གཞི་རིམ་བར་མའི་ཚན་རིག་སློབ་ཚན་རིགས་ལམ་བརྒྱུད་ནས་ཁྲིད་ཐབས་ཀྱི་ལག་དེབ་རྩོོམ་སྒྲིག་གཏན་འབེབས་ཚོགས་འདུ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་༢༠༡༧ ཟླ་ ༩ ཚེས་ ༦ ནས་༨ བར་ཉིན་གསུམ་རིང། གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་གཞི་རིམ་བར་མའི་ཚན་རིག་སློབ་ཚན་ཁག་གཅིག་རིགས་ལམ་བརྒྱུད་ནས་ཁྲིད་ཐབས་ཀྱི་ལག་དེབ་རྩོམ་སྒྲིག་གཏན་འབེབས་ཚོགས་འདུ་སྐོང་ཚོགས་གནང༌ཡོད།
དེ་ཡང་ཐེངས་འདིའི་ལག་དེབ་གཏན་འབེབས་ཀྱི་ཚོགས་འདུ་དེ་བཞིན་ཤེས་རིག་ལས་ཁུངས་ནས་བསྐོ་འཛུགས་གནང་བའི་ལྟ་གྲུབ་དགེ་རྒན་བློ་བཟང་རྒྱ་མཚོ་ལགས་ཀྱིས་རྩོམ་སྒྲིག་ཞུས་ཤིང། ཕྱི་ལོ་ ༢༠༡༦ ལོར་རྒྱ་གར་ལྷོ་ཕྱོགས་སུ་གཞི་རིམ་བར་མའི་ཚན་རིག་དགེ་རྒན་ཟབ་སྦྱོང་སྐབས་ཚོད་ལྟ་གནང་བ་དང་། སེར་བྱེས་ཚན་རིག་སྡེ་ཚན་གྱི་འབྲེལ་ཡོད་སློབ་དཔོན་རྣམས་ཀྱི་དྲུང་ནས་སློབ་སྟོན་ཞུས་ཏེ་མཐའ་མའི་རྩོམ་སྒྲིག་གནང་ཡོད།
ད་ལན་ཚོགས་འདུའི་ནང་སམ་བྷོ་ཊའི་རིགས་ལམ་རྒྱུས་སྟོན་པ་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས་དང་། གོ་པལ་པུར་བོད་ཁྱིམ་གྱི་ལྟ་གྲུབ་དགེ་རྒན་དགེ་བཤེས་བློ་བཟང་མཁས་གྲུབ་ལགས། སློབ་ཚན་གཞན་རིགས་ལམ་བརྒྱུད་ནས་ཁྲིད་ཐབས་ཀྱི་ལག་དེབ་རྩོམ་སྒྲིག་པ་བྷུན་ཏར་དགེ་འོས་ལྟ་གྲུབ་དགེ་རྒན་བློ་བཟང་རྒྱ་མཚོ་ལགས། དཔེ་སྟོན་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས། དྷ་སྟེང་བོད་ཁྱིམ་ཚན་རིག་དགེ་རྒན་བསྟན་འཛིན་དངོས་གྲུབ་ལགས། གཞན་ཡང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དང་། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་རྣམ་པ། ཚན་རིག་སློབ་དེབ་རྩོམ་སྒྲིག་པ་བཅས་མཉམ་ཞུགས་ཀྱིས། གོང་གསལ་ལག་དེབ་ཀྱི་ནང་དོན་ཁག་གཞི་རིམ་བར་མའི་ཚན་རིག་སློབ་ཚན་དང་མཐུན་མིན་དང་། སློབ་ཕྲུག་གི་གནས་ཚད་ལ་རན་མིན་སོགས་ཞིབ་འཇུག་གིས་གཏན་འབེབས་གནང་བ་བཅས།

(34)