བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་དང་འབྲེལ་བའི་ཟབ་སྦྱོང་ཐེངས་ལྔ་པ་ལེགས་གྲུབ་བྱུང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༣ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་ལྔ་པ་དེ་བཞིན་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༣༠ ཐོག་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་དབུ་བཞུགས་ཐོག་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཤིང་། སྐབས་དེར་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་སྲོོལ་དེང་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་འགོ་ཁྲིད་ཟབ་སྦྱོང་གི་སྙན་ཐོ་སྙན་སྒྲོན་གནང་བའི་ནང། སློབ་གྲྭ་ཁག་ ༢༧ ནས་ཕེབས་པའི་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༢༦༣ དང་སྣེ་ཁྲིད་དགེ་རྒན་བཅས་ནས་མཉམ་ཞུགས་ལེགས་པར་གནང་ཡོད་པ་དང། ཟབ་སྦྱོང་སྐབས་འགོ་ཁྲིད་ཀྱི་སྒྱུ་རྩལ་དང་འབྲེལ་ལམ། བོད་ཀྱི་མང་གཙོ་འཕེལ་རིམ། དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས། བོད་ཀྱི་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ། གཏན་འབེབས་བརྡ་ཆད། ཤེས་ཡོན་སྲིད་བྱུས། ཕོ་མོ་འདྲ་མཉམ། དཔེ་དེབ་ལྟ་ཀློག་གི་གལ་གནད། དྲྭ་རྒྱའི་བདེ་འཇགས། ལང་ཚོ་དར་བབས་ཀྱི་འཕྲོད་བསྟེན། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། ཤེས་ཡོན་དང་འབྲེལ་བའི་ལོག་རྟོག མདུན་ལམ་དང་སློབ་ཡོན་སོགས་ཀྱི་བརྗོད་གཞི་འདྲ་མིན་དང་འབྲེལ་བའི་ཚོགས་ཐེངས་གོ་སྒྲིག་ཞུས་ཡོད་པའི་སྐོར་སྙན་སྒྲོན་ཞུས།
དེའི་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱིས་སློབ་ཕྲུག་རྣམས་ལ། མི་ཞིག་གི་མི་ཚེའི་ནང་དུས་ཡུན་བཞི་རུ་ཆ་བགོས་ཀྱིས་ཆུང་དུས་སློབ་གྲྭའི་དུས་ཡུན་དང། དེ་ནས་མཐོ་སློབ་ཀྱི་དུས་ཡུན། སྤྱི་ཚོགས་ནང་ཕྱག་ལས་གནང་བའི་དུས་ཡུན། རྒས་ཡོལ་གྱི་དུས་ཡུན་བཅས་ཡོད་པའི་ནང་ནས། སློབ་གྲྭའི་དུས་ཡུན་དེ་གལ་ཆེ་ཤོས་ཆགས་ཡོད་པ་དང་། སློབ་གྲྭའི་དུས་ཡུན་ནང་ཤེས་ཡོན་སློབ་སྦྱོང་དང། གཙང་སྦྲ་འཕྲོད་བསྟེན། ཀུན་སྤྱོད་སོགས་ཀྱི་རྨང་གཞི་འདིང་སའི་ཁོར་ཡུག་གལ་ཆེ་ཡིན་པ། ཟབ་སྦྱོང་གི་དུས་ཡུན་ནང་གང་སྦྱངས་པ་རྣམས་ལ་དཔྱད་པ་བྱས་ནས་སོ་སོའི་ཤེས་ཚད་གོང་མཐོར་གཏོང་དགོས་པ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་སློབ་སྦྱོང་བྱེད་དགོས་པ། དུས་རྟག་ཏུ་དཀའ་ལས་རྒྱག་དགོས་པ་སོགས་སྐོར་བཀའ་སློབ་གནང་།
མཐར་ཤེས་རིག་ལས་ཁུངས་ཀྱི་སྲོོལ་དེང་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཇུག་བསྡོམས་མཛད་སྒོ་ལེགས་པར་མཇུག་སྒྲིལ་ཡོད། ད་ལན་གྱི་ཟབ་སྦྱོང་དེ་བཞིན་ཨ་རིའི་རོགས་ཚོགས་ USAID ནས་མཐུན་འགྱུར་གནང་བ་ཞིག་ཡིན། །

(17)