༢༠༽    ཕྱི་ལོ་ ༡༩༩༢ ལོར་རང་གཞུང་བཀའ་ཤག་གིས་བོད་ནས་གསར་འབྱོར་སྣེ་ལེན་མགྲོན་ཁང་གསར་རྒྱག་མཛད་སྐབས་ཨར་པོའི་ཞལ་འདེབས་འབོད་བསྐུལ་གནང་བ་ལྟར་ཤེས་རིག་པར་ཁང་གིས་ཧིན་སྒོར་ ༣༠༠༠༠༠།༠༠ གསུམ་འབུམ་ཕུལ།
༢༡༽ ཕྱི་ལོ་༡༩༩༤།༤།༡༧ ཉིན་ཤེས་པར་འགན་འཛིན་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་གོང་རིམ་ལ་སྙན་ཞུ་ཕུལ་ཏེ། ད་ཆ་རང་ཉིད་ལོ་ན་༧༥ ལ་སླེབས་ཏེ་ནད་གཅོང་ལ་སོང་འགན་འཛིན་གསར་པ་བསྐོ་བཞག་ཡོང་བ་ཞེས་ཞུས་པར། ༡༩༩༥།༡།༢༤ ཉིན་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་མཚན་ཐོག་ནས་བཀོད་ཁྱབ་སྩལ་བའི་ནང་འགན་འཛིན་བློ་ཚུལ་གྱིས་ཞབས་འདེགས་གཟེངས་ཐོན་གནང་བར་བསྔགས་བརྗོད་དང་སྦྲགས་འགན་འཛིན་གསར་པ་ཕེབས་སྐབས། དབུ་འཛིན་དང་དྲུང་ཆེ་སོགས་སྤྱི་སྲོལ་དང་མཐུན་པའི་སྒྲིག་འཛུགས་ཀྱི་རིམ་པ་ཚད་ལྡན་ཡར་རྒྱས་དགོས་པས། དེའི་ཆེད་བསམ་གཞིགས་དགོས། དྲུང་ཆེ་ཞིག་རིང་མིན་བསྐོ་བཞག་གནང་རྒྱུ་ཡིན་སོགས་གསུངས།
༢༢༽ ཕྱི་ལོ་༡༩༩༥།༢།༡༤ ཉིན་ཤེས་རིག་ལས་ཁུངས་ཀྱིས་བཀོད་ཁྱབ་གནང་སྟེ། བློ་བཟང་དཀོན་མཆོག་ལགས་ཕྱི་ལོ་ ༡༩༩༥།༢།༡༧ ནས་ཤེས་རིག་པར་ཁང་གི་དྲུང་ཆེར་བསྐོ་བཞག་བྱས།
༢༣༽ ཕྱི་ལོ་༡༩༩༥།༤།༢༡ ཉིན་ཤེས་རིག་ལས་ཁུངས་ཀྱིས་ཤེས་པར་འགན་འཛིན་ལ་བཀའ་ཡིག་གནང་བའི་ནང༌། ཕྱི་ལོ་ ༡༩༩༥།༤།༡༣ ཉིན་སྐུ་ཉིད་མི་རྗེ་ཤེས་རིག་བཀའ་བློན་ལྕམ་རིན་ཆེན་མཁའ་འགྲོ་མཆོག་ངོ་མཇལ་བཀའ་བསྡུར་བྱུང་བ་ལྟར། སྐུ་ཉིད་དགོངས་ཞུའི་ཚབ་གསར་མི་འགྲོ་འོས་ཆོས་ལྡན་པ་ཞིག་ཤེས་རིག་ནས་གོ་སྒྲིག་གནང་དགོས་ལ་སོང༌། ད་ཡོད་དེ་གའི་ལས་བྱེད་ཁོངས་ནས་ལོ་མང་ཞབས་ཞུའི་ཉམས་མྱོང་དང༌། ལྷག་བསམ་ཤེས་ཚད་སོགས་ལས་འགན་ཐེག་ངེས་མི་འགྲོ་ཇི་ཡོད་ནང་དོན་འོས་མིའི་མིང་ཐོ་འདི་ལྷན་གྱི་དགོངས་པའི་དཔྱད་གཞིར་ཕྱི་ལོ་༡༩༩༥།༤།༢༦ འགྱངས་མེད་འདི་གར་ཡིག་ཐོག་འབུལ་འབྱོར་ཐུབ་པ་གནང་དགོས་པ་དང༌། དེ་ནས་ཕུལ་བའི་འོས་མི་གང་ཞིག་ཐོག་བསྐོ་བཞག་གནང་འོས་གྱུར་ཚེ་སྒྲིག་གཞི་དགོངས་དོན་ཟླ་དྲུག་ཚོད་བལྟའི་ཐོག་བསྐོ་བཞག་གནང་རྒྱུ་དང༌། དེ་མིན་འདི་ལྷན་ནས་འོས་ཆོས་ལྡན་ངེས་ཐབས་འཚོལ་འདེམས་སྒྲུག་གིས་བསྐོ་བཞག་གནང་རྒྱུ་ཡིན་ཅེས་འཁོད།
༢༤༽ ཕྱི་ལོ་ ༡༩༩༥།༥།༡༦ ཉིན་ཤེས་རིག་ལས་ཁུངས་ཀྱིས་ཤེས་རིག་པར་ཁང་གི་ལས་བྱེད་པདྨ་རྒྱལ་པོ་ལགས་སུ་བསྐོ་རྒྱ་གནང་བའི་ནང༌། དེ་ག་ཤེས་རིག་པར་ཁང་གི་འགན་འཛིན་བློ་བཟང་ཚུལ་ཁྲིམས་ལགས་དགོངས་པ་ཞུས་འཁྲོལ་ཚབ་གསར་དྲག་གྲས་ཤིག་དགོས་གལ་ཁྱེད་ཉིད་ཤེས་རིག་པར་ཁང་ནང་ལོ་མང་ཞབས་ཞུ་དང༌། ཕྱི་ཕྱོགས་འབྲེལ་གཏུགས་བྱེད་སྒོའི་ཉམས་མྱོང་སོགས་ཡོད་པར་དགོངས་བཞེས་ཀྱིས་ཤེས་རིག་པར་ཁང་འགན་འཛིན་གྱི་ལས་འགན་ལོ་གཅིག་རིང་ཚོད་ལྟའི་ཐོག་བསྐོ་བཞག་གནང་བ་ཡིན་ན། དེ་གའི་ཕྱི་ནང་འཛིན་སྐྱོང་ཐོག་སྔར་ལས་ཚགས་ཚུད་འབྱུང་ཐབས་ལྷག་བློ་ཆེ་སྐྱེད་དགོས་རྒྱུ་དང༌། རྩིས་སྤྲོད་ལེན་ཐད་ཕྱི་ལོ་༡༩༩༥།༦།༩ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༣༠ ཚུན་རྩིས་སྤྲོད་ལེན་བྱེད་སྒོ་གད་གཙང་མཇུག་སྒྲིལ་ཐུབ་པ་དགོས་རྒྱུ་ཅེས་གསུངས།
༢༥༽    ཕྱི་ལོ་ ༡༩༩༥།༨།༣༡ ཉིན་འགན་འཛིན་གསར་རྙིང་གཉིས་ཀ་དྷ་ས་ཤེས་རིག་པར་ཁང་དབུས་དང་ཡན་ལག་སོ་སོར་ངོ་ཕེབས་ཐོག་ཕན་ཚུན་སྤྲོད་དཔང་དབུ་བཞུགས་ཀྱིས་རྩིས་ལེན་རྩིས་སྤྲོད་ཁམས་དྭངས་ཞུས། སྐབས་དེར་དོན་གནས་གསུམ་ཐོག་དཀའ་ངལ་ཡོད་པ་གཤམ་གསལ།
    ཀ༽ ཕྱི་ལོ་༡༩༩༣།༡༢།༣ ནང་དྷ་རམ་ས་ལའི་ཤེས་རིག་པར་ཁང་གི་ས་ཁང་དེ་དག་ཚོང་བསྒྱུར་བྱེད་མཁན་དེར་བདག་དབང་མེད་པར་གཞན་ཞིག་ལ་ཡོད་ཚུལ་གྱིས་ཕྱི་ལོ་༡༩༩༤ ཟླ་དྲུག་པའི་ནང་སིམ་ལ་མངའ་སྡེའི་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱས་པ་དང༌། ད་ལྟའང་ཁྲིམས་ཁང་དུ་ཁ་མཆུ་འགྲོ་མུས་སུ་ཡོད།
    ཁ༽ པ་ལམ་པུར་ཁྲལ་བསྡུ་ལས་ཁུངས་ནས་ཕྱི་ལོ་༡༩༩༥།༡།༡༣ འཁོད་ཡི་གེ་འབྱོར་གསལ། ཤེས་པར་འགྲོ་གྲོན་ཡོང་ཁུངས་ཇི་ཡོད་ཁྲལ་བསྡུ་ལས་ཁུངས་ཀྱི་འཛིན་སྐྱོང་ཁོངས་ཚུད་ཡོད་ངེས་ཀྱང༌། འདི་གར་ཕྱི་ལོ་༡༩༩༥།༢།༡༠ འགྱངས་མེད་ཡིག་ཆ་ཁག་འཁྱེར་ཏེ་འགྲེལ་བརྗོད་ཁ་གསལ་དགོས་ལུགས་གསལ་བ་ལྟར། དུས་ཐོག་གསལ་བཤད་ཆེད་བཅར་ཡང་དོ་བདག་བཀའ་འགུག་གནང་མཁན་མ་བཞུགས་སྟབས། ཤེས་རིག་པར་ཁང་གིས་ཕྱི་ལོ་ ༡༩༩༥།༢།༡༠ འཁོད་པའི་སྙན་ཞུ་ཞིག་ཕུལ་ཡོད་པར་མ་འོངས་པར་རང་ཕྱོགས་ནས་མ་ལན་མ་འགྱོད་ཆེད་རང་གཞུང་ཤེས་རིག་ལས་ཁུངས་དང་དབུས་རྩིས་ཞིབ་བཅས་སུ་གོ་བསྡུར་གྱིས་ཡིག་ཆ་མཁོ་སྒྲུབ་བྱེད་མུས་ཡིན།
    ག༽ ཕྱི་ལོ་ ༡༩༩༥ ནང་ལྡི་ལི་ཤོག་ཚོང་ཇོ་ཏི་པར་སད་ལ་སྔ་འདོན་སྒོར་འབུམ་ལྔ་དང་ཕྱེད་ཀ་ཤོར་བ་ཤོག་བུ་དང་དངུལ་གང་རུང་རག་ཐབས་བཀའ་མོལ་འགྲོ་བཞིན་ཡོད།འབྲེལ་ཡོད་ཡིག་ཆ་ལྟར་ན། ཕྱི་ལོ་ ༡༩༩༥།༨།༣༡ ནང་ཤེས་རིག་པར་ཁང་དུ་ལས་བྱེད་གྲངས་ ༢༦ ཡོད།
༢༦༽    ཕྱི་ལོ་ ༡༩༩༥།༩།༡ ཉིན་ནས་ཤེས་པར་འགན་འཛིན་ལས་ཚབ་པདྨ་རྒྱལ་པོ་ལགས་ཀྱིས་འགན་འཁུར་ཞུས་ཤིང༌། ཁོང་གིས་ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་ལྟར་ཤེས་རིག་པར་ཁང་གི་སྒྲིག་གཞི་ཞིག་གསར་སྒྲིག་གནང་བ་དེར་ཤེས་རིག་ལས་ཁུངས་ཀྱིས་སྣོན་འཕྲི་གནང་འོས་གནང་སྟེ་སྔ་འཕྲོས་གཏན་འབེབས་གནང༌། དེའི་གོང་སྒྲིག་གཞི་མེད་པ་མིན།
