བོད་མི་གཞོན་སྐྱེས་ཁག་ཅིག་ལ་འགོ་ཁྲིད་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༥ ནས་ ༡༧ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་རྒྱ་གར་ནང་གི་མཐོ་རིམ་སློབ་གཉེར་ཁང་ཁག་ ༢༥ ཙམ་ནང་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་གྲངས་ ༦༨ ལ་བོད་མི་ན་གཞོན་ལ་འགོ་ཁྲིད་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཙམ་ལ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་མདུན་ལམ་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས། ཚོགས་བཅར་བ་མཐོ་རིམ་སློབ་གཉེར་བ་ཁག  དེ་བཞིན་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་རིག་མདུན་ལམ་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཟབ་སྦྱོང་གི་ལས་རིམ་ངོ་སྤྲོད་གནང་དང་། སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་བོད་མིའི་ན་གཞོན་ཟབ་སྦྱོང་ཐེངས་གཉིས་པའི་ཐོག་མཐོ་སློབ་འདྲ་མིན་ནས་སློབ་མ་ ༦༨ ཙམ་ཕེབས་འདུག་པར་ཐོག་མར་ཤེས་རིག་ལས་ཁུངས་དང་ང་རང་སྒེར་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོས་གོ་ཁྲིད་ཀྱི་ཟབ་སྦྱོང་གནང་བཞིན་པ་དེ་འགན་འཁུར་སྟངས་སྐོར་བསླབ་ཀྱི་ཡོད། ངའི་བསམ་པར་གལ་ཏེ་ལྔ་དང་ལྔ་བཅུའི་དཀྱིལ་འཁོར་བཞེངས་པ་ཡིན་ན། ཤེས་ཡོན་ནི་དེའི་དཀྱིལ་དེར་སླེབས་ཀྱི་འདུག་སྙམ་གྱི་ཡོད། ད་དུང་ལོ་ལྔ་བཅུ་བསྐྱར་དུ་བསྡད་དགོས་བྱུང་བ་ཡིན་ན། བཙན་བྱོལ་ནང་རང་སྐྱ་ཕེར་བའི་ཐོག་ནས་གནས་ཐུབ་པ་མ་ཟད། རང་སྐྱ་ཕེར་བའི་ཐོག་ནས་ཁ་གཏད་བྱེད་ཐུབ་པར་ཤེས་ཡོན་ལས་ལྷག་མེད།
