༧༽    ཕྱི་ལོ་༡༩༧༡ ལོ་ཤེས་རིག་ལས་ཁུངས་ནས་སློབ་དེབ་ཁག་གི་མ་དཔེ་རྩིས་སྤྲོད་བསྩལ་བ་དང༌། སློབ་དེབ་སོ་སོ་ནས་ཁ་གྲངས་འདི་ཙམ་པར་བསྐྲུན་ཞུ་དགོས་ཀྱི་བཀའ་ཁྱབ་གནང་བཞིན་བཀའ་དོན་འགལ་མེད་པར་བསྐྲུན་དང་དེབ་བཟོ་འཕྲལ་མྱུར་ཡོང་ཐབས་ཞུས་ཀྱང༌། དངོས་སུ་སློབ་དེབ་ཉུང་ཤས་ལས་སྤུས་གཟིགས་མ་གནང་བར་མང་པོ་ཞིག་ཟོག་ལྷག་ཆགས་པར་བརྟེན། པར་ཁང་གི་རྒྱུན་གྲོན་སོགས་ལ་དཀའ་ངལ་ཆེ་ཙམ་འཕྲད།
     དེ་བཞིན་པར་ཁང་གི་མི་ཤུགས་ཆེ་རུ་བཏང་སྟེ་ལས་ཕྱོད་ཆེ་བ་ཡོང་ཆེད་ཤེས་རིག་ལས་ཁུངས་ནས་ཝ་ཎ་ཆོས་གྲགས་པར་ཁང་གི་ཡིག་འབྲུ་བཤིག་སྒྲིག་མཁན་རྒྱ་གར་བ་མི་ལྔ་ཆེད་བསྐོངས་གནང་སྟེ་ཤེས་པར་ལས་བྱེད་དང་མཉམ་དུ་ལས་ཀ་སྤྲོད་དགོས་གསུངས་པ་བཞིན་ཡིག་འབྲུ་བཤིག་སྒྲིག་གི་ལས་གྲར་ཞུགས་བཅུག་ཀྱང་མཐུན་རྐྱེན་དང་གླ་ཕོགས་ཆུང་རྐྱེན་ལ་བསྙད་དེ་རྒྱ་གར་བ་རྣམས་ཉིན་ཤས་ནས་རང་བཞིན་གྱིས་ཝ་ཎར་ཕྱིར་ལོག
༨༽    ཕྱི་ལོ་༡༩༧༣ ལོར་རྡོར་གདན་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་སྐབས། ཆོས་ཞུ་བ་རྣམས་ལ་འགྲེམས་འབུལ་མཛད་ཆེད་ཕྱག་དཔེ་མང་པོ་ཞིག་པར་བསྐྲུན་འབུལ་འགྲེམས་ཞུ་དགོས་ཞེས་སྐུ་སྒེར་ཡིག་ཚང་ནས་བཀའ་མངགས་ཕེབས་པ་ལྟར་པར་བསྐྲུན་དུས་ཐོག་ཟིན་ཀྱང་རྡོར་གདན་དུ་འདྲེན་རྒྱུར་དཀའ་ངལ་འཕྲད་དེ་སྐུ་སྒེར་ཡིག་ཚང་གིས་པར་ཁང་གི་མི་སྣ་ཆེད་བཅར་གྱིས་འཕྲལ་འབུལ་ཞུ་དགོས་ཞེས་ཛ་དྲག་གི་བཀའ་ཕེབས་པར་བརྟེན། ཤེས་རིག་ལས་ཁུངས་སུ་དགོངས་སྐོར་ཞུས་ཏེ་འགན་འཛིན་ཨོ་རྒྱན་ལགས་དང་པར་ལས་པདྨ་རྒྱལ་མཚན་གཉིས་དཔེ་དེབ་ཚོང་འགྲེམ་ཞུ་རྒྱུར་མཉམ་འཁྱེར་གྱིས་སྐུ་སྒེར་ཡིག་ཚང་གི་ཕྱག་དཔེ་རྣམས་དུས་ཐོག་རྩིས་འབུལ་ཞུས། པར་ཁང་གི་དཔེ་དེབ་རྣམས་གསུང་ཆོས་རིང་སྤུས་ཚོང་ཞུ་མུར་རོགས་པ་པདྨ་རྒྱལ་མཚན་གློ་ནད་ཊི་ཝི་ནད་མནར་ཚབས་ཆེ་བྱུང་བར་བརྟེན། ཁོང་པར་ནད་གཡོག་དང་དེབ་ཚོང་བྱ་རྒྱུ་གཉིས་ཀ་འགོ་འཛིན་ཨོ་རྒྱན་ལགས་གཅིག་པུའི་ཕྲག་པར་ལྷུང་ཐོག