ཤེས་རིག་བྱིས་པའི་འགུལ་བརྙན་དབུ་འབྱེད།

༄༅། །བོད་རྒྱལ་ལོ་ ༢༡༤༤ ས་ཟླའི་ཚེས་ ༢༧ ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༡ རེས་གཟའ་ལྷག་པའི་ཉིན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གཉའ་ཁྲི་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་དང་འཇམ་དཔལ་འགུལ་བརྙན་གཉིས་མཉམ་སྦྲེལ་གྱིས་བཟོ་སྐྲུན་གནང་བ་དང་། དེ་བཞིན་ཤེས་རིག་ལས་ཁུངས་དང་བོད་ཀྱི་སྒྲ་སྒྱུར་ཁང་གཉིས་མཉམ་སྦྲེལ་གྱིས་བཟོ་སྐྲུན་གནང་བའི་<<ཤེས་རིག་བྱིས་པའི་འགུལ་བརྙན་>>ཞེས་པའི་མཚན་བྱང་ཐོག་གསར་དུ་བཟོ་སྐྲུན་གནང་བའི་སྐར་མ་ལྔ་ཅན་གྱི་འགུལ་བརྙན་ཁག་གཉིས་དང་། བོད་སྐད་དུ་སྒྱུར་འཇུག་གནང་བའི་སྐར་མ་དྲུག་ཅན་གྱི་འགུལ་བརྙན་ཁག་གཉིས་བཅས་ཁྱོན་འགུལ་བརྙན་ཁག་བཞི་དབུ་འབྱེད་གནང་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་མཛད་སྒོའི་ནང་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་ཕེབས་ཡོད་པ་དང་། དེ་བཞིན་ཤེས་རིག་དྲུང་ཆེ་སྣང་ས་ཆོས་སྒྲོན་མཆོག་དང་ཀརྨ་སེངྒེ་མཆོག་རྣམ་པ་གཉིས་དང་། ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན་རྣམ་པ་དང་ལས་བྱེད་ཁག་གཅིག འཇམ་དཔལ་འགུལ་བརྙན་ཁང་གི་འགན་འཛིན་འཇམ་དཔལ་རྡོ་རྗེ་ལགས། བོད་ཀྱི་སྒྲ་བསྒྱུར་ཁང་གི་འགན་འཛིན་བསྟན་འཛིན་ཆོས་འཕེལ་ལགས་དང་ལས་རོགས་མིག་དམར་ཆུང་བདག་ལགས། གངས་སྐྱིད་དཔེ་སྟོན་སློབ་གྲྭའི་དགེ་ཆེས་གཙོས་པའི་འཛིན་རིམ་གསུམ་པའི་སློབ་ཕྲུག དེ་བཞིན་དོ་དབྱིངས་ཅན་གྱི་ཟུར་ཉན་པ་དང་ གསར་འགོད་པ་བཅས་མི་གྲངས་ ༨༠ ལྷག་ཙམ་ལྷན་འཛོམས་གནང་འདུག
མཛད་སྒོའི་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཤེས་རིག་བྱིས་པའི་འགུལ་བརྙན་དང་འབྲེལ་བའི་ངོ་སྤྲོད་གནང་རྗེས། སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་ཤེས་རིག་བྱིས་པའི་འགུལ་བརྙན་དེ་དག་དབུ་འབྱེད་གནང་བ་དང་འབྲེལ་འགུལ་བརྙན་གཟིགས་ཕུད་བསྟན་གནང་སོང་། དེའི་རྗེས་ལ་སྐུ་མགྲོན་གཙོ་བོ་མཆོག་གིས་འགུལ་བརྙན་དབུ་འབྱེད་དང་འབྲེལ་བའི་ཐོག་ལ་གསུང་བཤད་གནང་སོང་།
