ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་དབུ་འཛུགས་གནང་།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཁྱོན་ཡོངས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་དགོས་པའི་ལམ་སྟོན་གནང་བའི་དགོངས་དོན་ལྟར། ཨི་མོ་རི་གཙུག་ལག་སློབ་གཉེར་ཁང་དང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གཉིས་ཟུང་འབྲེལ་གྱིས་རྩོམ་སྒྲིག་གནང་བའི་བསླབ་གཞི་རྩ་འཛིན་དེ་ཉིད་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༡ ནས་ ༡༤ བར་ཉིན་གྲངས་བཞིའི་རིང་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་དང་། བོད་ཡིག་དགེ་རྒན་སོགས་ཁྱོན་མི་གྲངས་ ༣༥ ཙམ་ལ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་དང་ཨིན་ཡུལ་བདེ་ཆོས་ཕར་སི་དགེ་རྩ་ཚོགས་པའི་ (Deichoefrasi Charitable Trust UK) མཐུན་འགྱུར་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། ཨི་མོ་རི་གཙུག་ལག་སློབ་གཉེར་ཁང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་བཅས་མཉམ་འབྲེལ་གྱིས་གོ་སྒྲིག་ཞུས་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་།
དེ་ཡང་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་དང་། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། ཨི་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་བློ་བཟང་བསྟན་འཛིན་ནེ་གི་ལགས། ཇེ་ནི་ཕར་ལགས། བོད་ཀྱི་དཔེ་མཛོད་ཁང་གི་ཚེ་རིང་ནོར་བུ་ལགས། ཚོགས་བཅར་བ་སོགས་ལྷན་འཛོམས་ཀྱི་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུ་དང་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གནང་གྲུབ་མཚམས་ཟབ་སྦྱོང་བ་རྣམས་ནས་སོ་སོ་ངོ་སྤྲོད་ཞུས།
དེ་ནས་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གལ་གནད་སྐོར་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། ཤེས་རིག་ལས་ཁུངས་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཟབ་སྦྱོང་འདི་ཉིད་ཧ་ཅང་གལ་ཆེ་དོན་ཆེན་ཞིག་ལ་བརྩིས་ཏེ་ཟབ་སྦྱོང་འདི་ལྟ་བུ་ཞིག་གོ་སྒྲིག་ཞུས་པ་རེད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ཤེས་རིག་ལས་ཁུངས་སུ་བཀའ་མོལ་མང་པོ་བྱུང་། སྤྱིར་འདས་པའི་ལོ་ཤས་ནང་ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལས་འགུལ་མང་དག་ཅིག་སྤེལ་ཡོད། འོན་ཀྱང་ཟབ་སྦྱོང་དང་ཞོར་ཁྲིད་ཙམ་མིན་པར་དངོས་སུ་བསླབ་གཞི་རྩ་འཛིན་བཟོས་ནས་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་གནང་དགོས་རྒྱུ་གལ་ཆེན་པོ་འདུག་ཅེས་གོ་བསྡུར་བྱུང་།
དེ་ལྟར་ཡོང་བར་གལ་ཆེ་ཤོས་སློབ་ཁྲིད་གནང་མཁན་དགེ་རྒན་རྣམ་པ་ཆགས་ཡོད་སྟབས། དགེ་རྒན་རྣམ་པར་དེ་དང་འབྲེལ་བའི་ཟབ་སྦྱོང་དང་གོ་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཕྱི་ལོ་ ༢༠༡༦ ལོར་དགེ་བཤེས་ལྷག་རྡོར་ལགས་དང་། བློ་བཟང་སྦྱིན་པ་ལགས་རྣམ་གཉིས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་དྷ་ས་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་སྤྱི་དང་། དགེ་ཆེ། ལྟ་གྲུབ་དགེ་རྒན་བཅས་ལ་ངོ་སྤྲོད་གསུང་བཤད་གནང་ཡོད།
དེ་བཞིན་འདི་ལོའི་ཕྱི་ཟླ་ ༦ ནང་སློབ་གྲྭ་ཁག་གི་དགེ་རྒན་ ༣༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྗོད་གཞི་འདི་དང་འབྲེལ་བཀའ་སློབ་སྩལ་ཡོད། དེ་རྗེས་ཚོགས་ཆུང་ཆ་བགོས་ཀྱིས་བཀའ་སློབ་དགོངས་དོན་དེ་དག་ལག་བསྟར་ཇི་ལྟར་དགོས་སྐོར་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་མ་ཟད། ཚོགས་ཆུང་གི་སྙན་ཐོ་ཁག་ལ་ཤེས་རིག་ལས་ཁུངས་ནས་དཔྱད་ཞིབ་གནང་སྟེ་སློབ་གྲྭ་ཁག་གི་ནང་ལག་བསྟར་བྱེད་རྒྱུ་གྲ་སྒྲིག་བྱེད་བཞིན་ཡོད།
དེ་མིན་འདས་པའི་ལོ་གཅིག་གཉིས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ཆོས་ལུགས་ཀྱི་མཚམས་ལས་བརྒལ་བ་ (Beyond Religion) ཞེས་པའི་ཕྱག་དེབ་སློབ་གྲྭ་ཁག་ལ་ཕུལ་ནས་དགེ་རྒན་ཚོས་སློབ་སྦྱོང་གནང་དགོས་རེད། ཅེས་ཞུས་ཡོད། དེ་རིང་ཟབ་སྦྱོང་འདིའི་ནང་རྣམ་པ་ཚོ་དྲག་འདེམས་བྱས་ནས་ཕེབས་རོགས་ཞེས་ཞུས་ཡོད། གང་ཡིན་བརྗོད་ན། ད་རེས་ཟབ་ཁྲིད་གནང་མཁན་དགེ་བཤེས་ལྷག་རྡོར་ལགས་དང་། དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་རྣམ་གཉིས་བརྗོད་གཞི་འདིར་རྒྱུས་མངའ་དང་ཉམས་མྱོང་ཆེ་ཤོས་ཡིན་པ་དང་། དགེ་བཤེས་ལགས་ལ་མཚོན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་སྒྱུར་ལོ་མང་ཞུས་པར་བརྟེན་༸གོང་ས་མཆོག་གི་དགོངས་བཞེད་ཇི་ཡིན་མཁྱེན་གྱི་རེད།
ང་ཚོས་ལས་གཞི་འདི་འགོ་བཙུགས་ནས་མ་འོངས་པར་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམ་པ་ཚོ་བརྒྱུད་ནས་དགེ་རྒན་གཞན་ལའང་སློབ་ཁྲིད་གནང་ཐུབ་པ་སོགས་ལས་འགུལ་ཤུགས་ཆེར་སྤེལ་རྒྱུའི་འཆར་གཞི་ཡོད། དེར་བརྟེན་རྣམ་པ་ཚོས་དམིགས་བསལ་ཐུགས་སྣང་གནང་རོགས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ་ཡོད་པ་བཅས།།

(33)