བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་སྐོར་གྱི་གོ་བསྡུར་མཇུག་བསྒྲིལ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༨ ཉིན་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་སྐོར་གྱི་གོ་བསྡུར་མཇུག་བསྒྲིལ་བའི་མཛད་སྒོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་གྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་དམིགས་བསལ་བཀའ་སློབ་གནང་གྲུབ་རྗེས། ཕྱི་དྲོ་ཆུ་ཚོད་༢ པའི་ཐོག་ཚོགས་བཅར་བ་རྣམས་ཚོགས་ཆུང་བཅུ་གཉིས་ལ་ཆ་བགོས་ཀྱིས་སློབ་གྲྭ་ཁག་གི་ནང་སློབ་སྤེལ་གནང་ཕྱོགས་ཐད་གོ་བསྡུར་གནང་བ་དང་། ཕྱི་དྲོ་ཆུ་ཚོད་ ༤ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློང་བཟང་སེངྒེ་མཆོག་དང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་དང་། སྣང་ས་ཆོས་སྒྲོན་ལགས་བཅས་དབུ་བཞུགས་ཐོག ཚོགས་ཆུང་སོ་སོའི་ཚོགས་གཙོས་གོ་བསྡུར་བྱུང་བ་རྣམས་སྒྲོག་སྦྱང་གྲུབ་རྗེས་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་སྔ་དྲོར་༸གོང་ས་མཆོག་དབུས་བཞུགས་ཐོག་གནས་ཚུལ་ཁ་ཤས་ཞུས་པ་ཡིན། དེ་ལས་ལྷག་ངས་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག
ང་ཚོའི་ཐ་སྙད་སྐོར་བཀའ་མོལ་ཞིག་ཡོང་གི་འདུག ང་ཚོ་འདིར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཟེར་རྒྱུ་འདི་གཏན་འབེབས་ལྟ་བུ་བྱུང་ཡོད། འོན་ཀྱང་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད་ཀྱི་ནང་དོན་ཁག་ཀློག་པ་ཡིན་ན། དེའི་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཟེར་རྒྱུ་ཞིག་ཡོད། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཟེར་རྒྱུ་འདི་ཡོད་པའི་སྐབས་སུ་བགྲོ་གླེང་ཁ་ཤས་བྱུང་སྟེ་ཉེ་ཆར་ལྡི་ལིར་སྐུ་མདུན་དབུ་བཞུགས་ཐོག་ཚོགས་འདུ་གནང་བའི་རྗེས་བཀའ་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། ཆོས་རིག་བཀའ་བློན་མཆོག རྡ་ས་བོད་ཁྱིམ་དབུ་འཛིན་བཀའ་ཟུར་རྗེ་བཙུན་པདྨ་མཆོག ཤེས་རིག་གི་འབྲེལ་ཡོད་ལས་བྱེད་བཅས་དེའི་སྟེང་ཐ་སྙད་གཏན་འབེབས་བྱུང་ན་ཡག་པོ་འདུག་ཅེས་གནས་སྟངས་ཚང་མ་གོ་བསྡུར་གནང་སྟེ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་བརྗོད་ན་ཡག་པ་འདུག་སྤྱི་མོས་ཐོག་གཏན་འབེབས་བྱུང་བ་རེད། ཅེས་ཞུ་རྒྱུ་ཡིན།