༢༧༽ བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་ལྟར་ཤེས་རིག་པར་ཁང་གི་འགན་འཛིན་ལྷན་ཚོགས་གསར་འཛུགས་ཀྱིས་ཚོགས་ཐེངས་དང་པོ་དེ་ཕྱི་ལོ་ ༡༩༩༦ ཟླ་བ་ ༧ ཚེས་ ༢༤ ཉིན་ཤེས་རིག་པར་ཁང་དུ་བསྐྱངས་པའི་གྲུབ་ཆ་གཤམ་གསལ།
        ཀ༽ ཚོགས་གཙོ་ཤེས་རིག་བཀའ་བློན་རིན་ཆེན་མཁའ་འགྲོ་མཆོག
        ཁ༽ ཚོགས་གཞོན་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་མཆོག
        ག༽ དྲུང་ཆེ་ཤེས་པར་འགན་འཛིན་ལས་ཚབ་པདྨ་རྒྱལ་པོ་ལགས།
        ང༽ ཚོགས་མི་ཤེས་རིག་དྲུང་གཞོན་རི་ཁ་ལགས།
        ཅ༽ ཚོགས་མི་ཤེས་རིག་རྩིས་པ་བསོད་ནམས་ཚེ་རིང་ལགས།
        ཆ༽ ཚོགས་མི་ཤེས་པར་དྲུང་ཆེ་བློ་བཟང་དཀོན་མཆོག་ལགས།
        ཇ༽ ཚོགས་མི་ཤེས་པར་པར་བསྐྲུན་འགན་འཛིན་སྦྱིན་པ་རྒྱ་མཚོ་ལགས།
        ཉ༽ ཚོགས་མི་ཤེས་པར་དངུལ་གཉེར་བསྟན་འཛིན་དབང་རྒྱལ་ལགས་བཅས། ལྷན་ཚོགས་གྲུབ་རྗེས་ཚོགས་མི་རྣམས་ཀྱིས་ཤེས་པར་གྱི་གསུང་རབ་དང་ས་ཁང་བཅས་ལ་གཟིགས་སྐོར་ཐུགས་ཞིབ་གནང༌།
༢༨༽ ཕྱི་ལོ་ ༡༩༩༦།༩།༣ ཉིན་ཤེས་རིག་ལས་ཁུངས་ཀྱིས་གནང་བའི་ཕྱག་བྲིས་ནང༌། ཤེས་པར་འགན་འཛིན་ལས་ཚབ་པདྨ་རྒྱལ་པོ་ལགས་སུ། དེ་གའི་འགན་འཛིན་གྱི་ལས་གནས་ཐོག་གཞུང་ཞབས་དྲུང་གཞོན་གཅིག་གི་ས་མིག་བཀའ་འཁྲོལ་བསྩལ་སྨིན་ཡོད་པ་ལྟར་དབུས་སྣེ་འབྲེལ་དྲུང་གཞོན་སྐལ་བཟང་གཡུལ་རྒྱལ་ལགས་གོང་གསལ་དམིགས་སྒོར་འདི་གར་གནས་སྤོས་བྱུང་བ་བཞིན་དེ་གའི་འགན་འཛིན་དུ་བསྐོ་བཞག་གནང་བ་དང༌། ཉིད་ནས་དུས་ཡུན་ལོ་ངོ་གཅིག་ཙམ་རིང་ཤེས་པར་འགན་འཛིན་གྱི་ལས་འཁུར་བཞེས་པའི་རྒྱུས་བབས་ཉམས་མྱོང་དང༌། ལྷག་བསམ་འཁུར་བསྐྱེད་བཅས་ལ་བརྟེན། ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༡༦ ནས་ཤེས་རིག་པར་ཁང་གི་འགན་འཛིན་ལས་རོགས་སུ་བསྐོ་བཞག་གནང་བ་ཡིན་ན་དེ་ལུགས་གོང་ཚེས་ཉིན་ནས་བཟུང་འགན་འཛིན་གསར་རྙིང་དབར་ལུགས་མཐུན་རྩིས་སྤྲོད་རྩིས་ལེན་གནང་དགོས་ཞེས་གསལ།
༢༩༽ འགན་འཛིན་གསར་རྙིང་གཉིས་ཤེས་པར་དབུས་དང་ཡན་ལག་བལ་ཡུལ་ལྡི་ལི་བཅས་ས་གནས་སོ་སོར་ངོ་ཕེབས་ཐོག་ཕན་ཚུན་སྤྲོད་དཔང་དབུ་བཞུགས་ཀྱིས་རྩིས་ལེན་རྩིས་སྤྲོད་ཁམས་དྭངས་ཕྱི་ལོ་ ༡༩༩༦།༩།༣༠ ཉིན་ལེགས་པར་ཞུས། གོང་ལོའི་ཟླ་ ༡༠ ཚེས་ ༡ ཉིན་ནས་དྲུང་གཞོན་སྐལ་བཟང་གཡུལ་རྒྱལ་ལགས་ཀྱིས་ཤེས་རིག་པར་ཁང་གི་འགན་འཛིན་ལས་ཁུར་གནང༌།