ནད་གཡོག་ཟླ་ངོ་གཅིག་ཙམ་བྱས་རྗེས་མཐའ་མ་འགོ་འཛིན་ཨོ་རྒྱན་ལགས་ལའང་གློ་ནད་ཊི་ཝི་འགོས་པ་ལྟ་བུས་ཕྱི་ལོ་༡༩༧༤ ལོ་འགན་འཛིན་ཨོ་རྒྱན་ལགས་ཀྲན་ཀྲ་སྨན་ཁང་དུ་ཟླ་དྲུག་ཙམ་ནད་དགོངས་ཞུས་ཏེ་སྡོད་དགོས་བྱུང༌། སྐབས་དེར་ཤེས་རིག་པར་ཁང་དུ་ཁྱོན་ལས་བྱེད་ ༡༤ འདུག
༩༽    ཤེས་རིག་ཚོགས་ཆེན་ཐེངས་གཉིས་པའི་སྐབས་དགོངས་འཆར་བྱུང་དོན། ཤེས་རིག་པར་ཁང་འདི་བཞིན་རང་འཚོའི་རྣམ་པ་ལྟ་བུས་བར་སྐབས་ཡར་རྒྱས་དེ་ཙམ་བྱུང་མི་འདུག་པར་བརྟེན། ད་ནས་ཤེས་རིག་ལས་ཁུངས་ཀྱིས་གཞུང་འཛིན་གནང་ན་ལེགས་པའི་གྲོས་ཆོད་བྱུང་བ་ལྟར། ཤེས་རིག་ལས་ཁུངས་ཀྱིས་པར་ཁང་གི་གཏོང་ཡོང་ཇི་བྱས་རྩིས་ཞིབ་བྱས་དོན། པར་ཁང་གི་འགོ་ལས་དེབ་ཚོང་དང་བཅས་འབྲེལ་ཡོད་ཚོས་ཁྱོན་བསྡོམས་ཧིན་སྒོར་ ༡༠༩༦༥༨།༨༦ ཙམ་ཆད་སྒྲུབ་བྱ་དགོས་པ་རྣམས་གཙང་མ་སྒྲུབ་ཏུ་བཅུག་ཐོག ཕྱི་ལོ་ ༡༩༧༣ ཟླ་ ༥ ཚེས་ ༡ ནས་རྩིས་འགོ་གསར་པ་ཚུགས་པ་དང་མཉམ་དུ་རྩིས་ཞིབ་བྱེད་མཁན་ཤེས་རིག་གིས་ཆེད་འཛུགས་བྱས་ཏེ་རྙོག་གླེང་མེད་པ་བཟོས། དེ་རྗེས་པར་ཁང་འགན་འཛིན་དོ་ཆོད་ཅིག་ཡོང་ཆེད་ཌལ་ཧོར་ནས་དགའ་ཤར་བློ་བཟང་ཚུལ་ཁྲིམས་གསར་བསྐོ་དང༌། དེའི་འོག་རྩིས་པ། དེབ་ཚོང་བཅས་གསར་དུ་བསྐོ་བཞག་བྱས།
༡༠༽ ཕྱི་ལོ་ ༡༩༧༥།༥།༡ ཉིན་ཤེས་རིག་ལས་ཁུངས་ནས་དགའ་ཤར་བློ་བཟང་ཚུལ་ཁྲིམས་ལགས་ཌལ་ཧོར་བདེ་དོན་ནས་ཤེས་རིག་པར་ཁང་གི་འགན་འཛིན་དུ་བསྐོས། སྐབས་དེའི་གནས་སྟངས་སྐོར་ལ་ད་ལྟའི་ཤེས་རིག་པར་ཁང་གིས་ཕུལ་བའི་ལོ་རྒྱུས་ས་བོན་ནང༌། “སྐབས་དེར་ལས་དོན་ཚགས་ཚུད་དང་ལམ་ལྷོང་མ་བྱུང་བ་ལྟ་བུས་ལས་བྱེད་པར་གླ་ཕོགས་རྩ་ཆད་དང་ཁང་བདག་གིས་ཁང་པའི་སྐོར་ཁྲིམས་གཏུགས་ཀྱིས་ཟླ་རེ་བཞིན་དུ་ཁྲིམས་ཁང་དུ་བསྟར་ཆགས་ལོ་གཉིས་རིང་འགྲོ་དགོས་སོགས་དཀའ་རྙོག་ཆེ་ཙམ་བྱུང་འདུག འོན་ཀྱང་པར་ཁང་གི་ཁང་གླ་དང༌། ལས་བྱེད་ཀྱི་ཕོགས། སློབ་དེབ་ཁྱོན་ཆེ་ལམ་སེང་པར་སྐྲུན་བྱེད་དགོས་ཀྱི་ཤོག་བུ་སྣག་ཚ་གཏོས་ཆེ་དགོས་པར་བརྟེན། སྤྱི་སྒེར་ཁག ༡༩ ནས་དངུལ་བུན་བླངས་ཏེ་ཞོགས་སྔ་ལངས་དགོང་ཕྱི་ཉལ་གྱིས་སྒོ་གསུམ་ཡོད་རྒུ་རྩལ་དུ་བཏོན་ཏེ་ལས་འཁུར་ཚགས་ཚུད་ཞུས་ཤིང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་སྣང་གཟིགས་བསྐྱངས་ཆེན་པོས་གཟིམ་ཆུང་སྐུ་སྒེར་ནས་སྒོར༌༡༥༠༠༠ གསོལ་རས་སྤྱི་བསྩལ་ཐུགས་བསྐྱེད་བྱིན་མཐུས་ལས་བྱུས་ལམ་ལྷོང་ཡར་རྒྱས་སུ་འགྲོ་ཐུབ་པ་བྱུང༌།བྱབྱཞེས་བྲིས་འདུག འོན་ཀྱང་ཕྲན་རྩོམ་སྒྲིག་པས་སྐབས་དེའི་ཡིག་ཆ་ཁག་ཞིབ་འཇུག་བྱེད་སྐབས་གནས་སྟངས་དེ་འདྲ་རེད་མི་འདུག་པ་དཔེར་ན། ལོ་དེའི་ཤེས་རིག་པར་ཁང་གིས་ཤེས་རིག་ལས་ཁུངས་བརྒྱུད་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ལ་ཕུལ་བའི་ལས་བསྡོམས་ནང་”བྱུང་སྒོར་༡༠༡༦༢༥།༧༧ ནས་སོང་སྒོར་༨༢༤༦༨།༧༧ འཐེན་ན་ལྷག་སྒོར་༡༩༡༥༧།༥༠འདུག་ཀྱང་གོང་གསལ་བྱུང་འབོར་དངུལ་འབབ་ཕལ་ཆེར་དཔེ་དེབ་ཐོག་ཏུ་བསྡད་དེ་འགྲོ་གྲོན་གཏོང་དམིགས་ཁ་འཁོར་མིན་ལ་བརྟེན་གཞན་གཡར་ཞུ་དགོས་བྱུང་རིགས་གྲས་ཤེས་རིག་ལྷན་ཁང་ནས་པར་ཁང་གི་རྩིས་གཞི་རྙིང་པའི་དངུལ་འབོར་ཁོངས་ནས་གཡར་ཞུས་སྒོར་༥༠༠༠།༠༠ ཆོས་དོན་ལྷན་ཁང་ལ་བརྒྱ་ཆ་གཅིག་གི་བསྐྱེད་འབབ་འབུལ་རྒྱུར་གཡར་ཞུས་སྒོར་༡༥༠༠༠།༠༠ ཤེས་རིག་ལྷན་ཁང་བརྒྱུད་སྐུ་སྒེར་ཡིག་ཚང་ནས་བསྐྱེད་མེད་ཐོག་སྔ་གཡར་ཞུས་པ་སྒོར་ ༡༥༠༠༠།༠༠ གོང་གསལ་གསུམ་བསྡོམས་སྒོར་༣༥༠༠༠།༠༠ བཅས་ཀྱི་ངོ་བསྐྱེད་འབུལ་བསྡད་རྣམས་དཔེ་དེབ་ལག་བསྡད་རིམ་ཚོང་ཞུས་ཏེ་དངུལ་འབབ་ཐོག་ནས་འབུལ་ལམ་ཞུ་རྩིས་ཡིན།བྱབྱཞེས་གསལ་འདུག དེ་བཞིན་ལོ་དེའི་ལས་ཁུངས་ཚུགས་གྲོལ་དུས་ཚོད་སྐོར་ལ་ལས་བསྡོམས་ནང༌། བྱབྱདབྱར་དུས་ཕྱི་ཟླ་ ༤ ཚེས་ ༡ ནས་ཟླ་ ༩ ཚེས་ ༣༠ བར་ཉིན་རེ་ལས་རྒྱུན་ཆུ་ཚོད་ ༨ དང༌། དགུན་དུས་ཟླ་ ༡༠ ཚེས་ ༡ ནས་ཟླ་ ༣ ཚེས་ ༣༠ བར་ལས་རྒྱུན་ཆུ་ཚོད་ ༧ རེ་བཅས་ཚུགས་མུས།བྱབྱཞེས་གསལ་ཞིང༌། དེ་རྗེས་ཀྱི་ལས་བསྡོམས་སུའང་ལས་དུས་གོང་གསལ་དེ་ག་རང་གསལ་འདུག