ཁྱེད་རང་ཚོའི་ནང་ནས་འགོ་ཁྲིད་ཀྱི་ཟབ་སྦྱོང་ནང་ཐེངས་ཁ་ཤས་མཉམ་ཞུགས་བྱས་མྱོང་མཁན་ཡོད་རེད་དྲན་གྱི་འདུག བར་ལམ་ནས་འགོ་ཁྲིད་ཀྱི་ཟབ་སྦྱོང་གནང་རྒྱུ་མང་ཙམ་ཕྱིན་པ་རེད། ང་ཚོ་མི་འབོར་གྱི་ཆ་ནས་རྒྱ་ནག་དང་སྡུར་བ་ཡིན་ན། ང་ཚོ་བོད་མི་ས་ཡ་དྲུག་ལས་མེད། རྒྱ་མི་དུང་ཕྱུར་བཅུའམ་བཅུ་གཉིས་ཙམ་ཡོད། དེར་བརྟེན་རྣམ་དཔྱོད་དང་སྤུས་ཚད་ཐོག་ནས་ཁ་གཏད་གཅོག་དགོས། ཤེས་ཡོན་དང་མཉམ་དུ་སྤྱི་ཚོགས་དང་། རྒྱལ་ཁབ། མི་རིགས་ཀྱི་འགན་འཁུར་གྱི་བསམ་བློ་དགོས་ཀྱི་ཡོད་པར་བརྟེན་འགོ་འཁྲིད་ཀྱི་ཟབ་སྦྱོང་གནང་དགོས་དོན་ནི་མིའི་སྤུས་ཚད་དང་འགན་འཁུར་ཚགས་ཚུད་ཡོང་ཐབས་ཀྱི་ཆེད་དུ་ཡིན།
འགོ་འཁྲིད་སྒང་ལ་སླེབས་ཡོང་དུས་འགན་འཁུར་རང་བཞིན་གྱི་སླེབས་ཀྱི་ཡོད། བོད་མིའི་སྒྲིག་འཛུགས་ནི་བོད་མིའི་འཐབ་རྩོད་ཀྱི་འགན་འཁུར་མཁན་རེད། འདི་མ་འོངས་པར་བདག་པོ་རྒྱག་མཁན་ཁྱེད་རང་ཚོ་ཆགས་ཀྱི་ཡོད་སྟབས། ལོ་བཅུ་གྲངས་ནང་དང་ཁ་ཤས་ཉིན་ཤས་རྗེས་བོད་མིའི་སྒྲིག་འཛུགས་ནས་ཕྱག་ལས་གནང་ཆེད་ཡོང་མཁན་ཡོད་ངེས་རེད། དེར་བརྟེན་མ་འོངས་པར་འགན་འཁུར་ཐུབ་མཁན་སྲ་ཐག་ཐག་ཅིག་བཟོ་རྒྱུར་ཤེས་རིག་ལས་ཁུངས་ཀྱི་ལས་འགན་ལྟ་བུ་ཞིག་ཆགས་ཀྱི་འདུག
ཐེངས་འདིའི་ཟབ་སྦྱོང་ནི་ནམ་རྒྱུན་དང་མི་འདྲ་བ་གང་ཡོད་ཅེ་ན། པུ་ནེ་ MIT མཐོ་སློབ་ཏུ་ཕེབས་ནས་ཉིན་གྲངས་དྲུག་རིང་སློབ་སྦྱོང་རྗེས་དྷ་སར་ཕེབས་ཏེ་བསྐྱར་དུ་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ངོ་སྤྲོད་དང་། བོད་མིའི་ལྟ་གྲུབ་སོགས་རྩ་དོན་འཐབ་རྩོད་གནང་སྟངས་དེ་དག་ཁྱེད་རང་ཚོར་ངོ་སྤྲོད་བྱེད་རྒྱུའི་ཆེད་གོ་སྒྲིག་གནང་ཡོད་སྟབས། ཡར་མར་ཕེབས་དགོས་རྒྱུའི་དཀའ་ངལ་ཕྲན་བུ་ཏན་ཏན་བྱུང་ཡོད་ཀྱི་རེད། འོན་ཀྱང་ད་རེས་ང་ཚོས་ཐབས་ལམ་གསར་པ་ཞིག་ཡོད་པ། དཔེར་ན། འཛིན་སྐྱོང་དང་། ལྷག་པར་གཞུང་སྲིད་ཐོག་ལྟ་དུས་ MIT དང་ OP Jindal མཐོ་སློབ་གཉིས་དེང་སྐབས་རྒྱ་གར་ནང་སྙན་གྲགས་ཆེ་ཤོས་རེད་འདུག སློབ་ཚན་དེ་དག་ཆེད་གཉེར་གནང་མཁན་མཐོ་སློབ་དེ་གཉིས་ཤུགས་ཆེ་ཤོས་རེད་འདུག རྩ་བའི་འགྲོ་གྲོན་ཆེན་པོ་ཡོད་ནའང་ང་ཚོས་འགྲོ་གྲོན་ལ་མ་འཛེམས་པར་ཟབ་ཁྲིད་གང་གནང་བ་ཡིན་ནའང་ཚད་མཐོ་ཤོས་དེ་བྱུང་ན་སྙམ་པའི་རེ་བ་བརྒྱབ་པ་རེད། ཁྱེད་རང་ཚོའི་ནང་ནས་སློབ་ཕྲུག་གཅིག་མ་གཏོགས་ཚང་མ་འདིར་ཕེབས་ཐུབ་འདུག ཧ་ཅང་ཡག་པོ་རེད།
