སྐབས་ལྔ་པའི་ཆེས་མཐོའི་ཐ་སྙད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་འདུ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༣ ནས་ ༡༧ བར་ཉིན་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་ཚན་པའི་གོ་སྒྲིག་འོག རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་སྐབས་ལྔ་པའི་ཐ་སྙད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་འདུ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གཙོས་སྐབས་ལྔ་པའི་ཆེས་མཐོའི་ཐ་སྙད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་གཙོ་ཤེས་རིག་ཐ་སྙད་ཚན་པའི་འགན་འཛིན་ཟུར་པ་ཀརྨ་སྨོན་ལམ་ལགས་དང་། ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། སྨན་རམས་པ་ཚེ་རིང་ཐག་གཅོད་ལགས། དབུས་སྨན་རྩིས་ཁང་གི་སྨན་རམས་པ་པདྨ་ཚེ་མཚོ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་རྒྱ་ཡིག་ཚན་པའི་འགན་འཛིན་བྱམས་པ་བསྟན་འཛིན་ལགས། བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་ཚན་པའི་འགན་འཛིན་ཀརྨ་ཐུབ་བསྟན་ལགས། ཤེས་རིག་ཐ་སྙད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་བཅས་ཚང་འཛོམས་ཀྱིས་ཐོག་མར། ཤེས་རིག་ཐ་སྙད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་སྐབས་ལྔ་པའི་ཚོགས་མི་རྣམས་ངོ་སྤྲོད་གནང་གྲུབ་བསྟུན་ཐ་སྙད་ཚན་པའི་བྱུང་རིམ་དང་ཐ་སྙད་གཏན་འབེབས་གནང་སྐབས་ཐུགས་སྣང་གནང་དགོས་ཁག་ངོ་སྤྲོད་གནང་གྲུབ་མཚམས་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ཐ་སྙད་གཏན་འབེབས་བྱེད་རྒྱུའི་ལས་དོན་འགོ་འཛུགས་གནང་ཐུབ་པ་ནི་རླབས་ཆེན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ད་ལྟའི་ཆར་ང་ཚོར་ཛ་དྲག་ཆེ་ཤོས་དེ་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་རྒྱུའི་གནས་སྟངས་ཤིག་ཆགས་ཡོད།
དེའི་ནང་ནས་མྱུར་སྐྱོབ་ཀྱི་ལས་ཀ་ལྟ་བུའི་ཐོག་ང་ཚོ་ཚང་མས་ཤུགས་བརྒྱབ་དགོས་པ་ཞིག་ཆགས་འདུག དེའི་ཆ་ཤས་ཀྱི་ནང་ཐ་སྙད་གཏན་འབེབས་འདི་ཧ་ཅང་གལ་ཆེན་པོ་རེད་འདུག ད་ལྟ་ཐ་སྙད་ཚན་པའི་འགན་འཛིན་གྱིས་ཐ་སྙད་ཁག་གཅིག་ང་ཚོར་དེ་སྔ་ནས་ཡོད་པ་དེ་དག་བེད་སྤྱོད་ནང་མེད་པ་གསུངས་སོང་བས་ཉམས་པ་སླར་གསོ་ལྟ་བུ་ཡང་ཆགས་ཀྱི་འདུག ངའི་བསམ་བློའི་ནང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཞེས་པའི་སྡེ་ཚན་གཉིས་ཀྱི་ནང་མི་ཉམས་གོང་འཕེལ་ནང་ཐ་སྙད་འདི་ཧ་ཅང་འགན་ཆེན་པོ་ཞིག་ཆགས་ཀྱི་འདུག