སློབ་གྲྭའི་སྡེ་ཁག་གི་འགན་འཛིན་ཚོགས་འདུ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་རྒྱ་བལ་ནང་ཡོད་པའི་བོད་མིའི་སློབ་གྲྭའི་སྡེ་ཁག་གི་འགན་འཛིན་ཚོགས་འདུ་དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཡོལ་ཙམ་ཐོག་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་དྲུང་ཚབ་ཀརྨ་སེངྒེ་ལགས། ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། ཤེས་རིག་ལས་ཁུངས་ཀྱི་དེང་དུས་དང་སྲོལ་རྒྱུན་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས། ཤེས་རིག་དྲུང་གཞོན་སྐལ་བཟང་མགོན་པོ་ལགས། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་དང་སྤྱི་ཁྱབ་ཤེས་ཡོན་འགན་འཛིན། མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་དང་དྲུང་ཆེ་གཞོན་པ། སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་གཞོན་པ། དོན་གྲུབ་གླིང་སློབ་གྲྭའི་འགན་འཛིན་བཅས་ལྷན་འཛོམས་ཀྱིས་ཐོག་མར། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཚོགས་འདུའི་ལས་རིམ་ཁག་ངོ་སྤྲོད་གནང་བསྟུན། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསུང་བཤད་གནང་།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་དང་ཆབས་ཅིག བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་གསུང་སྐབས་ལོ་ལྔའི་ནང་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་གནད་དོན་ཇི་ཡོད་སྐོར་གསུངས་པ་མ་ཟད།   འབྱུང་འགྱུར་བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་སྤྲོད་ཕྱོགས་སོགས་སྤྱི་ཡོངས་ཀྱི་སྒྲོམ་གཞིའི་ནང་འགྱུར་བཅོས་གཏང་དགོས་པའི་གནས་སྟངས་ཇི་ཡོད་སྐོར་གསུང་དོན།
ང་ཚོས་དུས་རྟག་ཏུ་སློབ་གྲྭ་ཁག་ལ་མཐུན་རྐྱེན་དང་སློབ་ཡོན་ཚང་གི་མེད་ལུགས་སྐོར་ཤོད་བཞིན་ཡོད། ད་བར་བསམ་བློའི་རྨང་གཞིའི་ནང་ཚང་མ་ལ་སྙོབ་ཐབས་དང་འདྲ་མཉམ་བྱེད་དགོས་ཀྱི་ཡོད་ཅེས་སེམས་བཞིན་ཡོད། བཀའ་ཤག་ནང་ལའང་སྒྲིག་གཞི་གང་འདྲ་ཞིག་བཟོས་ཀྱང་བསམ་བློ་དེ་དེ་བཞིན་འགྲོ་བཞིན་ཡོད། ཉེ་བའི་ཆར་ཕྲན་བུ་འགྱུར་བ་གཏོང་བཞིན་ཡོད། དོན་དངོས་ཐོག་བཤད་ན་སློབ་གྲྭ་ཚང་མར་སློབ་སྤྱི་དང་དགེ་རྒན། མཐུན་རྐྱེན། ལས་བྱེད་སོགས་ཚད་སྙོམ་མཐུན་རྐྱེན་སྦྱར་ཐབས་མེད། དེ་ལས་ང་ཚོས་འཛིན་རིམ་དྲུག་པ་ཡན་གྱི་སློབ་ཕྲུག་ཚོར་དམིགས་བསལ་གྱིས་ཚན་རིག་དང་ཨང་རྩིས། བོད་ཡིག རོལ་ཆ། བཟོ་རིག ལུས་རྩལ་སོགས་སོ་སོའི་དོ་དབྱིངས་ཡོད་པའི་སློབ་ཚན་ཐོག་སློབ་སྦྱོང་བྱེད་ཆེད་སློབ་གྲྭ་ལོགས་སུ་འཛུགས་ཐུབ་ཚེ་སློབ་ཚན་སོ་སོའི་ཐོག་ཁྱད་ལས་དགེ་རྒན་གྱི་མཐུན་རྐྱེན་ཏན་ཏན་སྦྱར་ཐུབ་རྒྱུ་ཡིན་པ་མ་ཟད། དེ་ལྟར་གནང་ཐུབ་ཚེ་སློབ་ཚན་སོ་སོའི་ཐོག་ཁྱད་ལས་ཚད་སྙོམ་འཐོན་རྒྱུ་ཡིན་པ་དང་། ང་ཚོའི་སྤྱི་ཚོགས་ལའང་ཕུགས་རྒྱང་རིང་པོར་དགེ་མཚན་ཆེ་ཚུལ་སྐོར་སོགས་གསུངས་པ་མ་ཟད།    