དེ་རིང་སྔ་དྲོ་༸གོང་ས་མཆོག་མཇལ་ཁའི་སྐབས་ནང་ཚགས་ལྟ་བུ་ཐུགས་ཧ་ཅང་མཉེས་པོ་བྱུང་ཡོད་པ་ལྟ་བུ་ང་ཚོ་ཚང་མས་མཇལ་ཡོད། འོན་ཀྱང་མཐའ་མ་དེར་ང་ཚོའི་སྟེང་འགན་འཁུར་ཆེན་པོ་ཞིག་གནང་སོང་སྙམ་པ་ལྟ་བུ་ཞིག་ཡོད། རྣམ་པ་ཚོ་ཚང་མས་འདི་ཐུགས་ལ་མ་བརྗེད་པ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་འདུག རྩ་བའི་ནང་ཆོས་ངོ་སྤྲོད་སྐབས་སུའང་༸གོང་ས་མཆོག་གིས་བཀའ་གནང་སོང་། དེ་རིང་སྔ་དྲོ་ཡིན་ནའང་ཚང་མས་འགན་འཁུར་འདི་ཕྱོགས་གཅིག་ནས་བཟང་སྤྱོད་ལྡན་པའི་འཛམ་གླིང་ཞིག་ཡོང་ཐབས་སུ་ང་ཚོས་འགན་འཁུར་བཞེས་དགོས་རྒྱུ་དང་། གཉིས་པ་ནི། སྐབས་སུ་བབ་པའི་ང་རང་ཚོའི་སྤྱི་ཚོགས་ནང་སྨོས་མ་དགོས་པར་རྒྱ་གར་ནང་དུ་ཡིན་ནའང་དེ་ཚོའི་ཐོག་ཞབས་འདེགས་ཞུ་ཐུབ་པའི་ནུས་པ་ཡོད་པའི་བཀའ་སློབ་ཕེབས་པ་རེད། དེར་བརྟེན་དེ་ཚོའི་ཐོག་དགོངས་པ་རྒྱ་ཆེ་ཙམ་བཞེས་རྒྱུ་གནད་འགག་ཆེན་པོ་འདུག་སྙམ་པ་བྱུང་།
ལས་དོན་ཆེ་ཕྲ་ཆུང་གསུམ་ཇི་འདྲ་ཞིག་ཡིན་རུང་རྒྱབ་མདུན་ངོ་ལྐོག་མེད་པར་གནང་དགོས་རྒྱུ་གནད་འགག་ཆེན་པོ་རེད་འདུག དཔེར་ན། ༸གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་དཔེ་དེབ་ཁག་གཉིས་གསུམ་གྱི་སྐོར་དགོངས་འཆར་མང་པོ་ཕེབས་སོང་། ཆོས་ལུགས་ཀྱི་མཚམས་ལས་འདས་པ་ཞེས་པའི་དཔེ་དེབ་ཀྱི་མཇུག་ཏུ་༸གོང་ས་མཆོག་གིས་དུས་རབས་འདིའི་དུས་ཚོད་གང་ཙམ་རྫོགས་ཟིན་ནའང་། དུས་ཚོད་ཡོང་རྒྱུ་མང་པ་ལྷག་ཡོད་སྟབས། མཛའ་བརྩེ་དང་། སྙིང་རྗེ་སོགས་ལྡན་པའི་དུས་རབས་ཤིག་ཡོང་བའི་ངོས་ཀྱི་རེ་བ་དང་སྨོན་ལམ་འདི་ཡིན། ཞེས་མཇུག་སྒྲིལ་འདུག དེ་དག་བླ་མའི་བཀའ་དྲིན་གསབ་རྒྱུ་ཟེར་ན་མི་འདུག འཇིག་རྟེན་སྤྱི་ལ་འགན་འཁུར་བའི་ཐོག་ནས་སོ་སོའི་འཇོན་ནུས་ལ་དཔགས་པའི་འབད་བརྩོན་གནང་དགོས་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད། ཅེས་སོགས་ཀྱིས་གསུང་བཤད་གནང་།
གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་ལྷན་གསུང་བཤད་གནང་དོན། ཐོག་མར་དེ་རིང་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གསུང་དུས་ཤེས་རིག་བཀའ་བློན་མཆོག་གིས་བཟང་སྤྱོད་དང་འབྲེལ་བའི་མིག་དཔེ་བཟང་པོ་ཞིག་བསྟན་བྱུང་། བཟང་སྤྱོད་དང་འབྲེལ་ཏེ་སྲིད་སྐྱོང་ལ་དུས་ཚོད་རིང་བ་གནང་རྒྱུ་འདི་ནི་རང་ལས་གཞན་གཅེས་ཞེས་པའི་དཔེ་ལྟར་རེད།
