བྱིས་པའི་ཀློག་སྩལ་ཟབ་སྦྱོང་གོ་སྒྲིག་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༣ ནས་ ༧ བར་ཉིན་གྲངས་ལྔའི་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ལྡི་ལི་མཐོ་སློབ་ཀྱི་རྒྱལ་སྤྱིའི་གསོལ་མགྲོན་ཁང་ (International Guest House) དུ་བོད་རིགས་སློབ་དགེ་གྲངས་ ༡༡ དང་སྤོན་ཊ་སཾ་བྷོ་ཊ་གཏན་སློབ་ནས་དགེ་རྒན་གྲངས་ ༡ བཅས་ལ་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་བྱིས་པའི་ཀློག་རྩལ་ཇི་ཙམ་གལ་གནད་ཆེན་པོ་ཡིན་སྐོར་གྱི་ཟབ་སྦྱོང་ཞིག་ཚོགས། འདེམས་སྒྲུག་བྱུང་བའི་སློབ་དགེ་ ༡༡ དེ་དག་དེ་སྔ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་དྷ་ས་སྣེ་ལེན་ཁང་དུ་ཟབ་སྦྱོང་ཕུལ་རྗེས་འདེམས་སྒྲུག་གནང་བ་ཡིན་འདུག
དེ་ཡང་ཟབ་སྦྱོང་སྐབས་ཤེས་ཡོན་འགན་འཛིན་བསྟན་འཛིན་ལེགས་མཛེས་ལགས་ཀྱིས་ཐོག་མར་ཕེབས་བསུའི་གསུང་བཤད་གནང་རྗེས་གཞི་རིམ་འོག་མའི་སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་ལ་དོ་དབྱིངས་དང་། ཐབས་ལམ་བཟང་ཤོས་ཐོག་སློབ་འཁྲིད་བྱ་རྒྱུ་གལ་ཆེ་ཡིན་སྐོར་དང་། བྱིས་པར་ཀློག་རྩལ་གྱི་ནུས་པ་སྤེལ་རྒྱུ་གལ་གནད་ཇི་ཙམ་ཆེ་སྐོར་དང་། ལྷག་པར་གཞི་རིམ་འོག་མའི་སློབ་ཕྲུག་ཚོར་སྙན་ཚིག་དང་སྒྲུང་གཏམ་ཤོད་རྒྱུ་ཙམ་མ་ཟད། སྙན་ཚིག་ཐུང་ངུ་འབྲི་རྒྱུས་མཚོན་སྐབས་བབ་ཕྲུ་གུའི་སེམས་ཁམས་ལ་གཞིགས་པའི་དེ་སྔའི་སྒྲུང་གཏམ་དེ་དག་ལ་ཕྲན་བུ་འགྱུར་བཅོས་གཏོང་དགོས་སྐོར་སོགས་གསུངས། དགེ་རྒན་ཚོས་སྤྲོ་སེམས་འཁོལ་བའི་ཐོག་ནས་ཟབ་སྦྱོང་ནང་མཉམ་ཞུགས་གནང་བ་མ་ཟད་དྲི་བ་དྲིས་ལན་རྣམས་ཧ་ཅང་ལྷུག་པོ་བྱུང་འདུག
ཐེངས་འདིའི་ཟབ་སྦྱོང་སྐབས་ཟབ་འཁྲིད་གནང་མཁན་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པ་ལྕམ་ལ་ཏི་ཀ་གུཔྟ་ (Dr Latika Gupta) ལགས་དང་ཤེས་རིག་ཤེས་ཡོན་འགན་འཛིན་བསྟན་འཛིན་ལེགས་མཛེས་ལགས་ཡིན་འདུག འབུམ་རམས་པ་ལྕམ་ལ་ཏི་ཀ་གུཔྟ་ནི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བྱིས་པའི་ཀློག་རྩལ་དང་འབྲེལ་བའི་ཆེད་ལས་སློབ་སྟོན་མི་སྣ་ཞིག་ཡིན་ཞིང་། ཟབ་སྦྱོང་ཆེད་མཐུན་འགྱུར་རོགས་རམ་གནང་མཁན་ཨ་རིའི་རོགས་ཚོགས་ USAID ཡིན་འདུག་པ་བཅས།

(18)