སྦེལ་ཀོབ་སེར་བྱེས་སློབ་གྲྭར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་དམིགས་བསལ་བཀའ་སློབ་དང་ཟབ་སྦྱོང་།

༄༅། །འདི་ག་ཤེས་རིག་ལས་ཁུངས་དང་སེར་བྱེས་སློབ་གྲྭ་གཉིས་མཉམ་འབྲེལ་ཐོག་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༢ ནས་ ༢༣ བར་ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སེར་བྱེས་སློབ་གྲྭར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་བཀའ་སློབ་དང་ཟབ་སྦྱོང་གོ་སྒྲིག་གནང་།
དེ་ཡང་ཕྱི་ཚེས་ ༢༢ སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་སློབ་དགེ་རྣམས་དང་། དགེ་ལས་ཟུར་པ་བཅས་ཁྱོན་མི་གྲངས་ ༤༣༩ ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་དམིགས་བསལ་བཀའ་སློབ་བཀའ་དྲིན་བསྩལ་བ་དང་། དམིགས་བསལ་བཀའ་སློབ་སྔོན་དུ་བོད་མིའི་སྒྲིག་འཛུགས་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་ནས་ཐེངས་འདིའི་ཟབ་སྦྱོང་དང་འབྲེལ་བའི་ཐོག་གསུང་བཤད་གནང་། ཉིན་གཉིས་ཀྱི་ཟབ་སྦྱོང་དུ་ལྷོ་ཕྱོགས་སློབ་སྡེ་ཁག་ནས་སློབ་དགེ་མི་གྲངས་ ༢༤༥ མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་གི་སློབ་ཁྲིད་གནང་མཁན་ནི་དཔལ་ལྡན་སློབ་དཔོན་ཆེན་མོ་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཨི་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་མཆོག དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག ཤེས་རིག་རྒྱུས་སྟོན་པ་དགེ་བཤེས་ཡེ་ཤེས་རྒྱལ་མཚན་མཆོག་བཅས་ཡིན།
ཕྱི་ཚེས་ ༢༣ ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་སེར་བྱེས་སློབ་གྲྭའི་ཚོགས་གཙོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོའི་ཐོག་ལམ་སྟོན་བཀའ་སློབ་དང་། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་མཆོག་ནས་ཟབ་སྦྱོང་སློབ་ཁྲིད་གནང་མཁན་དང་མཐུན་འགྱུར་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཇལ་དར་དང་མཇུག་བསྡོམས་ལམ་སྟོན་གསུང་བཤད་གནང་། མཇུག་ཏུ་ཤེས་རིག་དྲུང་འཕར་ཚེ་རིང་བསམ་གྲུབ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཟབ་སྦྱོང་ལེགས་གྲུབ་བྱུང་བ་དང། ད་ལན་ཟབ་སྦྱོང་གི་འགྲོ་གྲོན་རྣམས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་མཐུན་འགྱུར་གནང་བ་བཅས།

(18)