དེ་སྔ་ང་རང་ཤེས་རིག་བཀའ་བློན་བྱས་མྱོང་ཡོད་མཁན་ཞིག་ཡིན་སྟབས། ཤེས་རིག་གི་ལས་དོན་བྱེད་ཕྱོགས་དང་བཅས་པར་རྒྱུས་ཡོད་པར་བརྟེན། ཤེས་རིག་ནས་གོ་སྒྲིག་གནང་བའི་མཛད་སྒོ་ཕལ་ཆེར་བཅར་གྱི་ཡོད། དེ་ནི་ངས་ཤེས་ཡོན་གལ་ཆེ་ཤོས་རྩིས་ཀྱི་ཡོད་པ་མ་ཟད། ཐོག་མར་དམ་འབུལ་ཞུས་པའི་སྐབས་ལའང་ཤེས་ཡོན་གལ་ཆེ་ཤོས་ཡིན་པའི་ཁྱབ་བསྒྲགས་ཡོད། དེ་ཞུས་དགོས་དོན་ནི། སྔ་ལོ་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པ་དང་། ང་ཚོས་བྱེད་ཐུབ་པ་ཞིག་རེད་། ཅེས་བཀའ་ཕེབས་སྐབས་སེམས་ཚོར་ཧ་ཅང་ཆེན་པོ་བྱུང་། རྒྱུ་མཚན་འདིར་བརྟེན་ང་ཚོས་བྱེད་ཐུབ་པའི་ལས་དོན་དེ་དག་འཐུས་ཤོར་མི་འགྲོ་བའི་སླད་ཤེས་ཡོན་གལ་ཆེ་ཤོས་སུ་རྩིས་མུས་ཡིན་།  དེའི་ཐོག་༸གོང་ས་མཆོག་གིས་སྲིད་སྐྱོང་གི་ཤེས་ཡོན་གལ་ཆེན་པར་རྩིས་པར་རྒྱབ་སྐྱོར་ཡོད་ཅེས་བཀའ་ཕེབས་སྟབས་འགན་དེ་བས་ཆེ་བ་ཞིག་སླེབས་ཀྱི་འདུག
ང་རང་སྒེར་ལ་མཚོན་ནའང་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཤེས་ཡོན་གྱི་གོ་སྐབས་བཟང་པོ་ཐོབ་པ་མ་ཟད། ཤེས་ཡོན་ལ་བརྟེན་ནས་སོ་སོའི་རྐང་པའི་ཐོག་ལངས་ཐུབ་པ་བྱུང་སོང་། དེ་བཞིན་བོད་པའི་གཞོན་སྐྱེས་ཚོ་ཤེས་ཡོན་ཧྲ་ཐག་ཐག་ཐོག་ནས་ཉུང་མཐར་སོ་སོའི་རྐང་པའི་སྒང་ལངས་ཐུབ་པ་དང་། ཕ་མ་སྤུན་མཆེད། དེ་ནས་རིམ་པས་སྤྱི་ཚོགས་དང་ཆེ་ས་ནས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་དྲིན་ལན་གསོོབ་ཐུབ་པ་དང་ཞབས་ཕྱི་ཞུ་ཐུབ་ཀྱི་རེད་བསམ་པའི་ཐོག་ང་རང་ཡིན་ནའང་ངེས་པ་རྙེད་པའི་ཐོག་ཤེས་ཡོ་གལ་ཆེན་པོ་རྩི་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང།།
ཐེངས་འདིའི་ཚོགས་འདུ་སྟེང་དྷ་ས་བོད་ཁྱིམ་ཁྱབ་ཁོངས་སློབ་ཁག་བཅུ་གཉིས་ནས་ཚོགས་བཅར་བ་ ༡༢༧ དང་། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སློབ་ཁག་གསུམ་ནས་ཚོགས་བཅར་བ་ ༣༡། སཾ་བྷོ་ཊ་བོད་སློབ་ཁྱབ་ཁོངས་སློབ་ཁག་ ༢༥ ནས་ཚོགས་བཅར་བ་ ༧༤། དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་ཁག་ ༡༤ ནས་ཚོགས་བཅར་བ་ ༢༨། བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་ཁག་ ༨ ནས་ཚོགས་བཅར་བ་ ༡༢། བྷུན་ཏར་དང་ས་རཱ། སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་བཅས་ནས་ཚོགས་བཅར་བ་གསུམ། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་གྲངས་ ༢༤། ལས་འཆར་གྱི་སྦྱིན་བདག་བཞི་བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༣༠༣ ལྷན་འཛོམས་གནང་ཡོད་པ་དང་། ཤྲཱི་ན་གྷར་ནས་སྐུ་ཚབ་གཉིས་གདན་འདྲེན་ཞུས་ཀྱང་ཕེབས་ཐུབ་མེད་པ་དང་། ཚོགས་འདུ་འདིའི་འགྲོ་གྲོན་ཐད་ཨ་རི་གནས་སྡོད་ཕག་རི་བ་དངོས་ཁང་ཆོས་དབང་ཚེ་རིང་གིས་སྦྱིན་བདག་ཞུས་པ་བཅས།

(26)