ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་ཀྱི་གསུང་བཤད།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས ༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༤༥ ནས་ ༤།༤༥ བར་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཚོགས་གཙོ་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་རྣམ་གཉིས་ཀྱིས་གཙོས་སྡེ་ཚན་འགན་འཛིན་དང་། ཤེས་ཡོན་འགན་འཛིན། མདུན་ལམ་སློབ་སྟོན་པ། སློབ་དེབ་རྩོམ་སྒྲིག་པ་རྣམ་པ། གཞན་ཡང་དྷ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ། སམ་བྷོ་ཊའི་ལས་འཆར་འགན་འཛིན་དང་། དྷ་ས་ཁུལ་གྱི་སློབ་ཁག་གི་དབུ་འཛིན་དང་སློབ་སྤྱི། དགེ་ཆེ། ལྟ་གྲུབ་དགེ་རྒན་བཅས་མི་གྲངས་ ༥༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་བཞེད་དང་མཐུན་པར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཉམས་ལེན་གནང་ཕྱོགས་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་ལས་རིམ་གོ་སྒྲིག་ཞུས།
དེ་ཡང་ཐོག་མར་ཤེས་ཡོན་ལྷན་ཚོགས་འགན་འཛིན་ཚེ་རིང་བསམ་གྲུབ་ནས་ཕེབས་བསུ་དང་སྦྲགས་ལས་འཆར་གྱི་གལ་གནད་ངོ་སྤྲོད་ཞུ་རྗེས།  ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་མཆོག་ནས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགོངས་གཞི་གསུམ་ལས་དང་པོ་དང་འབྲེལ་ཆགས་པའི་རྒྱབ་ལྗོངས་དང་། དེའི་ནང་དོན་གལ་ཆེ་ཁག  ཨི་མོ་རི་གཙུག་ལག་སློབ་ཁང་དུ་བསླབ་གཞི་རྩ་འཛིན་བཟོ་འགོད་གནང་བའི་བརྒྱུད་རིམ། ཕྱི་རྒྱལ་དང་རྒྱ་གར་སློབ་ཁག་ནང་དོ་སྣང་ཇི་ཙམ་གནང་གི་ཡོད་མེད། ལྷག་པར་དུ་བོད་པའི་སློབ་ཁག་ནང་ལག་བསྟར་གནང་ཕྱོགས་སོགས་ལམ་སྟོན་ཞིབ་ཕྲ་གནང་བ་མ་ཟད། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་དང་གོ་བསྡུར་ལྷུག་པོ་གནང་བ་དང་། མཐར་ཤེས་ལྷན་འགན་འཛིན་ནས་གསུང་བཤད་གནང་མཁན་དང་ཚོགས་བཅར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་བཅས།

(25)