༣༠༽ ཕྱི་ལོ་ ༡༩༩༦།༡༡།༢༥ ཉིན་ཤེས་པར་འགན་འཛིན་ལྷན་ཚོགས་ཐེངས་གཉིས་པའི་གྲོས་ཆོད་བརྒྱུད་བཀའ་འཁྲོལ་གནང་བ་ལྟར། ལྡི་ལི་བསམ་ཡས་གླིང་དུ་རྟེན་གཞི་བྱས་པའི་ཤེས་པར་ཁང་པ་ཐོག་རྩེགས་གཉིས་ཅན་དེ་བཞིན་ཁྱིམ་མཚེས་ཁང་པ་གསར་རྒྱག་སྐབས་ས་འོག་ཁང་པ་རྨང་ནས་བྲུས་རྐྱེན་ཤེས་པར་ཁང་པ་བབས་སྐྱོན་བྱུང་སྟེ་གད་ཆག་ཆེན་པོ་བྱུང་བ་དེར། ཁང་པ་ཐོག་བརྩེགས་བཞི་དང་ཕྱེད་ཀ་ཅན་གསར་རྒྱག་ལེགས་སྒྲུབ་བྱས། ཁང་པ་དེའི་སྟེང་ཐོག་ཏུ་ཁྱིམ་ཚང་ཆེ་བའི་ལས་ཤག་གསུམ་དང་དེའི་འོག་ཐོག་བརྩེགས་གཉིས་ནང་ཁྱིམ་ཚང་ཆུང་བའི་ཁང་མིག་ཐབ་ཚང་རང་འགྲིག་ཁང་མི་བརྒྱད་བཅས་ལས་ཤག་ཡོད་པར་བརྟེན་ལས་ཤག་གི་དཀའ་ངལ་སེལ་ཡོད། དེའི་འོག་ལས་ཁུངས་དང་ཤེས་པར་དཔེ་དེབ་ཚོང་ཁང་གསར་འཛུགས་གནང༌།
༣༡༽ གོང་གསལ་ལྡི་ལི་ཤེས་པར་ས་འོག་ཁང་པའི་ནང་གློག་རྐང་གསུམ་ཅན་འཁྲིད་ཆོག་གི་མེད་པར་བརྟེན་པར་སྐྲུན་འཕྲུལ་འཁོར་འཛུགས་ཐབས་མ་མཆིས་ཀྱང་དེབ་བཟོའི་ཆེད་དཔེ་དེབ་གཅོད་གཏུབ་འཕྲུལ་ཆས་དང་དེབ་འཚེམ་ཆེད་འཕྲུལ་ཆས་བཅས་སྤུས་ཉོ་བྱས།
༣༢༽ ཕྱི་ལོ་༡༩༩༧།༧།༡༡ ཉིན་ཤེས་པར་འགན་འཛིན་ལྷན་ཚོགས་ཐེངས་བཞི་པའི་ཐོག་སྒྲིག་གཞིར་བསྐྱར་བཅོས་དང༌། དོན་ཚན་ ༢༡ པ་གསོག་དངུལ་ཞུ་སྤྲོད་སྐོར་གསར་སྣོན་གནང༌།
༣༣༽ ཕྱི་ལོ་༡༩༩༧།༡༢།༡༥ ཉིན་རང་གཞུང་བཀའ་དྲུང་ཡིག་ཚང་ནས་གནས་སྤོས་བཀོད་རྒྱ་ཕེབས་དོན་ལྟར། ཤེས་པར་འགན་འཛིན་སྐལ་བཟང་གཡུལ་རྒྱལ་ལགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་འགོ་འཛིན་དུ་གནས་སྤོས་གནང་བའི་ཚབ་གསར་ཨོ་རི་ས་ཕུན་ཚོགས་གླིང་གི་གཞིས་འགོ་ཟུར་པ་ཐུབ་བསྟན་དབང་རྒྱལ་ལགས་བསྐོ་བཞག་གནང༌། འགན་འཛིན་གསར་རྙིང་གཉིས་དྷ་ས་ཤེས་པར་དབུས་དང་ཡན་ལག་བལ་ཡུལ་ལྡི་ལི་བཅས་ས་གནས་སོ་སོར་ངོ་ཕེབས་ཐོག་སྤྲོད་དཔང་དབུ་བཞུགས་ཀྱིས་ཕྱི་ལོ་ ༡༩༩༨།༣།༡༥ ཉིན་རྩིས་ལེན་རྩིས་སྤྲོད་ཁམས་དྭངས་གནང༌།
༣༤༽ ཕྱི་ལོ་༡༩༩༨།༣།༡༦ ཉིན་ནས་དྲུང་གཞོན་ཐུབ་བསྟན་དབང་རྒྱལ་ལགས་ཀྱིས་ཤེས་པར་གྱི་འགན་འཛིན་ལས་འཁུར་འགོ་འཛུགས་གནང༌།
༣༥༽    ཕྱི་ལོ་༡༩༩༨།༦།༡༧ ཤེས་པར་འགན་ལྷན་ཐེངས་དྲུག་པའི་གྲོས་ཆོད་དོན་ཚན་བཞི་པའི་ནང༌། ཤེས་པར་ལས་བྱེད་ཞབས་ལོ་བརྩི་ཕྱོགས་གཏན་འབེབས་དགོས་སྐོར། ཤེས་པར་དེ་བཞིན་ཕྱི་ལོ་༡༩༦༡ ལོར་ྋགོང་ས་མཆོག་གིས་དབུ་འཁྲིད་པའི་བོད་གཞུང་གི་བཀའ་འབྲེལ་ལམ་སྟོན་འོག་དགོས་པ་དགེ་མཚན་ཆེ་གཟིགས་ཀྱིས་འགོ་འཛུགས་ཞུས་པ་ཞིག་ཡིན་པ་དང༌། ལོ་དུས་དེ་ནས་བཟུང་ལས་བྱེད་མང་པོ་ཞིག་གིས་རང་ནུས་གང་འཇོན་ལྷག་བསམ་བཟང་པོའི་ཞབས་འདེགས་གང་ལེགས་ཞུས་པས་གྲུབ་འབྲས་ཀྱང་དངོས་སུ་མཐོང་རྒྱུ་ཡོད་པ་ཚང་མའི་དགོངས་མངའ་ལྟར་དང༌། ཤེས་པར་འགོ་འཛུགས་ཞུས་པ་ནས་འདས་པའི་ལོ་ངོ་ཁ་ཤས་སྔོན་བར་ལས་བྱེད་ཕལ་ཆེར་ལ་ལམ་ལུགས་དང་མཐུན་པའི་རྩ་འཛིན་བསྐོཧརྒྱ་སོགས་ཡིག་ཐོག་གང་ཡང་སྤྲོད་སྲོལ་བྱུང་མེད་སྟབས། ད་ཡོད་ལས་བྱེད་རྣམས་ཀྱི་ཞབས་ལོ་བརྩི་ཕྱོགས་ཐད་ཆ་འཛིན་གཏན་འབེབས་ཞུ་སླད་འགན་ལྷན་ཐོག་ཞིབ་ཕྲ་གྲོས་བསྡུར་བྱུང་འབྲས་སུ། ལས་བྱེད