དེ་ཡང་སྐུ་མགྲོན་མཆོག་གིས། བར་ལམ་ནས་ཤེས་རིག་ལས་ཁུངས་ཀྱིས་བོད་ཀྱི་སྐད་ཡིག་དང་། ལྷག་པར་སློབ་གྲྭ་ཁག་གི་ནང་བོད་སྐད་ཡག་པོ་དང་གཙང་མ་རྒྱག་ཐུབ་རྒྱུ་དང་། སློབ་སྦྱོང་ཡར་རྒྱས་སླད་ལས་གཞི་འདྲ་མིན་མང་པོ་ཞིག་སྤེལ་བ་རེད། གོང་དུ་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་གསུངས་པ་ནང་བཞིན་ཤེས་རིག་ཚོགས་ཆེན་སྔ་རྗེས་དང་འབྲེལ་ཡོད་སློབ་གྲྭ་ཁག་གི་རྒན་ལགས་རྣམ་པ་ཚོ་དང་མཉམ་དུ་ཚོགས་འདུ་འཚོག་པའི་སྐབས་སུ་འགུལ་བརྙན་གྱི་ལམ་ནས་སློབ་ཕྲུག་ཚོར་བོད་པའི་སྐད་ཡིག་སློབ་ཁྲིད་བྱེད་རྒྱུའི་ཐབས་ཤེས་གནང་དགོས་པའི་དགོངས་འཆར་ཕེབས་ཀྱི་འདུག  དེ་བཞིན་ཤེས་རིག་དྲུང་ཆེ་རྣམ་པ་གཉིས་དང་ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་ཚང་མ་སྐབས་རེ་ཚོགས་འདུ་འཚོག་པའི་སྐབས་བོད་པའི་ཤེས་ཡོན་སྒྲོམ་གཞིའི་ནང་ཨིན་སྐད་ཐོག་ཞུས་པ་ཡིན་ན།  Children’s Literature ཟེར་གྱི་རེད། བྱིས་པའི་རྩོམ་རིག་ཟེར་ནའང་འདྲ་གང་ལྟར་དེ་འདྲའི་དགོས་མཁོ་ཡོད་པ་གང་ཞིག་ལ་ཆ་ཚང་མ་ཚང་བ་ལྟ་བུ་ཞིག་ཡོད་པའི་དགོངས་ཚུལ་ཡོང་གི་འདུག་ཅེས་དང་།
དེ་བཞིན་མུ་མཐུད་དེ། ད་བར་རྩོམ་སྒྲུང་དང་། ཕྲུ་གུ་རང་གི་ཐོག་ལ་དམིགས་པའི་སྒྲུང་དེབ་ལྟ་བུར་ཆ་བཞག་པ་ཡིན་ན། བར་ལམ་བོད་ཁྱིམ་དང་། སམྦྷོ་ཊ་བོད་སློབ། བོད་ཀྱི་དཔེ་མཛོད་ཁང་། ཤེས་རིག་རྩོམ་སྒྲིག་སྡེ་ཚན་བཅས་ནས་དཔེ་དེབ་ཕལ་ཆེར་ ༣༠༠ ཙམ་ཕྲུ་གུའི་ཆེད་དུ་དམིགས་ཏེ་པར་སྐྲུན་གནང་བ་ལས་གཞན་མི་འདུག དེར་བརྟེན་ཕྲུ་གུའི་ནང་ནས་ཀྱང་བོད་ཡིག་ཐོག་དོ་སྣང་བྱེད་དགོས་རེད་ཟེར་དུས་སྒྲུང་དེབ་ཡོད་པ་ཚང་མ་བཀླགས་ཚར་བ་ཡིན། སྒྲུང་དེབ་གསར་པ་ཁྱེར་ཤོག་ཟེར་གྱི་འདུག་ཅེས་གསུང་མཁན་གྱི་ཕ་མ་མང་པོ་ཡོང་གི་འདུག