ཕྱི་ལོ་ ༢༠༡༧ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཚན་རྩིས་དང་ཁོར་ཡུག་འགྲེམས་སྟོན་མཇུག་སྒྲིལ་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་རིང་དྷ་ཤོད་བོད་ཁྱིམ་སློབ་གྲྭར་ཚན་རིག་དང་།  ཨང་རྩིས། ཁོར་ཡུག་གསུམ་གྱི་ཐོག་འགྲེམས་སྟོན་མཇུག་སྒྲིལ་ཡོད།   དེ་ཡང་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། ལྡི་ལི་གྷར་གྷི་མཐོ་སློབ་ཀྱི་སློབ་དཔོན་ལས་རོགས་ཌོག་ཌོར་བསྟན་འཛིན་ཉི་འབུམ་ལགས། དེ་བཞིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལྔ་ནས་སྣེ་ཁྲིད་དགེ་རྒན་གྲངས་ ༩ དང་སློབ་ཕྲུག་གྲངས་ ༢༩ དྷ་ཤོད་བོད་ཁྱིམ་གྱི་འཛིན་རིམ་དགུ་པ་དང་བཅུ་པའི་སློབ་ཕྲུག་བཅས་ཚང་འཛོམས་ཀྱི་ཐོག་མར་ཤེས་རིག་སྲོལ་རྒྱུན་དང་དེང་རབས་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་ཕེབས་བསུའི་གསུང་བཤད་གནང་བ་དང་།  ཉིན་གསུམ་གྱི་འགྲེམས་སྟོན་ལས་བསྡོམས་སྒྲོག་སྦྱངས་ཞུས་རྗེས་བསྟན་འཛིན་ཉི་འབུམ་ལགས་ཀྱིས་འགྲེམས་སྟོན་དང་འབྲེལ་བའི་སྤྱི་ཡོངས་ཀྱི་གཟིགས་ཚུལ་དང་། མ་འོངས་ཡར་རྒྱས་གཏོང་ཕྱོགས་སྐོར་གསུང་བཤད་གནང་།
དེ་ནས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་སྤྱིར་སློབ་གྲྭ་ཁག་ནང་སློབ་ཕྲུག་ཚོས་ཨང་རྩིས་དང་ཚན་རིག་གི་སློབ་ཚན་དེ་དཀའ་ལས་ཁག་པོ་ཞིག་མཐོང་བཞིན་ཡོད་ཀྱང་སློབ་མ་ཚོས་ཨང་རྩིས་དང་ཚན་རིག་གི་སློབ་ཚན་དེ་དགའ་མོས་ཐོག་བདམས་པ་དེར་ཧ་ཅང་དགའ་པོ་བྱུང་སྐོར་དང་། ཨང་རྩིས་དང་ཚན་རིག་གི་སློབ་ཚན་དེ་བདམས་པ་ཙམ་མིན་པར་སློབ་ཕྲུག་ཚོས་དུས་དང་རྣམ་པ་ཀུན་དུ་སློབ་ཚན་དེ་སོ་སོའི་མི་ཚེའི་མདུན་ལམ་ཐོག་བསམ་བློ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྟབས།  སློབ་ཕྲུག་ཚོས་གོ་སྒྲིག་གནང་བའི་ཚན་རིག་དང་ཨང་རྩིས། ཁོར་ཡུག་བཅས་བརྗོད་གཞི་གསུམ་གྱི་ཐོག་འགྲེམས་སྟོན་གོ་སྒྲིག་དེ་ཧ་ཅང་ཡག་པོ་བྱུང་ཡོད་པ་དང་། ལྷག་པར་འགྲེམས་སྟོན་དེ་བརྒྱུད་རང་རེའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་གསར་གཏོད་གནང་བ་དེ་ཧ་ཅང་གིས་ཡག་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་སློབ་ཕྲུག་རྣམས་ལ་ཕྱག་འཁྱེར་གནང་།