འགོ་འཁྲིད་བྱེད་སྐབས་བཀའ་མོལ་གནང་སྟངས་ཧ་ཅང་ཡག་པོ་དགོས་ཀྱི་ཡོད་པ་ངས་གལ་ཆེན་པོར་མཐོང་གི་ཡོད་པ་མ་ཟད། རྣམ་དཔྱོད་དང་ཤེས་ཡོན་ཡང་དགོས་པ་བརྗོད་མི་དགོས་པ་རེད། སྡེ་ཚན་ཞིག་ལ་འགོ་འཁྲིད་བྱེད་སྐབས་རྣམ་དཔྱོད་བེད་སྤྱོད་བཏང་བའི་ཐོག་ནས་ཐག་གཅོད་ཡག་པོ་གནང་ཐུབ་པ་དགོས་རྒྱུ་ནི་འགོ་འཁྲིད་ཀྱིས་ངེས་པར་ཤེས་དགོས།
དུས་རྒྱུན་ང་གཞིས་ཆགས་དང་སློབ་གྲྭ་ཁག་ཏུ་འགྲོ་བའི་སྐབས་བོད་པ་ཡིན་པའི་ཆ་ནས་བརྗེད་མི་རུང་བ་གསུམ་སྐོར་ཞུས་ཀྱི་ཡོད། བོད་པའི་ཁྱད་ཆོས་སྐད་ཡིག་ཐོག་དོ་སྣང་བྱེད་རྒྱུ་དང་། དེ་བཞིན་བོད་ཀྱི་རྩ་དོན་ཐོག་འགན་འཁུར་དགོས་པ་ནི་བོད་པ་ཡིན་པའི་ཆ་ནས་བརྗེད་མི་རུང་བ་ཞིག་རེད། དེ་སྔ་ཡིན་ན་མཐོ་རིམ་སློབ་གྲྭ་སླེབས་པའི་སྐབས་བོད་པའི་སྐད་ཡིག་སྦྱང་རྒྱུའི་གོ་སྐབས་དེ་ཙམ་མེད་ནའང་། ད་ཆ་བོད་པའི་སྐད་ཡིག་སྦྱང་སའི་མཐོ་སློབ་ཡོད་སྟབས། གོ་སྐབས་ཧ་ཅང་བཟང་པོ་ཞིག་རེད་དྲན་གྱི་ཡོད། རྒྱུ་མཚན་དེར་བརྟེན་སོ་སོའི་སྐད་ཡིག་གཙོ་བོར་བཞག་པའི་ཐོག་ནས་སྐད་ཡིག་གཞན་སྦྱང་ན་མ་འགྲིག་པ་མེད།
གཉིས་པ་ནི། བོད་པ་ཡིན་པའི་ཆ་ནས་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ནམ་ཡང་བརྗེད་མི་རུང་བ་མ་ཟད། བོད་པ་ཕྱོགས་མཐའ་གང་ཞིག་ལ་ཡོད་ནའང་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་འོག་འཚོ་བཞིན་ཡོད་པ་ནམ་ཡང་བརྗེད་རྒྱུ་མེད། གསུམ་པ་ནི། བོད་མིའི་སྒྲིག་འཛུགས་འདི་ནི་གནད་འགག་ཆེན་པོ་ཡིན། མ་འོངས་པར་ལོ་ངོ་ ༥༠ ནང་༸སྐྱབས་མགོན་རིན་པོ་ཆེ་མ་བཞུགས་པའི་དུས་ཤིག་སླེབས་པའི་སྐབས། བོད་ཀྱི་རྩ་དོན་དང་ང་རང་ཚོ་ཐུན་མོང་གི་ཁེ་ཕན་བསྒྲུབ་པའི་དོན་དུ་སྒྲིག་འཛུགས་འདི་ལས་ལྷག་མེད། བོད་མིའི་སྒྲིག་འཛུགས་འདི་གལ་ཆེན་པོ་ཡིན་པ་དྲན་པའི་ཐོག་ནས་ཚགས་ཚུད་ཡོང་ཐབས་སུ་འབད་བརྩོན་གནང་དགོས་ཀྱི་འདུག
