དེབ་སྐྱེལ་བྱས་པ་དགའ་མིན་དང༌། དེབ་སྐྱེལ་ལ་མཁོ་བའི་ཡིག་ཆ་ཁག་ཁྲིམས་རྩོད་པ་ཚད་ལྡན་བརྒྱུད་འཕྲལ་དུ་གོ་སྒྲིག་བྱ་དགོས། ཁྲིམས་མཐུན་སྒྲིག་འཛུགས་ཤིག་དེབ་སྐྱེལ་ཟིན་འཕྲལ་ཤེས་རིག་པར་ཁང་རང་སྐྱོང་ཅན་དུ་བསྒྱུར་རྒྱུ། ཁྲིམས་མཐུན་ལས་དོན་མ་ཟིན་བར་ད་ལྟའི་གནས་བབ་རྒྱུན་འཁྱོངས་བྱ་དགོས་ཞེས་བཀའ་ཕེབས།
༦༤༽    ཕྱི་ལོ་༢༠༠༥།༩།༢༠ ཉིན་ཤེས་པར་འགན་ལྷན་ཐེངས་༢༡ པའི་གྲོས་ཆོད་དགོངས་དོན་བཞིན་ཚོགས་ཆུང་ཟུར་འཛུགས་ཀྱིས་རིང་མིན་ཤེས་པར་གྱི་གནས་སྟངས་ལ་འཕོ་འགྱུར་འགྲོ་རྒྱུར་བརྟེན། རྩ་འཛིན་བྱ་བདེར་ཤེས་པར་སྒྲིག་གཞིའི་དོན་ཚན་འགར་བསྐྱར་བཅོས་དང་གསར་སྣོན་ཕྱིར་བསྡུ་རིགས་གནང་འོས་གནང་སྟེ་ཤེས་པར་འགན་ལྷན་ཐེངས་༢༣ ཕྱི་ལོ་༢༠༠༥།༨།༡༦ ཉིན་འཚོགས་སྐབས་གཏན་འབེབས་གནང་དོན་ལྟར། ཤེས་པར་ལས་བྱེད་ཡོངས་ཀྱིས་སྒྲིག་གསལ་འབྲུ་དོན་ཁག་ལ་བརྩི་བཀུར་དང་ཉམས་ལེན་ཚུལ་བཞིན་བྱེད་དགོས་པའི་བཀོད་ཁྱབ་དང་སྦྲགས་སྒྲིག་གཞི་དེབ་གསར་པར་བསྐྲུན་གྱིས་ལས་བྱེད་ཡོངས་ལ་གསལ་བསྒྲགས་འགྲེམས་སྤེལ་བྱས།
༦༥༽    ཕྱི་ལོ་༢༠༠༥།༡༡།༡༦ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་རྙིང་མའི་མགྲོན་ཁང་ནང་བཞུགས་ཚེ་རིང་དབྱངས་སྒྲོན་ལ་བོད་སྒར་བསམ་ཡས་གླིང་དུ་ཡོད་པའི་ཤེས་རིག་པར་ཁང་གི་ཁང་པ་ཨང་༡༧༩ ༼ཁ༽པ་ཐོག་བརྩེགས་དང་པོ་ཆ་ཚང་དང་འོག་གི་ཚོང་ཁང་གཅིག་བཅས་ཧིན་སྒོར་༨༨༥༠༠༠ ༼བརྒྱད་འབུམ་བརྒྱད་ཁྲི་ལྔ་སྟོང་༽ཐོག་ཤེས་པར་འགན་ལྷན་ཐེངས་བཅོ་བརྒྱད་པའི་གྲོས་ཆོད་ཨང་གཉིས་པ་ལྟར་སྤུས་ཚོང་ཞུས།