གང་ལ་ཞེ་ན། སྐད་ཡིག་ཡོད་པ་དེ་ཕྱུག་ཏུ་དང་གོང་དུ་སྤེལ་དགོས་སྟབས། ཕྱུག་ཏུ་གཏོང་བར་ཐ་སྙད་གསར་པ་སླེབས་དགོས་ཀྱི་ཡོད། ཐ་སྙད་གསར་པ་དེ་དག་རྣམ་པ་ཚོས་གཏན་འབེབས་གནང་གི་ཡོད་པར་བརྟེན། རྣམ་པ་ཚོའི་ལས་དོན་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་དང་། དེ་བཞིན་བཀའ་བློན་མཆོག་གིས་ད་བར་ཐ་སྙད་གཏན་འབེབས་གནང་བའི་དེབ་ཕྲེང་བརྒྱད་ཙམ་བཏོན་ཐུབ་པ་དེར་བསྔགས་བརྗོད་གནང་བ་དང་སྦྲགས། ལས་དོན་འདིའི་ཐོག་མུ་མཐུད་ལས་ཤུགས་ཆེ་རུ་ཇི་ལྟར་གཏོང་དགོས་པ་དང་། ཐ་སྙད་དེ་དག་དེབ་གཟུགས་སུ་བཀོད་པ་ཙམ་མིན་པར་མང་ཚོགས་ཁྲོད་བཀོལ་སྤྱོད་ཐུབ་པ་ཇི་ལྟར་བཟོ་དགོས་པའི་ཐོག་དགོངས་པ་བཞེས་དགོས་སྐོར། ཐ་སྙད་གཏན་འབེབས་བྱེད་རྒྱུའི་ལས་འགན་ཆེན་པོ་སྒྲུབ་བཞིན་ཡོད་ཀྱང་མང་ཚོགས་ནས་མངོན་གསལ་མེད་པ་དང་དེ་ཙམ་དོ་སྣང་མེད་པ་ལྟ་བུ་ཞིག་ཡོད་པ་དེར་ཚང་མས་དོ་སྣང་སླེབས་ཐུབ་པ་དང་བཀོལ་སྤྱོད་ཐུབ་པ་ཞིག་བཟོ་རྒྱུའི་ཐོག་དགོངས་པ་བཞེས་ཏེ་ཤུགས་བརྒྱབ་དགོས་གལ་སོགས་ཀྱི་སྐོར་གསུང་བཤད་གནང་།
དེ་ཡང་ཤེས་རིག་ཐ་སྙད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་གསར་འགོད་པར་ཐ་སྙད་གཏན་འབེབས་དང་འབྲེལ་བའི་སྐོར་གསུང་དོན། བཀའ་ཤག་སྐབས་ ༡༣ སྐབས་ང་ཚོའི་སྤྱི་ཚོགས་ནང་ཐ་སྙད་གཅིག་གྱུར་དགོས་སྐོར་བཀའ་བསྡུར་བྱུང་ཡོད། སྤྱིར་བཏང་ཨིན་ཇི་དང་བོད་ཡིག་ནང་ཚིག་མཛོད་མང་པོ་ཡོད། འོན་ཀྱང་གཅིག་གྱུར་གྱི་ཐ་སྙད་གཏན་འབེབས་མེད་སྟབས་བཀོལ་སྤྱོད་བྱེད་སྐབས་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད། དེར་བརྟེན་བཀའ་ཤག་སྐབས་ ༡༣ པས་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་གཟིགས་ནས། གཙོ་བོ་བོད་པའི་ཆོས་དང་རིག་གཞུང་དེའི་ནང་ནས་ང་ཚོའི་སྐད་ཡིག་མི་ཉམས་རྒྱུན་འཛིན་ཆེད་སྐད་ཡིག་གསོན་པོར་གནས་ཆེད་རིགས་ཚན་འདྲ་མིན་གྱི་ཐོག་ཕྱི་ལོ་ ༢༠༠༦ ཟླ་ ༥ ཚེས་ ༡ ནས་ཐ་སྙད་གཏན་འབེབས་གནང་འགོ་བཙུགས་པ་རེད། ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་ཀྱི་དེབ་ཕྲེང་དང་པོ་དེ་ཕྱི་ལོ་ ༢༠༠༨ ནང་པར་སྐྲུན་ཐུབ་པ་བྱུང་ཡོད་ཅིང་། དེབ་དེའི་ནང་ཐ་སྙད་ཁྱོན་བསྡོམས་ ༡༥༠༠ ཙམ་ཡོད། ད་བར་ལོ་རེར་གཏན་འབེབས་ལྷན་ཚོགས་ཐེངས་གཉིས་རེ་ཚོགས་ཏེ་ཚིག་ཕལ་ཆེར་ཆིག་སྟོང་ཙམ་གཏན་འབེབས་གནང་ཡོད། ད་བར་དེབ་ལྔ་སྟོང་ཙམ་པར་སྐྲུན་ཞུས་ཏེ་སློབ་གྲྭ་ཁག་དང་། དགོན་སྡེ་ཁག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ལ་རིན་མེད་ཀྱི་ཐོག་འགྲེམས་སྤེལ་གནང་ཡོད། འབྱུང་འགྱུར་ཐ་སྙད་ཀྱི་ཆེད་དྲ་རྒྱ་གསར་དུ་བཟོ་རྒྱུ་མ་ཟད། དྲ་རྒྱའི་ཐོག་དགོངས་འཆར་བཀོད་ས་ཡོད་པ་ཞིག་བཟོ་འཆར་ཡོད། ཐེངས་འདིའི་ཐ་སྙད་གཏན་འབེབས་ཀྱི་ཚོགས་འདུ་ཐེངས་བཅུ་དྲུག་པ་དེ་ཆགས་ཡོད། ཕྱི་ཚེས་ ༡༣ ནས་འགོ་འཛུགས་ཀྱིས་ཉིན་གྲངས་ལྔ་རིང་ཚོགས་གཏན་འཁེལ་ཡོད། ཆེས་མཐོའི་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་མི་ཚང་མ་གསར་པ་ཆགས་ཡོད། ཅེས་གསུངས།།

(10)