ཤེས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དགེ་རྒན་འོས་སྦྱོང་ཁང་དུ་འཚམས་གཟིགས་ཕེབས་པ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་སྲུང་བརྩིའི་ཐོག་སྐུ་མགྲོན་དུ་མགྲོན་འབོད་ལྟར་ཆེད་ཕེབས་གནང་བསྟུན། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཡོད་པའི་དགེ་རྒན་འོས་སྦྱོང་ཁང་དུ་འཚམས་གཟིགས་གནང་ཡོད།
དེ་ཡང་བཀའ་བློན་མཆོག་གིས་སློབ་ཕྲུག་དང་དགེ་རྒན། ལས་བྱེད་ལྷན་དགེ་རྒན་འོས་སྦྱོང་དང་འབྲེལ་བའི་གནད་དོན་ཐད་ཆུ་ཚོད་ ༣ ཙམ་རིང་བཀའ་མོལ་གནང་སྟེ། དགེ་རྒན་གྱི་ཡོན་ཏན་དང་། ཁྱད་ཆོས་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་ལམ་སྟོན་གནང་ཡོད་པ་མ་ཟད། དགེ་ལས་སློབ་ཕྲུག་ཡོངས་ལ་ཕྱི་ལོ་གསར་པའི་འཚམས་འདྲི་དང་འབྲེལ་མ་འོངས་མདུན་ལམ་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཡང་གནང་ཡོད། ཕྱོགས་མཚུངས་དགེ་ལས་སློབ་ཕྲུག་རྣམས་ནས་ཀྱང་བཀའ་བློན་མཆོག་ཤེས་རིག་བཀའ་བློན་དུ་བསྐོ་བཞག་གནང་བར་འཚམས་འདྲི་ཞུས་འདུག་པ་བཅས། །

(7)