༦༦༽    ཕྱི་ལོ་༢༠༠༦།༠༡།༣༠ ཉིན་དྷ་ས་མེག་ལོར་ཤེས་རིག་པར་ཁང་གི་དཔེ་དེབ་ཚོང་ཁང་དུ་ཁང་གླའི་ཐོག་གཡར་ལེན་བྱས་པའི་དཔལ་འབྱོར་རབ་བརྟན་གྱི་ཁང་ཁུངས་ཨང་ ༢༣ ཅན་ཚད་གཞི་མི་ཊར་གྲུ་བཞི་བསྡོམས་ ༢༡།༣༥ ཡོད་པ་དེ་ཧིན་སྒོར་ ༣༤༡༦༠༠།༠༠ ༼གསུམ་འབུམ་བཞི་ཁྲི་ཆིག་སྟོང་དྲུག་བརྒྱ་༽ཐོག་ཤེས་རིག་པར་ཁང་གིས་སྤུས་ཉོ་བྱས།
༦༧༽    ཕྱི་ལོ་༢༠༠༦།༢།༢༢ ཉིན་ཤེས་པར་འགན་ལྷན་ཐེངས་ ༢༠ གྲོས་ཆོད་ཨང་གཉིས་པའི་ནང་གསལ། ཤེས་རིག་པར་ཁང་དེབ་སྐྱེལ་བྱ་ཕྱོགས་ཐད། བོད་ཕྲུག་གི་ཤེས་ཡོན་དང་བདེ་དོན་མ་དངུལ་ལྷན་ཚོགས་ཀྱི་ངོས་ནས་ཚོགས་པ་ཟུར་བཙུགས་བྱས་པ་ལྟ་བུ་མ་ཡིན་པར་ཤེས་པར་གྱི་ཚོགས་སྡེ་དེ་ཉིད་ཚོགས་པ་གསར་པ་ཞིག་གི་ངོ་བོར་དེབ་སྐྱེལ་བྱ་ཐབས་དགོས་རྒྱུར་ཐག་གཅོད་གནང༌། དེབ་སྐྱེལ་གྱི་ལས་དོན་ཁག་གྲུབ་མཚམས་ཤེས་རིག་དེབ་སྐྱེལ་ཚོགས་པའི་མིང་ཐོག་ཡོད་པའི་ས་ཁང་ཁག་རིམ་པས་ཁྲིམས་མཐུན་མིང་བསྒྱུར་གནང་ཐབས་གནང་རྒྱུ། དེབ་སྐྱེལ་བྱ་རྒྱུའི་ཚོགས་མིའི་ཐད་མི་གྲངས་བརྒྱད་དྲག་འདེམས་ཐག་གཅོད་བྱུང་བ་ལྟར་དེབ་སྐྱེལ་ཟིན་བྲིས་ཤེས་རིག་ལས་ཁུངས་སུ་འབུལ་ལམ་ཞུས། དེང་སྐབས་ཤེས་རིག་ལས་ཁུངས་ཀྱིས་འགན་འཁུར་གྱིས་དེབ་སྐྱེལ་བྱ་རྒྱུའི་ལས་རིམ་འགྲོ་བཞིན་ཡོད།
༦༨༽    དེ་སྔོན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཤེས་རིག་པར་ཁང་ལ་ཕྱི་ལོ་༡༩༩༩།༠༤།༡༡ ནས་བཟུང་ཕྱི་ལོ་༢༠༠༠།༠༧།༢༧ བར་སྤྲོད་ཐེངས་བཅུ་ཐོག་ཧིན་སྒོར་༡༣༨༡༠༠༠༠།༠༠ སྔ་འདོན་བུན་གཡར་གནང་བ་དེ་བཞིན་ཕྱི་ལོ་༢༠༠༣ ནས་ཕྱི་ལོ་༢༠༠༦ བར་འབུལ་ཐེངས་ལྔ་ཐོག་སྐྱིན་ཚབ་འཇལ་ཏེ་མཐར་ཕྱི་ལོ་ ༢༠༠༦།༣།༦ ཉིན་གོང་གསལ་སྔ་འདོན་དངུལ་བུན་ཆ་ཚང་རྩིས་འབུལ་ཞུ་ཐུབ་པ་བྱུང༌།