སློབ་གྲྭ་ཁག་གི་ནང་བུད་མེད་ནུས་སྟོབས་ཉིན་མོར་སློབ་ཕྲུག་ཚོ་མཛད་སྒོར་མཉམ་ཞུགས་བྱེད་མི་དགོས་པར་སློབ་གྲྭ་སོ་སོའི་ནང་བུད་མེད་ནུས་སྟོབས་དང་འབྲེལ་བའི་ཐོག་འབྲི་རྩོམ་འགྲན་བསྡུར་དང་བགྲོ་གླེང་སོགས་གོ་སྒྲིག་གནང་གལ་དང་།  སློབ་གྲྭའི་ནང་བུད་མེད་སློབ་ཕྲུག་རྣམས་ཀྱི་བདེ་འཇགས་དང་འབྲེལ་བའི་སྐོར་གསུང་སྐབས་སློབ་གྲྭའི་ནང་དགེ་རྒན་ལས་བྱེད་སུ་རུང་ནས་སློབ་གྲྭའི་བུ་མོ་ཚོར་བཙན་གཡེམ་ལ་སོགས་བརྙས་བཅོས་རིགས་བྱུང་ཚེ། གནས་ཚུལ་དེ་རིགས་ལ་བཟོད་སྲན་བྱེད་ཐབས་རྩ་བ་ནས་མེད་པ།  གལ་ཏེ་སྤྱོད་ངན་རིགས་དེ་འདྲ་བྱུང་ཚེ་འབྲེལ་ཡོད་ཉེས་ཅན་པ་དེ་སློབ་གྲྭ་ནས་འཕྲལ་མར་ཕྱིར་འབུད་གཏོང་རྒྱུ་མ་ཟད། རྒྱ་གར་ས་གནས་ཉེན་རྟོག་པར་རྩིས་སྤྲོད་བྱེད་དགོས་སྐོར་བསྐྱར་ནན་གསུངས་ཡོད།  དེ་རྗེས་ཤེས་རིག་དྲུང་ཚབ་ཀརྨ་སེངྒེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད།
ཐེངས་འདིའི་ཚོགས་འདུའི་གྲོས་གཞི་ཁག་ནི།

  • རང་རེའི་སློབ་ཁག་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་བཞིན་པར་སོང་། འབྱུང་འགྱུར་ལོ་ཤས་ནང་སྔོན་འགྲོ་དང་གཞི་རིམ་འོག་མ། གཞི་རིམ་བར་མའི་དབར་གྱི་དགེ་རྒན་གྱི་དགོས་མཁོའི་འཆར་གཞི་དང་ཕྱོགས་མཚུངས་སྲིད་བྱུས་ལག་བསྟར་ཇི་བཞིན་ཡོང་ཐབས་ཇི་དགེའི་སྐོར་དང་།
  • མ་འོངས་བཙན་བྱོལ་ནང་གི་སློབ་གྲྭ་ཡོངས་ཀྱི་ཤེས་ཡོན་དང་འབྲེལ་བའི་གནད་དོན་ཐད་ལམ་སྟོན་གནང་མཁན་ཆེས་མཐོའི་ཚོགས་ཆུང་ཞིག་གསར་འཛུགས་གནང་ཕྱོགས་ཇི་དགེའི་སྐོར།
  • བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕྲུ་གུའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པའི་གནས་སྟངས་དང་བསྟུན་སློབ་གྲྭ་ཁག་ནང་སློབ་འཇུག་གནང་ཕྱོགས་དང་། དེ་བཞིན་ཧི་མཱ་ལ་ཡའི་ཕྲུ་གུ་སློབ་འཇུག་གནང་ཕྱོགས་ཐད་ཚད་འཛིན་བརྒྱ་ཆའམ་སྤྱི་ཡོངས་སྲིད་བྱུས་ཤིག་གཏན་འབེབས་གནང་ཕྱོགས་ཇི་དགེའི་སྐོར།
  • ཤེས་རིག་ལས་ཁུངས་དང་བོད་ཁྱིམ་གཉིས་ཀྱི་མཐོ་སློབ་སློབ་ཡོན་སྤྲོད་ཕྱོགས་འདྲ་མཚུངས་ཡོང་ཐབས་དང་། མཐོ་སློབ་འགྲིམ་བཞིན་པའི་སློབ་མ་རྣམས་ཀྱི་ཤེས་ཡོན་དང་ཀུན་སྤྱོད་སོགས་རྟོག་ཞིབ་སླད་མཐོ་སློབ་ཁག་ཏུ་བསྐོར་བསྐྱོད་གནང་ཕྱོགས་ཇི་དགེའི་སྐོར།
    སྨན་པའི་སློབ་སྦྱོང་ MBBS དང་བཟོ་སྐྲུན་རིག་གནས་ B.Tech. ས་མིག་ཁག་གི་འགྲན་རྒྱུགས་AIPMT/JEE ནང་ཞུགས་བློ་ཡོད་རིགས་རྣམས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་བྱེད་པའི་དམིགས་བསལ་སྦྱོང་བརྡར་ཆེད་འདེམས་སྒྲུག་གནང་ཕྱོགས་ཇི་དགེའི་སྐོར་བཅས་ཡིན་འདུག

(30)