དེ་སྔ་ལྷོ་ཕྱོགས་ཀྱི་མཐོ་རིམ་སློབ་གྲྭ་ཞིག་ལ་འགྲོ་བའི་སྐབས་སློབ་མ་ཞིག་གིས། མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ལས་སློབ་སྤྱི་དང་ཐུག་འཕྲད་བྱེད་རྒྱུ་ལས་སླ་བ་ཡོད། རྒྱ་གར་མཐོ་རིམ་སློབ་གྲྭའི་ནང་ཡོད་པའི་བོད་པའི་སློབ་ཕྲུག་ཚོ་ཚང་འཛོམས་བྱུང་རྒྱུའི་དུས་ཚོད་མེད་པ་ལྟ་བུ་ཞིག་རེད། ཅེས་དང་།  སློབ་སྤྱི་རྣམས་ནས་ཀྱང་བོད་པའི་སློབ་ཕྲུག་རྣམས་སྔར་བཞིན་སློབ་སྦྱོང་ལ་དོ་སྣང་མེད་པ་ཆགས་ཀྱི་འདུག ཅེས་གསུངས་བྱུང་། གནས་ཚུལ་དེ་ལྟ་བུ་གོ་ཡོང་དུས་བློ་ཕམ་བྱུང་གི་འདུག
དེར་བརྟེན་བོད་སློབ་ནང་ཕན་ཚུན་གཅིག་གིས་གཅིག་ལ་སྐུལ་མ་དང་བཟང་པོའི་བསླབ་བྱ་བྱེད་ཐུབ་ན་ཡག་པོ་ཡོད། ཉེ་ཆར་མཐོ་རིམ་སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པ་དང་ལྷན་ཚོགས་འདུ་ཚོགས་ནས་གྲོས་གཞི་འགའ་ཤས་ཐོག་རིམ་པས་ལག་ལེན་བསྟར་རྒྱུ་ཡིན། མཐོ་རིམ་སློབ་གྲྭའི་སློབ་མ་རྣམས་དང་གང་ཐུབ་ཀྱིས་ཐུག་འཕྲད་དང་། དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་གནང་ན་དགེ་ཕན་ཆེ་བ་ཡོད་སྐོར་གསུང་གི་ཡོད་པ་བཞིན། ངས་ཀྱང་དེའི་ཐོག་མོས་མཐུན་དང་གལ་ཆེན་པོ་ཡིན་པ་དྲན་གྱི་ཡོོད། ང་ཚོའི་ངོས་ནས་གང་ཡོང་བྱེད་ཀྱི་ཡོད་ཀྱང་སློབ་ཕྲུག་ཕོན་ཆེ་བའི་རྐྱེན་གྱིས་ལྷག་བསྡད་པ་ཡོང་གི་འདུག དེ་འདྲའི་ཐོག་ད་ལྟ་བོད་སློབ་ཚོགས་པ་ཁག་མང་པོ་ཞིག་ཡོད་པ་ཚོས་སློབ་ཕྲུག་གསར་པ་འཛུལ་ཞུགས་དང་འབྲེལ་བའི་ཐོག་ནས་རོགས་པ་གནང་གི་ཡོད་པ་འདི་ཧ་ཅང་ཡག་པོ་རེད་དྲན་གྱི་ཡོད།
ངས་ཞུ་འདོད་ཅིག་ལ། བོད་པའི་གཤིས་ཀ་ལ་དཀའ་ངལ་ཞིག་ལ། བོད་པའི་མཐོ་རིམ་སློབ་ཁག་གི་སློབ་ཕྲུག་ཕན་ཚུན་དམིགས་བསལ་འབྲེལ་བ་མེད་པ་ཞིག་མཐོང་གི་འདུག མཐོ་རིམ་སློབ་གྲྭ་ཁག་སོ་སོ་ཚོགས་ཁག་མི་འདྲ་བ་བྱས་ནས་གཞན་དང་འབྲེལ་བ་མེད་པ་འདྲ་བོ་ཞིག་རེད་འདུག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །

(3)