༦༩༽    ཕྱི་ལོ་༢༠༠༦།༥།༡༠ ཉིན་ཕྱི་ལོ་༡༩༩༥ ནས་བཟུང་སིམ་ལ་མངའ་སྡེའི་ཁྲིམས་ཁང་ནང་འགྲོ་བཞིན་པའི་དྷ་སའི་ཤེས་པར་ས་ཁང་གི་ཁ་མཆུ་དེ་བཞིན་ཐག་གཅོད་བྱུང་སྟེ་རྒྱལ་ཁ་རང་ཕྱོགས་ལ་ཐོབ་པའི་ཁྲིམས་ཁང་གི་དཔྱད་ཁྲ་ངོ་བཤུས་ཤོག་གྲངས་ ༢༤ ཅན་ཤེས་རིག་ལས་ཁུངས་ལ་འབུལ་ལམ་ཞུས། སིམ་ལ་མངའ་སྡེའི་ཁྲིམས་ཁང་གིས་ཐག་གཅོད་གནང་བ་དེར་གྱོ་ཡ་ཁ་གཏད་བློ་ཁ་མ་ཚིམ་པར་བསྐྱར་ནན་ཁྲིམས་དཔོན་གཉིས་ཐོག་ཕྱི་ལོ་༢༠༠༦།༡༡།༡༥ ཉིན་ཞུ་གཏུགས་བྱས། དེའི་ཐད་རང་གཞུང་གིས་དོ་ཁུར་དང་སྦྲགས་ཤེས་རིག་དྲུང་འཕར་དངོས་གྲུབ་རྡོ་རྗེ་ལགས་སུ་འགན་བསྐུར་གནང་བའི་རོགས་པར་ཤེས་པར་འགན་འཛིན་བློ་བཟང་དཀོན་མཆོག་ཆེད་བཅར་གྱིས་ཁྲིམས་གཏུགས་ལག་བསྟར་འགྲོ་མུས་ཡིན།
༧༠༽    ཕྱི་ལོ་༢༠༠༦།༩།༢༠ ཉིན་ཤེས་རིག་ལས་ཁུངས་ནས་བཀོད་ཁྱབ་གནང་གསལ། ལྡི་ལི་ཁུལ་གྱི་ཁྱིམ་ཚང་གནས་ཡུལ་ཁང་པའི་ནང༌། བཟོ་ལས་བྱེད་མི་ཆོག་པའི་ཁྲིམས་ཡིག་ལག་བསྟར་འགྲོ་བཞིན་པའི་ཐད། བཀའ་ཁྲི་མཆོག་ལ་ལམ་སྟོན་བཀའ་སློབ་ཞུས་པའི་ཕྱིར་ཕེབས་སུ། ད་ལྟ་ཁྲིམས་ཉེས་མ་ཕོག་པ་དང་རྟོགས་ཞིབ་འོག་མ་ཚུད་པའི་གོ་སྐབས་དམ་འཛིན་གནང་སྟེ་ཡུལ་ཁྲིམས་དང་འགལ་བའི་ལས་དོན་ཐམས་ཅད་འཕྲལ་དུ་མཚམས་འཇོག་གནང་དགོས་གསུངས་པ་ལྟར། ཤེས་པར་གྱི་པར་བསྐྲུན་སྡེ་ཚན་གྱི་ལས་ཀ་པར་བསྐྲུན་འཕྲུལ་ཆས་གཉིས་དང༌། དཔེ་དེབ་གཅོད་གཏུབ་ཀྱི་འཕྲུལ་ཆས་གཅིག ལྕགས་ཤོག་ཕྱིར་འདོན་ འཕྲུལ་ཆས་གཅིག དཔེ་དེབ་བཟོ་རྒྱུ་བཅས་མཚམས་འཇོག་བྱས་ཏེ། དེང་སྐབས་ལས་དོན་དེ་རིགས་རྒྱ་གར་གྱི་དཔེ་དེབ་པར་འདེབས་མཁན་ལ་སྤྲོད་བཞིན་ཡོད། པར་བསྐྲུན་སྡེ་ཚན་ལས་མཚམས་འཇོག་སྐབས་རྒྱ་གར་ལས་བྱེད་གྲངས་བརྒྱད་ཡོད་པ་རྣམས་ཀྱི་དཀའ་རྙོག་ལབ་གླེང་མང་ཙམ་བཤད་ཀྱང་རིང་པོར་མ་སོང་བར་ལྷིང་འཇགས་བྱུང༌། དེང་སྐབས་པར་འདེབས་དང་དེབ་བཟོ་རྒྱ་གར་པར་ཁང་ལ་སྤྲོད་དགོས་པ་མ་ཟད་འོར་འདྲེན་འགྲོ་སོང་འཕར་མ་སྤྲོད་དགོས་ཀྱི་དཀའ་ངལ་ནང་གནས།