་གང་ཞིག་ཤེས་རིག་དང་ཤེས་པར་གཉིས་ནས་བཀོད་རྒྱ་ཡི་གེ་མིག་སྟོན་བྱ་རྒྱུ་ཡོད་རིགས་ལ་ཞབས་ལོ་བཀོད་རྒྱ་ལྟར་བརྩི་འཇོག་བྱ་རྒྱུ་དང༌། ལས་བྱེད་རྙིང་པ་བཀོད་རྒྱ་སོགས་གང་ཡང་མེད་རིགས་རྣམས་ཀྱི་ཞབས་ལོ་བརྩི་ཕྱོགས་ཐད་དོ་དག་ལས་བྱེད་རང་ཉིད་ནས་རྒྱལ་དོན་དཔྱ་ཁྲལ་གསོལ་ཕོགས་བརྒྱ་ཆའི་བསྡུ་འབབ་ཕུལ་ཉིན་ནས་ཞབས་ལོ་བརྩི་འཇོག་བྱ་རྒྱུ།
            ཤེས་པར་ལས་བྱེད་ཞབས་ལོ་བརྩི་ཕྱོགས་གཏན་འབེབས་སྐབས་ཕོགས་གཞུང་དང་རྒྱལ་དོན་དཔྱ་ཁྲལ་གསོལ་ཕོགས་བརྒྱ་ཆའི་བསྡུ་འབབ་ཕུལ་ཡོད་མེད་དང་འདས་པའི་ལས་རྒྱུན་རིང་དོ་བདག་རང་ཉིད་ནས་ལས་ཀ་བར་མཚམས་བཞག་སྟེ་དགོངས་ཞུས་བྱས་ཟིན་པའམ་འཛིན་སྐྱོང་ནས་གནས་དབྱུང་བཏང་བ་སོགས་བྱུང་ཡོད་རིགས་ཀྱི་ལས་བྱེད་གང་ཞིག་བསྐྱར་དུ་ཤེས་པར་ལས་བྱེད་ཁོངས་བསྐྱར་འཇུག་བྱུང་ཡོད་ཚེ་སྔོན་གྱི་ཞབས་ལོ་ཇི་སོང་བརྩིས་མེད་གཏོང་རྒྱུ་དང་རང་ཉིད་ཤེས་པར་ལས་བྱེད་ཁོངས་བསྐྱར་འཇུག་དུས་ཚེས་ཉིན་ནས་ཞབས་ལོ་བརྩི་འཇོག་བྱ་རྒྱུ་བཅས་ཀྱི་གྲོས་ཆོད་བཞག་པ་ལྟར་ལག་བསྟར་གནང༌།
༣༦༽    ཕྱི་ལོ་ ༡༩༩༨།༦།༡༧ ཤེས་པར་འགན་ལྷན་ཐེངས་དྲུག་པའི་གྲོས་ཆོད་ཨང་བཅུ་གཅིག་པའི་ནང༌། ཤེས་པར་ནས་དཔེ་དེབ་པར་བསྐྲུན་དང་ཕྱིར་ཚོང༌། ལྡི་ལིར་དེབ་བཟོ་འགོ་འཛུགས་བྱ་རྒྱུ་བཅས་ཀྱི་ཐོག་ཤེས་པར་རང་ངོས་ནས་ཕྱི་རྒྱལ་ཁག་ལ་དཔེ་དེབ་ཐད་གཏོང་བྱེད་པར། ཤེས་པར་ལ་ཁྲིམས་མཐུན་དེབ་སྐྱེལ་མེད་ཚེ་གང་ཅིའི་དཀའ་ངལ་འཕྲད་རྒྱུར་བརྟེན་ཤེས་པར་དེ་བཞིན་ངེས་པར་དེབ་སྐྱེལ་བྱེད་དགོས་གལ་ཆེ་བ་དང༌། དེ་ཡང་ད་ཡོད་ཤེས་རིག་ལས་ཁུངས་ཀྱི་དེབ་སྐྱེལ་ཡིག་ཆའི་འོག་ཟླ་སྒྲིལ་བཏང་ན་ཤེས་རིག་གི་རྩིས་སོགས་གང་ཅིར་དཀའ་ངལ་མ་འཕྲད་པ་ངེས་པར་དགོས་གལ་བརྟེན། དེབ་སྐྱེལ་བྱ་ཕྱོགས་ཐད་རྩིས་ཞིབ་དང་ཁྲིམས་རྩོད་མཁས་པ་ཁག་ལ་ལམ་སྟོན་ཞུས་ཏེ་དེབ་སྐྱེལ་བྱེད་ཐབས་འབད་བརྩོན་ཞུ་དགོས་ཀྱི་གྲོས་ཆོད་བྱུང་བ་ལྟར། ཕྱི་ལོ་ ༡༩༩༩།༧།༡༧ ཤེས་པར་འགན་ལྷན་ཐེངས་དགུ་པའི་གྲོས་ཆོད་ཨང་བརྒྱད་པའི་ནང༌། ཤེས་པར་དེ་བཞིན་ཤེས་རིག་ཁྱབ་ཁོངས་ TCE&WF འོག་དེབ་སྐྱེལ་བྱ་རྒྱུར་ཐུགས་གཏན་འཁེལ་བ་བཞིན་ཤེས་པར་མཚན་བྱང་ཐོག་བོད་གཞུང་ཤེས་རིག་པར་ཁང་ཞེས་འཁོད་པ་རང་འཇགས་འཇོག་རྒྱུ་དང་དབྱིན་ཡིག་ཐོག TIBETAN CULTURAL & RELIGIOUS PUBLICATION CENTRE (A unit of Tibetan Childrens Educational & Welfare Fund) A Registered Society of the Dept of Education/Registered under the Societies Registration Act xxi of 1860 ( REGISTRATION No. 2369/81 ཞེས་འབྲི་རྒྱུ། གོང་གསལ་མིང་བྱང་དེ་བཞིན་ཤེས་པར་གྱི་ལས་ཤོག་དང་རྩིས་ཤོག་ཐོག་ལག་བསྟར་ཞུ་དགོས་གྲོས་ཆོད་བཞག