འདི་ང་ཚོ་འཛིན་སྐྱོང་གི་ལས་ཀ་བྱེད་མཁན་ཚོར་དངོས་གནས་གདོང་ལེན་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་འདུག  ཅེས་དང་། ཡང་། དེ་བཞིན་འགུལ་བརྙན་དེ་ཕྲུ་གུ་ལ་གནད་ལ་སྨིན་པོ་ཡོད་པ་རེད། རྣམ་པ་ཚོས་ཤེས་གསལ་ལྟར། འགུལ་བརྙན་བསྟན་པ་ཡིན་ན། དེའི་ལམ་ནས་ཕྲུ་གུ་ཚོས་ཟླ་བ་དྲུག་ཙམ་ལ་མྱོང་བ་ལེན་ཐུབ་ཀྱི་ཡོད་པ་རེད། དཔེར་ན། ཕྲུ་གུས་ཁ་ལག་མ་བཟའ་བའི་སྐབས་སུ་འགུལ་བརྙན་བསྟན་ནས་ཕྲུ་གུ་མགོ་གཡེང་བའི་སྐབས་སུ་ཁ་ལ་ཁ་ལག་བླུག་པ་དེ་འདྲ་བྱེད་ཀྱི་ཡོད་རེད་པ། དེས་ཕྲུ་གུའི་སེམས་ཁམས་ཐོག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་དངོས་ཡོད་གནས་ཚུལ་རེད་ཤག  ཡིན་ནའང་སྤྱི་ཡོངས་ཀྱི་དེ་འདྲའི་རིགས་བཟོས་ཡོད་ཀྱང་ཕྲུ་གུ་རང་ལ་དམིགས་ནས་བཟོས་པ་མི་འདུག  དེ་འདྲ་ཡིན་ཙང་ཤེས་ཡོན་ལྷན་ཚོགས་ཀྱི་ངོས་ནས་འགན་ཁུར་བཞེས་ཏེ་དེ་འདྲའི་ལས་འཆར་ཞིག་སྤེལ་བ་རེད་ལ། དེ་དང་པོ་འདྲ་པོ་ཆགས་ཀྱི་འདུག་ཅེས་དང་།
ཡང་མུ་མཐུད་དེ། རྒྱ་གར་བ་དང་ཕྱི་རྒྱལ་བ་ཚོ་མཐུན་རྐྱེན་ཡག་པོ་རེད། ང་ཚོ་ད་ལྟ་སྒྲོམ་གཞི་སློང་གི་ཡོད་དུས་འདིར་ཕྱག་ལས་གནང་མཁན་འཇམ་དཔལ་ལགས་ཀྱིས་འགན་གཙོ་བོ་ཁྱེར་པ་རེད།  དངོས་གནས་ཧུར་ཐག་འབད་ཐག་གནང་སོང་ལ་ཡག་ཐག་ཆོད་བྱུང་འདུག  ང་རང་ཚོའི་མི་རང་གིས་འགོ་རྩོམ་སྒྲིག་ནས་མཇུག་བར་དུ་ལས་དོན་ཆ་ཚང་བྱས་པ་དེ་ཕྱི་རྒྱལ་དུ་པར་སྐྲུན་དང་འགྲེམས་སྤེལ་གནང་བཞག་པ་དེ་ཚོ་དང་བསྡུར་ན་ཚད་ལོང་ཡོད་མ་རེད་དེ།  ཡིན་ནའང་དེ་འདྲའི་སྒང་ལ་གོམ་པ་དང་པོ་ཞིག་རྒྱག་ཐུབ་པ་དེ་ག་རང་གཟི་བརྗིད་ཆེན་པོ་རེད་བསམ་པ་དྲན་བྱུང་།  ད་དུང་ག་ལེ་ག་ལེར་དེ་ཉིད་ཡར་རྒྱས་འགྲོ་ཡི་རེད་བསམ་གྱི་འདུག  