༧༡༽    བོད་གཞུང་ཤེས་རིག་ལས་ཁུངས་ནས་རྩ་འཛིན་བཀོད་ཁྱབ་ཕྱག་བྲིས་ཕྱི་ལོ་༢༠༠༧།༢།༨ འཁོད་པ་ཞིག་གནང་བའི་ནང༌། བར་ལམ་ལོ་ཤས་ནང་ཤེས་རིག་པར་ཁང་གི་སྒྲིག་འཛུགས་གནས་སྟངས་སྐོར་དེ་གའི་འགོ་ལས་ཐུན་མོང་ནས་རང་གཞུང་ལ་སྙན་ཞུ་རིམ་པར་ཕུལ་བ་དང༌། རང་གཞུང་ནས་རྩ་བའི་ལམ་སྟོན་དང་སྦྲགས་ཞིབ་འཇུག་ཚོགས་ཆུང་སྔ་རྟིང་གཉིས་བསྐོ་འཛུགས་གནང་བ་སོགས་ཀྱི་བརྒྱུད་རིམ་ཅི་བྱུང་བློ་མངའ་ལྟར་ཡིན། བརྒྱུད་རིམ་དེ་དག་ཐམས་ཅད་ཀྱི་མཐར་དཔལ་ལྡན་རང་གཞུང་བཀའ་ཤག་མཆོག་ནས་ཐག་གཅོད་གཏན་འབེབས་གནང་དོན་དུ། ཆེད་བཙུགས་ཚོགས་ཆུང་གཉིས་པས་བཀའ་ཤག་ཏུ་ཕུལ་བའི་སྙན་ཐོའི་རྒྱབ་གཉེར་ལྟར། ད་ལྟའི་ཤེས་རིག་པར་ཁང་གི་སྒྲིག་འཛུགས་འདི་བཞིན་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་སྒྲིག་གཞིའི་ཆ་རྐྱེན་འོག་ནས་འཛིན་སྐྱོང་དབང་བྱུས་འོག་ཡོད་པའི་རང་སྐྱོང་སྡེ་ཚན་གྱི་ངོ་བོར་བསྒྱུར་རྒྱུ་དང༌། ཤེས་རིག་ལས་ཁུངས་ནས་དེ་ལྟར་ལག་བསྟར་གནང་ཕྱོགས་དགོས་རྒྱུ་ཞེས་ཕེབས་ཡོད། གནད་དོན་འདི་སྐོར་ཤེས་པར་འགན་ལྷན་ཐེངས་༢༦ པ་བསྐྱངས་པའི་སར་ངོ་སྤྲོད་གསལ་བསྒྲགས་སོང་བ་ལྟར་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༢༠༠༧།༢།༨ འཁོད་པ་ཤེས་པར་ལ་བཀོད་ཁྱབ་རྩ་འཛིན་དོན་ཚན་ལྔ་ཅན་གནང་ཡོད་སོགས་གསལ་བ་ལྟར། མཐར་ཤེས་རིག་པར་ཁང་འདི་བཞིན་འདི་གའི་པར་ཁང་གི་འགོ་ལས་ཡོངས་ཀྱི་བསམ་འདུན་བཞིན་གཞུང་གི་དབང་བྱུས་འོག་ཡོད་པའི་རང་སྐྱོང་སྡེ་ཚན་ཞིག་གི་ངོ་བོར་གནས་ཐུབ་པ་བྱུང༌།
