བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་འགོ་བཙུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༧ ཉིན་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ཤོད་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༢༧ ནས་སྣེ་ཁྲིད་དགེ་རྒན་ ༢༧ དང་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༢༦༣ བཅས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་ལྔ་པ་འགོ་བཙུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༠༩།༢༥ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གིས་དབུས་པའི་ཤེས་རིག་བཀའ་བློན་དང་ཨ་རིའི་སྐུ་ཚབ་དོན་གཅོད་གཅིག་ལྕོགས་དངོས་གྲུབ་ཚེ་རིང་མཆོག ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་མཆོག་གིས་གཙོས་འབྲེལ་ཡོད་ལས་བྱེད། དེ་བཞིན་དྷ་ཤོད་བོད་ཁྱིམ་གྱི་སློབ་སྤྱི། བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་དང་སྣེ་ཁྲིད་དགེ་རྒན་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་སྲོོལ་དེང་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཕེབས་བསུ་དང་འབྲེལ་ཉིན་གྲངས་བརྒྱད་རིང་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ལ། ང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་ཆེ་ཕྲ་ཆུང་གསུམ་གང་འདྲ་ཞིག་འཕྲད་ཀྱང་དེར་གདོང་ལེན་གྱིས་སློབ་སྦྱོང་ལ་དོ་སྣང་དང་འབད་བརྩོན་བྱེད་ན་མ་འོངས་པར་ཕན་ཐོགས་ཡོང་རྒྱུ་ཡིན་པ་རེད། ཅེས་དང་། ང་ཚོས་སློབ་སྦྱོང་བྱས་པ་དེ་སོ་སོ་རང་ཉིད་ཀྱི་མི་ཚེའི་མདུན་ལམ་གཅིག་པུའི་ཆེད་དུ་མིན་པར་རང་མི་རིགས་ཀྱི་རྩ་དོན་གྱི་ཆེད་དུ་སློབ་སྦྱོང་བྱེད་དགོས་ཞེས་གསུང་བཤད་གནང་ཡོད།
དེ་ནས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཟབ་སྦྱོང་དེ་ཐོག་མར་ཕྱི་ལོ་ ༢༠༡༣ ལོར་དབུ་འཛུགས་གནང་ཡོད་སྐོར་དང་། ཟབ་སྦྱོང་དེ་བརྒྱུད་སོ་སོ་རང་ཉིད་ལ་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་འགྲོ་རྒྱུ་ཡིན་པར་བརྟེན། ཟབ་སྦྱོང་གི་དུས་ཡུན་རིང་དུས་ཚོད་འཕྲོ་བརླག་མ་བཏང་བར་དོ་སྣང་དང་སྦྱང་བརྩོན་བྱ་དགོས་པ་ཤིན་ཏུ་གལ་ཆེན་པོ་ཡིན་སྐོར་དང་། ང་ཚོའི་སྤྱི་ཚོགས་ནང་འགོ་ཁྲིད་སྲ་ཐག་ཐག་ཅིག་མེད་ན་སྤྱི་ཚོགས་དང་རྒྱལ་ཁབ། དེ་བཞིན་མི་རིགས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། གཞན་ཡང་བཀའ་བློན་མཆོག་གིས་དང་པོ་སློབ་སྦྱོང་ཡག་པོ་བྱེད་དགོས་བསམ་པའི་ཀུན་སློང་ཞིག་འཁྱེར་དགོས་པ་དང་། ཀུན་སློང་དེ་ཡག་པོ་ཡོང་བའི་ཆེད་སྨོན་ལམ་བརྒྱབ་དགོས། དེ་ནས་ཀུན་སློང་དེ་སྒྲུབ་པར་འབད་བརྩོད་བྱེད་དགོས་ཅེས་དང། བརྗེད་མི་རུང་བ་གསུམ་སྟེ་རང་ཉིད་བོད་པ་ཡིན་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན། དེ་བཞིན་བོད་མིའི་སྒྲིག་འཛུགས་གལ་ཆེན་པོ་ཡིན་པ་བཅས་དུས་རྟག་ཏུ་སྙིང་བཅངས་ཐོག་སློབ་ལ་གཞོལ་དགོས་གལ་སྐོར་གསུང་བཤད་གནང་ཡོད།
མཐར་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་གནང་ཡོད།།

(21)