ཚན་རྩིས་དང། ཨིན་ཇི། ཁོར་ཡུག སྤྱི་ཚོགས་རིག་གནས་སོགས་ཀྱི་བརྙན་དེབ་ལས་གཞི་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང་བ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༨ དང་ ༩ བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་རྡ་ས་ཉེ་འཁྲིས་སུ་ཡོད་པའི་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་དུ་ཚན་རྩིས་དང། ཨིན་ཇི། ཁོར་ཡུག སྤྱི་ཚོགས་རིག་གནས་སོགས་ཀྱི་བརྙན་དེབ་ལས་གཞི་དང་འབྲེལ་བའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། སྐུ་ཞབས་ཕེན་སི་སི་དྷོ་ནི་ Francis Downey མཆོག ལྕམ་ལ་དྷ་ Lata མཆོག དེང་རབས་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། སཾ་བྷོ་ཊའི་སློབ་གྲྭ་ཁག་དྲུག་དང་། ཅོན་ཏ་ར་དང་རྡ་ཤོད་བོད་ཁྱིམ་བཅས་ནས་ཚོགས་བཅར་བ་དགེ་རྒན་གྲངས་ ༢༠ བཅས་ཚང་འཛོམས་ཀྱི་ཐོག་མར་དེང་རབས་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་རྗེས་ཚོགས་བཅར་བ་རྣམས་ནས་སོ་སོའི་ངོ་སྤྲོད་གནང་།
དེ་རྗེས་སྐུ་ཞབས་ཕེན་སི་སི་དྷོ་ནི་ Francis Downey མཆོག་གིས་ཚོགས་བཅར་བ་རྣམས་ལ་ཚན་རིག་ནི་གལ་གནད་སྤྱི་དང་། ལྷག་པར་སློབ་གྲྭ་སོ་སོའི་དགེ་རྒན་རྣམས་ནས་མི་རབས་གསར་པའི་སློབ་ཕྲུག་རྣམས་ལ་དེང་དུས་ཀྱི་ཤེས་ཡོན་སྤྲོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར། དེ་བཞིན་སློབ་ཕྲུག་རྣམས་ལ་གཞི་རྩའི་ཚན་རིག་གི་གོ་རྟོགས་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་གསུངས།
དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་སློབ་གྲྭ་ཁག་གི་དགེ་རྒན་དང་ལྷན་དུ་འཛོམས་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ཐེངས་འདིའི་ཟབ་སྦྱོང་ནང་མང་ཆེ་བ་གཞོན་སྐྱེས་ཤ་སྟག་རེད་འདུག ཟབ་སྦྱོང་འདི་གལ་ཆེན་པོ་ཞིག་ལ་བརྩིས་ནས་རྣམ་པ་ཚོ་འདིར་ས་ཐག་རིང་པོ་ནས་ཕེབས་པ་རེད། དེར་བརྟེན་ཟབ་སྦྱོང་གི་དུས་ཚོད་འཕྲོ་བརླག་མ་གཏང་བར་དོ་སྣང་གནང་དགོས་སྐོར་གསུངས་པ་མ་ཟད། ལྷག་པར་ཐེངས་འདིའི་ཟབ་སྦྱོང་ནས་གང་སྦྱང་བ་དང་ཤེས་པ་རྣམས་རང་རང་སོ་སོའི་སློབ་གྲྭ་ཁག་ལ་ཕེབས་ནས་ལག་བསྟར་གནང་རྒྱུ་དེ་བས་གལ་ཆེན་པོ་ཡིན་སྐོར་སོགས་གསུངས།
དེ་ནས་དེང་རབས་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ནང་གྲོལ་ཡོད། ཐེངས་འདིའི་ཟབ་སྦྱོང་ལ་མཐུན་འགྱུར་རོགས་རམ་གནང་མཁན་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རིའི་རོགས་ཚོགས་ USAID ཡིན་འདུག་པ་བཅས།།

(19)