༧༢༽    ཕྱི་ལོ་༢༠༠༧།༩།༡༥ ཉིན་ཤེས་རིག་ལས་ཁུངས་ནས་ཕྱག་བྲིས་བཀའ་ཕེབས་ནང༌། ད་ལམ་བཀོད་ཁྱབ་བྱ་རྒྱུར། དེ་གའི་འགན་འཛིན་གང་ཉིད་དང་པར་བསྐྲུན་འགན་འཛིན་བསོད་ནམས་ཚེ་རིང་གཉིས་ནས་འགན་འཁུར་གྱིས་ས་གནས་ཀྱི་གྲོས་འདྲི་བྱ་ཡུལ་སུ་རུང་ཞིག་ལ་བརྟེན་ཏེ། ལྡི་ལིའི་མངའ་ཁོངས་བཟོ་ལས་ས་ཁུལ་གང་རུང་གི་ནང་ཤེས་རིག་པར་ཁང་གི་ལས་དོན་དགོས་མཁོར་འཚམ་པའི་ས་ཁང་གི་རྟེན་གཞི་འོས་མཐུན་ཞིག་ཉོ་སྒྲུབ་བམ། གསར་བསྐྲུན། གླ་གཡར་བཅས་བྱ་དམིགས་ཇི་ཡོད་ཞིབ་འཚོལ་གནང་རྒྱུ་དང༌། ཕྱི་ལོ་༢༠༠༧།༡༡།༣༠ ནང་ཚུད་འདི་གར་དེ་སྐོར་སྙན་ཐོ་དང་འཆར་གཞི་འབུལ་དགོས། དེ་དང་ལྷན་ཅིག་ད་ཡོད་ཁང་རྟེན་གཉིས་པོའི་ཁང་མིག་རྒྱ་ཁྱོན་ཅི་ཡོད་རྣམས་ད་བར་མཁོ་སྤྱོད་བྱེད་ཚུལ་ཇི་ཡིན་ཞིབ་གསལ་སྟོན་པའི་པར་རིས་ས་བཀྲ་དང་གྲངས་ཐོ་བཅས་འདི་གར་གང་མགྱོགས་ཟུར་འབུལ་གནང་དགོས་གསུངས་པ་ལྟར། ཤེས་རིག་པར་ཁང་ནས་ཕྱི་ལོ་ ༢༠༠༧།༡༠།༢༤ ཉིན་ཁང་རྟེན་གཉིས་པོའི་ཁང་མིག་རྒྱ་ཁྱོན་པར་རི་ས་བཀྲ་དང་དེའི་བེད་སྤྱོད་བྱེད་ཡུལ་གྱི་འགྲེལ་བརྗོད་ཞིབ་ཁྲ་བཅས་འབུལ་ལམ་ཞུས། དེ་རྗེས་ཕྱི་ལོ་༢༠༠༧།༡༡།༡༩ ཉིན་གོང་གསལ་བཀའ་ཕེབས་ལྟར། པར་བསྐྲུན་འཕྲུལ་ཆས་འཛུགས་འཇོག་དང་དེབ་བཟོ་བཅས་ཀྱི་ས་ཁང་འཆར་རྩིས་ཞིབ་ཁྲ་ཤེས་རིག་ལས་ཁུངས་སུ་ཕུལ་ཏེ་ད་ལྟ་བརྒྱུད་རིམ་འགྲིམས་མུས་སུ་ཡོད།
༧༣༽    ལྡི་ལི་བོད་གཞུང་ཤེས་རིག་པར་ཁང་གི་ཧིན་སྒོར་ལྔ་འབུམ་ལྔ་ཁྲི་ལྡི་ལི་ཤོག་ཚོང་ཇོ་ཏི་པར་སད་ཨིན་དར་སེན་ལྗན་ལ་ཤོག་བུའི་ཉོ་ཆེད་སྔ་འདོན་ཤོར་བའི་རྩོད་རྙོག་དེ་བཞིན་ཕྱི་ལོ་༡༩༩༧ ནས་ལྡི་ལི་ཁྲིམས་ཁང་དུ་གཏུགས་བཤེར་བྱས་མཐར་ཕྱི་ལོ་ ༢༠༠༨།༢།༡༤ ཉིན་ཁྲིམས་རྩོད་ཕན་ཚུན་དབར་མཐའ་མའི་རྩོད་བཤད་བྱས་མཇུག་ཕྱི་ལོ་ ༢༠༠༨།༣།༡ ཉིན་ཁྲིམས་དཔོན་མཆོག་ནས་ཁ་མཆུ་ཐག་གཅོད་གནང་བ་མ་ཟད་རྒྱལ་ཁ་ཤེས་པར་ལ་ཐོབ་པའི་བཀའ་དཔྱད་གནང༌། ཁ་མཆུའི་བཅད་ཁྲ་སོགས་ཡིག་ཆ་ཤོག་གྲངས་ ༤༡ ཅན་ཤེས་རིག་ལས་ཁུངས་དང་འགན་འཛིན་ལྷན་ཚོགས་སུ་སྤྱན་འབུལ་སྙན་སེང་ཞུས།