དེ་བཞིན་འགུལ་བརྙན་དེ་ཉིད་གལ་ཆེན་པོ་ཡིན་པ་གང་ཞིག་ལ་ད་ལྟ་སྟོང་ཆ་ཞིག་ལས་བསྡད་དེ་རིམ་པས་ཁ་བསྐངས་ནས་དེའི་ཐོག་ནས་ཕྲུ་གུ་ཚོས་ཆུང་ཆུང་སྐབས་ནས་འཚར་ལོངས་ནང་ལ་བོད་སྐད་སླེབས་པ་ཡིན་ན། རྗེས་སུ་འཛིན་རིམ་གསུམ་པ་བཞི་པའི་སྐབས་སུ་བོད་སྐད་སྦྱོང་དུས་ལས་སླ་པོའི་ཐོག་ནས་སྦྱོང་ཐུབ་པ་ཡོང་ས་རེད། ང་ཚོས་རེ་བ་ཡང་དེ་ལྟར་རྒྱག་གི་ཡོད། ཅེས་སོགས་གསུང་བཤད་གནང་གྲུབ་རྗེས་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་། དེ་ནས་གསོལ་ཇ་ཞལ་ཏོག་བཞེས་ཏེ་མཛད་སྒོ་མཇུག་བསྒྲིལ་སོང་།
འགུལ་བརྙན་བཟོ་སྐྲུན་ལས་གཞི་དེ་ཉིད་འགོ་བཙུགས་ཏེ། ད་ཕན་ལ་<<ཨ་ཁུ་ཕག་པས་ཅ་ལག་ཉོས་པ།>> ཞེས་པ་དང་། <<རྒྱུག་ཤར་འགྲན་སྡུར།>> ཞེས་པའི་ཕྱོགས་ཚད་གསུམ་ལྡན་གྱི་འགུལ་བརྙན་ཁག་གཉིས་གསར་དུ་བཟོ་སྐྲུན་གནང་འདུག འགུལ་བརྙན་དེ་གཉིས་དེ་སྔ་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༤ ལོར་པར་སྐྲུན་གནང་བའི་ <དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ།> ཞེས་པའི་སྒྲུང་དེབ་ལ་གཞི་བཅོལ་ནས་བཟོ་སྐྲུན་གནང་འདུག་ལ། འཇམ་དཔལ་འགུལ་བརྙན་དང་མཉམ་སྦྲེལ་གྱི་གནང་གི་ཡོད་འདུག་ལ། མ་འོངས་པའི་ཆར་དེབ་དེའི་ལེ་ཚན་ལྷག་མ་རྣམས་ཀྱང་མུ་མཐུད་བཟོ་འཆར་ཡོད་འདུག
དེ་བཞིན་ཕྱོགས་ཚད་གཉིས་ལྡན་གྱི་འགུལ་བརྙན་ཁག་གཉིས་བོད་ཀྱི་སྒྲ་སྒྱུར་ཁང་དང་མཉམ་སྦྲེལ་གྱིས་བོད་སྐད་དུ་སྒྱུར་འཇུག་གནང་འདུག དེ་དག་ནི་ <<སྟོན་པ་བཅོམ་ལྡན་འདས།>> ཞེས་པ་དང་། <<ནང་པའི་སྐུ་བརྙན་དར་ཚུལ།>> ཞེས་པ་ཡིན་པ་དང་། བོད་སྐད་དུ་སྒྱུར་འཇུག་གནང་བའི་འགུལ་བརྙན་དེ་གཉིས་ཨེ་པིག་བརྙན་འཕྲིན་ (Epic Channel) གྱིས་བུདྡྷ་སཱུཏྲ། ཞེས་པའི་འགུལ་བརྙན་ལེ་ཚན་བཅུ་གསུམ་བཟོ་སྐྲུན་གནང་བའི་གྲས་ཡིན་པ་དང་། འདི་ལོའི་ལོ་མཇུག་ནང་ཚུད་ལ་འགུལ་བརྙན་ལྷག་མ་ཆ་ཚང་བོད་སྐད་དུ་སྒྱུར་འཇུག་གནང་ཚར་གྱི་འདུག།
ཤེས་རིག་བྱིས་པའི་འགུལ་བརྙན་འདིའི་དཔལ་འབྱོར་མཐུན་འགྱུར་ཡོངས་རྫོགས་ཁེ་ན་ཌ་གཞུང་གི་རོགས་ཚོགས་ Global Affairs Canada ནས་གནང་འདུག

དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ།

༡། ཨ་ཁུ་ཕག་པས་ཅ་ལག་ཉོས་པ།
༢། རྒྱུག་ཤར་འགྲན་སྡུར།

(44)