༣༧༽ ཕྱི་ལོ་༡༩༩༨།༡༡།༢༣ ཤེས་པར་འགན་ལྷན་ཐེངས་བདུན་པའི་ཐོག ཤེས་པར་སྒྲིག་གཞི་དངོས་སུ་ལག་བསྟར་ཞུ་སྐབས་དོན་ཚན་ཁག་མང་པོའི་ནང་བཙན་བྱོལ་བོད་གཞུང་གི་སྤྱིའི་སྒྲིག་སྲོལ་ཁག་དང་མཐུན་མིན་གྱིས་དཀའ་ངལ་ཡོད་རིགས་རྣམས་བསྐྱར་བཅོས་སྣོན་འཕྲི་གནང་འོས་གནང་སྟེ་གཏན་འབེབས་གནང༌།
༣༨༽    ཕྱི་ལོ་༡༩༩༨།༡༡།༢༣ ཉིན་གྱི་ཤེས་པར་འགན་ལྷན་ཐེངས་བདུན་པའི་གྲོས་ཆོད་བརྒྱད་པའི་ནང༌། ཤེས་པར་ལས་བྱེད་རྒན་ཡོལ་ཕེབས་མཁན་རྣམས་ཀྱི་ཆེད་ཕེབས་སྐྱེལ་མཛད་སྒོ་གསོལ་སྟོན་དང་སྦྲགས་རྒས་ཡོན་ཕེབས་མི་རེར་ལས་རྒྱུན་ཞབས་ལོར་གཞིགས་པས་ལེགས་སྐྱེས་སྟོན་པའི་ཞལ་ཐང་སྒོར་༢༥༠༠།༠༠ ལས་མ་བརྒལ་བ་རེ་དང་ཕྱག་འཁྱེར་བཅས་བསྩལ་རྒྱུ་སྤྱི་མོས་ཐག་གཅོད་བྱུང་བ་ལྟར། ཕྱི་ལོ་༡༩༩༩།༡།༦ ཉིན་སྨན་རྩིས་ཁང་གི་ཚོགས་ཁང་ནང་ལས་ཁུངས་མ་ལག་དང་བཅས་པའི་མཛད་གཙོ་རྣམས་གདན་ཞུ་ཐོག་མཛད་སྒོ་བསྐྱངས། མཛད་སྒོའི་ཐོག་རང་གཞུང་བཀའ་བློན་ཁྲི་པ་བསོད་ནམས་སྟོབས་རྒྱལ་མཆོག་ནས་དེ་སྔོན་བཀའ་དྲུང་ཡིག་ཚང་གིས་ཤེས་པར་གྱིས་ལྡི་ལིར་ལས་གཞི་རྒྱ་སྐྱེད་བྱེད་འཆར་དེ་བཞིན་ཕྱིར་འཐེན་བྱས་ན་ལེགས་ཚུལ་བཀའ་གནང་ཡོད་ནའང༌། ད་ཆ་ཤེས་པར་རང་ངོས་ནས་མིང་དོན་མཚུངས་པའི་པར་བསྐྲུན་ལས་གཞི་གསར་འཛུགས་ཐུབ་ན་རང་གཞུང་ནས་དམིགས་བསལ་དགག་ཆ་ཆེ་བ་མེད་སྟབས། ཤེས་པར་རང་ངོས་ནས་འཆར་གཞི་བཀོད་དེ་ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་གཞི་བཟུང་གནང་ན་འཐུས་ཞེས་བཀའ་ཕེབས།
༣༩༽ ཕྱི་ལོ་༡༩༩༩།༥།༡༥ ཤེས་པར་འགན་ལྷན་ཐེངས་བརྒྱད་པ་གྲོས་ཆོད་དང་པོའི་ནང༌། ཤེས་པར་གྱི་ངོས་ནས་ལྡི་ལིར་པར་ཁང་གསར་འཛུགས་ཆེད་ཁང་པ་དང་ས་ཆ་སྤུས་གཟིགས་གནང་རྒྱུར་སྤྱི་མོས་ཐག་གཅོད་བྱུང་བ་ལྟར་འགན་འཛིན་ནས་ལྡི་ལིར་ལས་དོན་རྒྱ་སྐྱེད་ཆེད་ས་ཁང་ཇི་འོས་ཉམས་ཞིབ་རྩད་གཅོད་གནང་རྒྱུ་དང་རིན་འབབ་དང་ཡིག་ཆ་བཟོ་ཕྱོགས་སོགས་ཀྱི་ཐད་ཤེས་རིག་ལས་ཁུངས་དང་གོ་བསྡུར་གྱིས་ཐག་གཅོད་གནང་ན་འཐུས་རྒྱུ། ས་ཁང་གསར་ཉོ་བྱེད་པར་ཤེས་པར་ལ་དེབ་སྐྱེལ་ཡིག་ཆ་སོགས་གང་ཡང་མེད་སྟབས་ཤེས་རིག་ཁྱབ་ཁོངས་བོད་ཕྲུག་མཐའ་སྐྱོའི་སློབ་ཡོན་དང་བདེ་དོན་མ་དངུལ་མིང་ཐོག་སྤུས་གཟིགས་དེབ་སྐྱེལ་གནང་ན་འཐུས་རྒྱུའི་བཀའ་འཁྲོལ་ཐག་གཅོད་བྱུང༌། ཕྱི་ལོ་༡༩༩༩།༧།༢༩ ཉིན་ལྡི་ལི་ R-28, Ramesh Park, Laxmi Nagar, Delhi- 110092. Mr. Zahir Ahmed 160 sqyds.  ཅན་གྱི་ས་འོག་བརྩིས་པའི་ཁང་པ་ཐོག་བརྩེགས་ལྔ་ཛ་ཧིར་ཨེ་མདའ་བརྒྱུད་ཧིན་སྒོར་༧༧༥༠༠༠༠།༠༠ ཐོག་སྤུས་ཉོ་བྱས་པ་དང་ སྦྲགས་མིང་བསྒྱུར་ཡིག་ཆ་སོགས་ཁྲིམས་མཐུན་ཁམས་གཙང་བཟོས།