དེ་རྗེས་ཕྱོགས་མཐའ་ཁག་ནས་ཕེབས་པའི་དགེ་རྒན་དང་། དྷ་ཤོད་བོད་ཁྱིམ་གྱི་སློབ་སྤྱི། དེ་བཞིན་འགྲེམས་སྟོན་ཞིབ་འཇུག་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་ཕུལ།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་འགྲེམས་སྟོན་དཔེ་གཟུགས་རྩེ་ཕུད་ ༦ ལ་ཕྱག་འཁྱེར་དང་བྱ་དགའ་གནང་རྗེས་གསུང་བཤད་གནང་དོན།  ནམ་རྒྱུན་ང་ཚོའི་འཚོ་བའི་ཁྲོད་ཚན་རིག་དང་ཨང་རྩིས་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པ་མ་ཟད། ཚན་རིག་དང་ཨང་རྩིས་དཀའ་ལས་ཁག་པོ་འདུག་ཅེས་མ་བཞག་པར་དེར་གདོང་ལེན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེར་གདོང་ལེན་བྱས་ནས་ང་ཚོའི་སྤྱི་ཚོགས་ནང་ཁེ་ལས་པ་གང་མང་ཐོན་དགོས་རྒྱུ་ཧ་ཅང་གིས་གནད་འགག་མཐོང་བཞིན་འདུག དེར་བརྟེན་ང་ཚོ་བོད་པའི་སྤྱི་ཚོགས་ནང་བོད་པའི་ཚན་རིག་པ་དང་འབུམ་རམས་པ་དེ་འདྲ་ཡོངས་གྲགས་ཐོག་ཐོན་ཡོང་དགོས་ཀྱི་འདུག   ཚན་རིག་པ་ཆགས་རྒྱུར་ཚན་རིག་སློབ་སྦྱོང་བྱས་ནས་ཡོང་དགོས་ཀྱི་ཡོད། དེར་བརྟེན་ང་ཚོས་དེའི་ཐོག་ཤུགས་རྒྱག་དགོས་ཀྱི་འདུག
འགྲེམས་སྟོན་དེ་རིགས་ང་ཚོ་སློབ་གྲྭ་ནང་ཁུལ་གཅིག་པུ་མིན་པར་རྒྱལ་ཡོངས་ནང་ལ་ཐོན་ནས་ཉམས་གསོག་དང་། མཐོང་རྒྱ་ཐོས་རྒྱ་གོང་མཐོར་གཏོང་རྒྱུ།  དེ་བཞིན་སོ་སོའི་རྣམ་དཔྱོད་ཡོད་པ་དེ་དག་རྒྱལ་ཡོངས་ནང་གདོན་རྒྱུའི་སྡིངས་ཆ་བསྐྲུན་དགོས་ཀྱི་འདུག་ཅེས་ང་ཚོར་བསམ་བློ་འཁོར་བཞིན་ཡོད།    དེར་བརྟེན་རྒྱལ་ཡོངས་སློབ་ཕྲུག་ཤེས་ཡོན་ཉམས་ཞིབ་བསྟི་གནས་ཁང་ NCERT ནང་ལ་ཚན་རིག་དང་ཨང་རྩིས། ཁོར་ཡུག་ཐོག་འགྲེམས་སྟོན་གྱི་གོ་སྐབས་ཐོབ་པ་རེད། སྡིངས་ཆ་དེའི་སྟེང་མངའ་སྡེ་སོ་སོའི་ནང་ནས་སློབ་མ་རྩེ་ཕུད་དེ་རིགས་སླེབས་བཞིན་ཡོད།
བོད་པའི་སློབ་གྲྭ་ཁག་སྡེ་ཚན་གཅིག་ལ་ངོས་འཛིན་ཐོབ་སྟེ་སྡིངས་ཆ་དེའི་ཐོག་ནས་འགྲོ་བཞིན་ཡོད། དེ་སྔ་འགྲེམས་སྟོན་ཐེངས་གཅིག་བྱས་ཡོད།  ད་ལོ་ནས་བཟུང་རིམ་བཞིན་ཡར་རྒྱས་འགྲོ་རྒྱུར་འབད་བརྩོན་ཞུ་བཞིན་ཡོད། དེར་བརྟེན་ཚན་རིག་ཐོག་ནས་སྡིངས་ཆ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག གང་ཡིན་ཞེ་ན།  སོ་སོའི་རྣམ་དཔྱོད་ཐོག་ནས་ལས་ཀ་དང་གསར་གཏོད་འདྲ་མིན་བྱེད་དགོས་ཀྱི་འདུག   ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་ཤེས་རིག་སྲོལ་རྒྱུན་དང་དེང་རབས་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཇུག་བསྡོམས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད།
ཐེངས་འདིའི་ཚན་རིག་དང་།  ཨང་རྩིས།  ཁོར་ཡུག་འགྲེམས་སྟོན་དེ་བཞིན་མཐུན་འགྱུར་གནང་མཁན་ཨ་རིའི་རོགས་ཚོགས་ USAID ཡིན་འདུག་པ་བཅས།

(3)