༧༤༽    བོད་གཞུང་ཤེས་རིག་པར་ཁང་ནས་ལོ་རེར་གཙང་ཁེ་བརྒྱ་ཆའི་འབབས་རང་གཞུང་པར་འབྱོར་ལས་ཁུངས་ལ་ཕྱི་ལོ་ ༡༩༨༢ ནས་ཕྱི་ལོ་༢༠༠༨།༣།༣༡ བར་སྒོར༌༥༩༡༠༧༨༢།༩༨ འབུལ་ལམ་ཞུས་ཤིང་དེ་རྗེས་ཀྱང་གཙང་ཁེའི་འབབ་སྒྲིག་གཞིའི་དགོངས་དོན་ལྟར་འབུལ་བཞིན་ཡོད།
༧༥༽ ད་ལྟ་ཕྱི་ལོ་ ༢༠༠༨།༩།༡༥ བར་བོད་གཞུང་ཤེས་རིག་པར་ཁང་གི་གནས་སྟངས་ནི།
    ཀ༽    མཐར་བོད་གཞུང་ཤེས་རིག་པར་ཁང་དེ་བཞིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་དབང་བྱུས་འོག་ཡོད་པའི་རང་སྐྱོང་སྡེ་ཚན་ཞིག་ཆགས་ཡོད་པ།
    ཁ༽    བོད་གཞུང་ཤེས་རིག་པར་ཁང་གི་ལས་ཁུངས་དབུས་ལྡི་ལི་དང་ཡན་ལག་དྷ་ས་དང་བལ་ཡུལ་བཅས་སུ་ཡོད་པར་འགོ་ལས་མི་གྲངས་ ༣༣ ཡོད།
    ག༽    འཛུགས་བསྐྲུན་ཐད། ལྡི་ལི་ཤེས་པར་དབུས་ལ། ཁང་པ་ཨང་ ༢༧ དང༌། ༢༨ ཐོག་བརྩེགས་ལྔ་ཅན་གཉིས་ཡོད་པའི་ནང༌། ༡༽ ལས་ཁུངས་ཆ་ཚང༌། ༢༽ ལས་ཤག་ཆ་ཚང༌། ༣༽ དཔེ་དེབ་དང་ཤོག་བུའི་དོ་ཁང༌། ༤༽ ཕྱིར་གཏོང་སྡེ་ཚན་བཅས་ཡོད། ༥༽ ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་དཔེ་དེབ་ཚོང་ཁང་དང་ལས་ཤག་བཅས་ཡོད། ༦༽ དྷ་སར་ཤེས་པར་ཡན་ལག་ལས་ཁུངས་ཆ་ཚང༌། ༧༽ ལས་ཤག་ཆ་ཚང༌། ༨༽ དཔེ་དེབ་དོ་ཁང་ཆ་ཚང༌། ༩༽ ཕྱིར་གཏོང་སྡེ་ཚན། ༡༠༽ མ་འོངས་འཛུགས་སྐྲུན་ལ་མཁོ་བའི་ས་སྟོང་ཆེ་ཙམ་ཡོད། ༡༡༽ དྷ་སྟེང་མེག་ལོར་ལ་ཤེས་པར་དཔེ་དེབ་ཚོང་ཁང་ཡོད། ༡༢༽ བལ་ཡུལ་ཤེས་པར་ཡན་ལག་ལས་ཁུངས། ༡༣༽ ལས་ཤག ༡༤༽ དཔེ་དེབ་དོ་ཁང༌། ༡༥༽ ས་སྟོང་ཡང་ཆུང་ཙམ་ཡོད། ༡༦༽ བལ་ཡུལ་མཆོད་རྟེན་འགྲམ་སྐྱིད་གྲོང་བསམ་གཏན་གླིང་གྲྭ་ཚང་དུ་ཤེས་པར་དཔེ་དེབ་ཚོང་ཁང་བཅས་ཡོད། གོང་གསལ་ཁོངས་ནས་བལ་ཡུལ་དཔེ་དེབ་ཚོང་ཁང་གཅིག་པུ་ཁང་གླའི་ཐོག་ཡོད་པ་ལས་ས་ཁང་ཆ་ཚང་ཤེས་པར་རང་ཉིད་ཀྱི་བདག་ཐོབ་ཡིན།
    ཅ༽    ཆོས་དང་རིག་གཞུང་གི་གཞི་རྩ་གཙོ་བོ་གཞི་རིམ་སློབ་གྲྭ་ཁག་ཡིན་པར་སོང༌། སྔོན་འགྲོ་དང་པོ་ནས་འཛིན་གྲྭ་བཅུ་གཉིས་བར་བོད་ཡིག་སློབ་དེབ་ཡོངས་རྫོགས་ཤེས་རིག་ལས་ཁུངས་ཀྱི་བཀའ་ཕེབས་ལྟར་ཤེས་པར་ནས་པར་བསྐྲུན་དང་མཁོ་གཏོང་ལོ་ལྟར་ཞུས་དང་ཞུ་མུས་ཡིན། དེ་བཞིན་བོད་ཀྱི་ཆོས་རིག་ལ་དོ་སྣང་ཅན་དང༌། དད་ལྡན་ཕྱི་ནང་མི་རིགས་རྣམས་ཀྱི་རེ་འདུན་ཆ་ཙམ་སྐོང་ཆེད། འདི་ག་ཤེས་པར་ནས་རྒྱལ་བའི་བཀའ་འགྱུར་དང་དེའི་དགོངས་འགྲེལ་བསྟན་འགྱུར་གྱིས་གཙོས་དཔེ་དེབ་ཁག་གོང་གསལ་ལྟར་པར་བསྐྲུན་ཐོག་བླུ་ཡོན་འོས་འཚམས་ཐོག་ནས་འགྲེམ་སྤེལ་ཞུ་བཞིན་ཡོད།
    ཆ༽    རང་གཞུང་ཤེས་རིག་རྩོམ་སྒྲིག་སྡེ་ཚན་ནས་ཕ་ཡུལ་ཤེས་བྱའི་བང་མཛོད་ཀྱི་པར་རྩ་ཟླ་རེར་འདི་གར་གནང་གི་ཡོད་པ་ལྟར། ཤེས་པར་ནས་པར་བསྐྲུན་དང་འགྲེམས་སྤེལ་ཟླ་རེ་བཞིན་ཆག་མེད་ཞུ་མུས་ཡིན།

གསལ་བཤད།
        ལོ་རྒྱུས་འདི་བཞིན་ཤེས་རིག་པར་ཁང་གི་འགན་འཛིན་བློ་བཟང་དཀོན་མཆོག་ལགས་སུ་རེ་སྐུལ་ཞུས་པ་ལྟར་ཁོང་གིས་ཡིག་འབྲེལ་རྙིང་པ་ཁག་དང་ཤེས་པར་འགན་ལྷན་ཡིག་ཆ། ལས་བྱེད་རྙིང་གྲས་འཚོ་བཞུགས་བཅས་ལ་གོ་བསྡུར་གྱིས་ས་བོན་བྲིས་ཏེ་འདི་གར་ཕུལ་བའི་ཐོག་ཕྲན་རྩོམ་སྒྲིག་པས་ཤེས་རིག་གི་ཡིག་ཆ་ཁག་དང་བསྡུར་ཏེ་སྣོན་འཕྲི་དག་བཅོས་གང་ཐུབ་ཞུས་རྗེས་གཟིགས་བདེ་དང་རྟོགས་བདེའི་ལུགས་སུ་བཀོད་པ་ལགས།། །།

Menu