༤༠༽ ཕྱི་ལོ་༡༩༩༩།༧།༡༧ ཤེས་པར་འགན་ལྷན་ཐེངས་དགུ་པའི་གྲོས་ཆོད་ཨང་གསུམ་པའི་ནང༌། ད་ཆ་ཤེས་པར་གྱིས་ལྡི་ལིར་ཁྲིམས་མཐུན་གྱི་ཁང་པ་གསར་པ་ཉོས་ཟིན་སྟབས་རིམ་པས་ད་ཡོད་ལྡི་ལི་བསམ་ཡས་གླིང་གི་ཁང་པ་དེ་བཞིན་ཕྱིར་ཚོང་བྱ་རྒྱུར་བརྟེན། ལས་ཤག་དང་ལས་ཁུངས་འཛིན་ཆས་ཇི་ཡོད་ཁང་པ་གསར་པའི་ཆེད་བེད་སྤྱོད་གཏོང་རྒྱུ་དང༌། དེ་དང་ཕྱོགས་མཚུངས་དྷ་ས་ཤེས་པར་ལས་ཁུངས་དབུས་མ་ཡང་ལྡི་ལིར་སྤོ་བསྒྱུར་གྱིས་ལྡི་ལིར་དགོས་མཁོའི་འཛིན་ཆས་མཉམ་དུ་ཆབས་ཅིག་འོར་འདྲེན་དགོས་རྒྱུ། དེ་འཕྲོས་འཛིན་ཆས་ཇི་དགོས་རིན་གོང་འགྲན་བསྡུར་གྱི་ལམ་ནས་ཐག་གཅོད་ཀྱིས་གསར་ཉོ་བྱས་ན་འཐུས་རྒྱུའི་གྲོས་ཆོད་བྱུང་པ་ལྟར་ཤེས་པར་ལས་ཁུངས་དབུས་མ་དྷ་ས་ནས་ལྡི་ལིར་ཕྱི་ལོ་ ༡༩༩༩ ཟླ་བ་བཅུ་པའི་ནང་ཡོངས་སུ་སྤོས་ཟིན།
༤༡༽    ཕྱི་ལོ་༡༩༩༩།༧།༡༧ ཤེས་པར་འགན་ལྷན་ཐེངས་དགུ་པའི་གྲོས་ཆོད་བདུན་པའི་ནང༌། ཤེས་པར་ཁང་པ་གསར་པའི་རིན་དངུལ་སྤྲད་ཕྱོགས་སྐོར། ཁང་པའི་མ་གནས་སྒོར་༧༧༥༠༠༠༠ ཡིན་པ་ལྟར། ཤེས་པར་ནས་སྒོར་༢༥༠༠༠༠༠ དང་དེ་བྱིངས་སྒོར༌༥༢༥༠༠༠༠ ཤེས་རིག་ལས་ཁུངས་ཀྱིས་གནང་རྒྱུ་མ་ཟད། དེབ་སྐྱེལ་དང་ཆུ་གློག་སོགས་ལ་འགྲོ་གྲོན་ཇི་སོང་ཤེས་རིག་ལས་ཁུངས་ཀྱིས་གནང་རྒྱུ་ཞེས་ཐག་གཅོད་བྱུང་བ་ལྟར། གོང་དངུལ་རྣམས་ཤེས་རིག་ལས་ཁུངས་ནས་སྔ་འདོན་གནང༌།
༤༢༽ ཕྱི་ལོ་༡༩༩༩ ནང་ལྡི་ལི་ཤེས་པར་དབུས་ཀྱི་ཁང་པ་ ༢༨ ནང་པར་སྐྲུན་འཕྲུལ་ཆས་(OFFSET PRINTING MACHINE 24" x 36")དངོས་སུ་འཛུགས་སྒྲིག་བྱས།
༤༣༽ ཕྱི་ལོ་༡༩༩༩།༩།༢༩ ཉིན་ཤེས་རིག་ལས་ཁུངས་ནས་གནས་སྤོས་བཀོད་རྒྱ་ཕེབས་དོན་ལྟར། ཤེས་པར་འགན་འཛིན་ཐུབ་བསྟན་དབང་རྒྱལ་ལགས་ལྡི་ལི་དོན་གཅོད་ཁང་དུ་གནས་སྤོས་གནང་ཚབ་ཏུ། མ་སུ་རི་གཏན་སློབ་ཀྱི་བོད་རིགས་སློབ་སྤྱི་རེག་ཌར་ཟུང་དྲུང་སངས་རྒྱས་བྱམས་པ་ལགས་ཤེས་རིག་པར་ཁང་གི་འགན་འཛིན་དུ་གནས་སྤོས་གནང༌། འགན་འཛིན་གསར་རྙིང་གཉིས་ལྡི་ལི་ཤེས་པར་དབུས་དང་ཡན་ལག་དྷ་ས་བལ་ཡུལ་བཅས་ས་གནས་སོ་སོར་ངོ་ཕེབས་ཐོག་སྤྲོད་དཔང་དབུ་བཞུགས་ཀྱིས་ཕྱི་ལོ་ ༡༩༩༩།༡༠།༡ ཉིན་རྩིས་ལེན་རྩིད་སྤྲོད་ཁམས་དྭངས་བྱས།
༤༤༽ ཕྱི་ལོ་༡༩༩༩།༡༠།༡ ཉིན་ཤེས་པར་འགན་ལྷན་ཐེངས་བཅུ་པའི་ནང་ཤེས་པར་འགན་འཛིན་གསར་རྙིང་གཉིས་མཉམ་བཀའ་བསྡུར་བསྐྱངས་པའི་གྲོས་ཆོད་བརྒྱད་པའི་ནང༌། ཤེས་པར་འགན་འཛིན་ཟུར་པ་ཐུབ་བསྟན་དབང་རྒྱལ་ལགས་ཀྱི་ལས་རྒྱུན་རིང༌། ཤེས་རིག་པར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ག་རེ་བཞག་ནའང་འཛེམས་ཟོན་མེད་པར་ལག་བསྟར་ཐུབ་པ་བྱུང་ཡོད་པ་དང༌། དུས་ཡུན་ཐུང་ཐུང་རིང་འགན་འཁུར་རྣམས་ཐུགས་ཐག་ཆོད་པོ་གནང་སྟེ་ལས་དོན་གང་ལེགས་གནང་ཡོད་པར་འགན་འཛིན་ལྷན་ཚོགས་འདིའི་ཐོག་ནས་བསྔགས་བརྗོད་ཀྱི་གྲོས་ཆོད་བཞག་པ་ཡིན་ཞེས་འཁོད་ཡོད།