        ༡༩༧༦ ལོའི་ལས་བསྡོམས་ནང༌། བྱུང་སོང་གཉིས་ནས་བྱུང་ཡོད་ཀྱང་དངུལ་རྣམས་དཔེ་དེབ་ཐོག་བསྡད་དེ་ཁ་འཁོར་མིན་ལ་བརྟེན་ཤེས་རིག་ལས་ཁུངས་ནས་སྒོར་ ༡༢༠༠༠ སྐྱེད་མེད་གསར་སྩལ་སྐོར་གསལ་ཞིང༌། དེ་བཞིན་པར་ཁང་ཚུགས་ཡུལ་ཁང་ཁུངས་དེ་དག་ལ་ཁང་བདག་གིས་ཁང་པ་སྤོ་དགོས་དང༌། ཁང་གླ་སྤོར་དགོས་སོགས་གླེང་རྙོག་གཙེར་བསུན་གྱིས་རྒྱ་གར་ཁྲིམས་ཁང་དུ་ཞུ་ཐུག་ཡོད་མུས་ད་ལྟ་ཐག་ཆོད་བྱུང་མ་སོང༌། ཞེས་གསལ་འདུག ལོ་དེའི་མ་འོངས་བྱེད་འཆར་ནང༌། སློབ་དེབ་གཅིག་པུའི་ཁེ་འབབ་ནས་པར་ཁང་རང་ཁ་རང་གསོ་ཐུབ་ཐབས་རྩ་བྲལ་ཁར་སྔ་ལོ་དང༌། ད་ལོ་གཉིས་ལ་དེབ་རིན་ཕྱེད་འབབ་ལས་གསོལ་རས་མ་སྩལ་བར་བརྟེན་རིག་གཞུང་ལ་སྨན་ཞིང༌། བྲིན་རྒྱུགས་ཆེ་བའི་དཔེ་དེབ་ཁག་དང༌། གཟུངས་བསྡུས་པར་ཐེངས་གཉིས་པ་སོགས་པར་བསྐྲུན་ཞུ་འཆར་ཡོད་ཅེས་གསལ་འདུག་པ་སོགས་ལ་ཞིབ་པར་གཟིགས་ན། གོང་དུ་ཤེས་རིག་པར་ཁང་གིས་འགྲེལ་བཤད་གནང་བ་རྣམས་དོན་ལ་གནས་མི་འདུག་ཅིང༌། ཤེས་རིག་བཀའ་ཟུར་ཀུན་བདེ་གླིང་གི་ལོ་རྒྱུས་ནང་དུའང༌། ཤེས་རིག་པར་ཁང་གི་འགན་འཛིན་ཟུར་པ་བློ་བཟང་ཕྱིས་སུ་རང་འདོད་མ་ཁེངས་པའི་བསམ་ཚུལ་གྱིས་སྔོན་བྱུང་ལོ་རྒྱུས་ངོ་མ་བསྒྲིབས་པའི་བཤད་ཡམ་ཡིག་ཐོག་ཕུལ་བ་དེ་ག་རང་བརྟག་དཔྱད་ཅི་ཡང་མེད་པར་ལེབ་བཤུས་གནང་འདུག་གོ །
༡༡༽ ༡༩༧༥།༧༦ ལོར་དངུལ་རྩིས་སྐབས་རྒྱུན་ལས་ཚོགས་འདུས་འདི་ལོའི་རིང་སློབ་གྲྭ་ཁག་གི་སློབ་དེབ་ཀྱི་སྤུས་རིན་ཇི་ཐོབ་ཀྱི་ཕྱེད་ཆ་ཤེས་རིག་པར་ཁང་གི་ཁེ་འབབ་ནས་གཏོང་དགོས་ཕེབས་པ་ལྟར་སློབ་དེབ་ཀྱི་སྤུས་རིན་ཕྱེད་འབབ་ ༦༢༨༦།༢༥ ཤེས་རིག་པར་ཁང་གིས་བཏང༌།
༡༢༽ ཕྱི་ལོ་༡༩༧༩།༧།༧ ཉིན་ཤེས་རིག་དྲུང་ཆེ་རི་ཁ་བློ་བཟང་བསྟན་འཛིན་གྱི་སྐབས་ཤེས་རིག་ལས་ཁུངས་ཀྱིས་ཤེས་རིག་པར་ཁང་གི་ཆེད་དྷ་ས་བོད་གཞུང་སྨན་རྩིས་ཁང་གི་གཤམ་དེ་ནས་ཁང་པ་དང་འདབས་འབྲེལ་ས་ཆ་རྒྱ་ཁྱོན་གང་ཙམ་བཅས་སྤུས་གཟིགས་གནང་བ་ལྟར། ལོ་དེར་དྷ་ཤོད་ནས་གོང་གསལ་གསར་དུ་སྤུས་གཟིགས་གནང་བའི་ཁང་པ་དེར་སྤོས།

Menu