༤༥༽ ཕྱི་ལོ་༡༩༩༩།༡༠།༢ ཉིན་ནས་ཟུང་དྲུང་སངས་རྒྱས་བྱམས་པ་ལགས་ཀྱིས་ཤེས་པར་གྱི་འགན་འཛིན་ལས་འཁུར་དངོས་སུ་བཞེས།
༤༦༽ ཕྱི་ལོ་༢༠༠༠།༣།༢༩ ཉིན་ཤེས་རིག་ལས་ཁུངས་ཀྱིས་ཤུགས་ཆེའི་རྒྱབ་གཉེར་དང་མགོ་འདོན་གནང་བ་ལྟར་ཤེས་རིག་པར་ཁང་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་དཔེ་དེབ་( Import & Export License )ཕྱིར་གཏོང་ནང་འདྲེན་ཆོག་པའི་བཀའ་འཁྲོལ་ཞུ་ཐོབ་བྱུང་སྟེ། དེ་ནས་བཟུང་ཁྲིམས་མཐུན་གྱི་སྒོ་ནས་དཔེ་དེབ་གཏོང་ལེན་བྱེད་བཞིན་ཡོད།
༤༧༽ ཤེས་པར་འགན་ལྷན་ཐེངས་བཅུ་པའི་གྲོས་ཆོད་ཨང་བདུན་པའི་ནང་བཀའ་འཁྲོལ་གནང་བ་ལྟར། ཕྱི་ལོ་ ༢༠༠༠།༤།༢༧ ཉིན་ལྡི་ལི་R-27, Ramesh Park, Laxmi Nagar, Delhi- 110092. Mr. Zahir Ahmed 160 sqyds. ཅན་ས་འོག་བརྩིས་པའི་ཁང་པ་ཐོག་བརྩེགས་ལྔ་རྒྱ་གར་བ་ཛ་ཧིར་ཨེ་མདའ་བརྒྱུད་ཧིན་སྒོར་ ༨༠༥༠༠༠༠ སྤྲད་དེ་སྤུས་ཉོ་བྱས།
༤༨༽ ཕྱི་ལོ་ ༢༠༠༠ ནང་ལྡི་ལི་ཤེས་པར་དབུས་ཁང་པ་ ༢༨ ནང་པར་བསྐྲུན་འཕྲུལ་ཆས་OFFSET PRINTING MACHINE 24" x 36" དེ་སྔོན་གཅིག་ཡོད་པའི་ཐོག་སླར་ཡང་པར་བསྐྲུན་འཕྲུལ་ཆས་གཅིག་སྤུས་ཉོ་བྱས། དེ་ནས་བཟུང་པར་བསྐྲུན་འཕྲུལ་ཆས་གཉིས་བཀོལ་ཏེ་ཉིན་རེར་ཆུ་ཚོད་ ༡༢ ཙམ་རིང་པར་འདེབས་བྱེད་མུས། དེ་བཞིན་དཔེ་དེབ་གཅོད་གཏུབས་ཀྱིས་གླེགས་བམ་བཟོ་རྒྱུ་དང༌། དེབ་གཟུགས་སྲབ་གྲས་འཚེམས་སྒྲིག་བྱེད་རྒྱུ་སོགས་ཤེས་པར་རང་ངོས་ནས་རང་རྐྱ་འཕེར་བ་ཆགས་ཡོད།
༤༩༽ ཕྱི་ལོ་ ༢༠༠༠།༥།༣༠ ཉིན་ལྡི་ལི་བསམ་ཡས་གླིང་(མན་ཇུ་ཀྲི་ལ་)དུ་ཡོད་པའི་ཤེས་པར་ཁང་པ་ཨང་ ༢༢ ཐོག་བརྩེགས་བཞི་དང་ཕྱེད་ཀ་ཅན་དེ་བཞིན་ཤེས་པར་འགན་ལྷན་ཐེངས་བཅུ་པའི་གྲོས་ཆོད་དགོངས་དོན་ལྟར། ལྡི་ལིར་གནས་སྡོད་བོད་མི་བརྩོན་འགྲུས་སེང་གེ་ལ་སྒོར་འབུམ་ལྔ་བཅུ་བྱས་ཏེ་སྤུས་ཚོང་བྱས།
༥༠༽ ཕྱི་ལོ་ ༡༩༩༩།༧།༡༧ ཤེས་པར་འགན་ལྷན་ཐེངས་དགུ་པའི་གྲོས་ཆོད་ནང་གསལ་ལྟར། བོད་གཞུང་ཤེས་རིག་ལས་ཁུངས་ནས་ཤེས་རིག་པར་ཁང་ལ་ཕྱི་ལོ་ ༡༩༩༩།༠༤།༡༡ ནས་བཟུང་ཕྱི་ལོ་ ༢༠༠༠།༠༧།༢༧ བར་སྤྲོད་ཐེངས་བཅུ་ཐོག་སྒོར་ ༡༣༨༡༠༠༠༠(འབུམ་བརྒྱ་དང་སོ་བརྒྱད་དང་ཁྲི་གཅིག)སྔ་འདོན་བུན་གཡར་གནང༌།
༥༡༽ ཤེས་པར་འགན་ལྷན་ཐེངས་བཅུ་གཉིས་པའི་གྲོས་ཆོད་གསུམ་པ་ནང་གསལ་ལྟར། ཕྱི་ལོ་ ༢༠༠༠།༡༠།༤ ཉིན་ལྡི་ལི་བསམ་ཡས་གླིང་བོད་སློབ་ཀྱི་ས་ཁོངས་ས་ཁྱོན་ཕུ་ཊུ་གྲུ་བཞི་མ་ ༢༡༨༧ཧ༣༧ ཐོག་ཤེས་པར་ཁང་མིག་ཚོང་ཁང་གསུམ་དང་ལས་ཤག་གསུམ་བཅས་གསར་རྒྱག་བྱས།

Menu