ཤེས་རིག་བཀའ་བློན་མཆོག་གིས་རྒྱལ་སྤྱིའི་ཀ་ཁ་ག་ངའི་ལྷན་ཚོགས་ཐེངས་དང་པོར་གསུང་བཤད་གནང་བ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ སྩོལ་བཞིན་པའི་སྐབས་དང་བསྟུན། ཕྱི་ཚེས་ ༡༠ ཉིན་རྒྱ་གར་རྒྱལ་ཡོངས་བོད་པའི་མཐོ་རིམ་སློབ་མའི་སློབ་ཕྲུག་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་ཀ་ཁ་ག་ངའི་ལྷན་ཚོགས་ཐེངས་དང་པོའི་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གདན་ཞུ་གནང་བ་དང་གསུང་བཤད་གནང་།

དེ་ཡང་ལྷན་ཚོགས་སྐབས་བོད་དང་ལ་དྭགས། སོག་པོ། འབྲུག བལ་ཡུལ་བཅས་ནས་མཁས་དབང་ཁག་ཅིག་ཕེབས་པ་དང་། སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་བོད་ཀྱི་སྐད་ཡིག་གི་གལ་གནད་སྤྱི་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་ཀྱིས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་སྐོར་དང་། སྐད་ཡིག་ཇི་འདྲ་ཞིག་ཡིན་ཡང་མི་ཉམས་རྒྱུན་འཛིན་ཡོང་ཐུབ་རྒྱུ་ཟེར་བ་ནི། སྐད་ཡིག་དེ་བཀོལ་སྤྱོད་བྱེད་མཁན་གྱི་མི་རབས་རྒན་པ་ཚོས་མི་རབས་གཞོན་པ་རྣམས་ལ་བརྒྱུད་སྤྲོད་ཇི་ལྟར་བྱེད་ཐུབ་མིན་དང་། བརྒྱུད་སྤྲོད་གང་བྱས་པ་དེ་དག་མི་རབས་གཞོན་པ་ཚོས་གཅེས་འཛིན་ཇི་ལྟར་བྱེད་མིན་ལ་རག་ལུས་ཡོད་སྐོར་སོགས་གསུངས་པ་དང་སྦྲགས། ཐེངས་འདིར་སློབ་ཕྲུག་ཁག་ཅིག་གིས་འབད་བརྩོན་ལ་བརྟེན་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལྷན་ཚོགས་དེ་ལྟ་བུ་ཞིག་གོ་སྒྲིག་གནང་ཐུབ་པར་བསྔགས་བརྗོད་ཀྱང་གནང་འདུག ཕྱོགས་མཚུངས་མཁས་དབང་ཚོས་སོ་སོའི་ས་གནས་ནང་ཀ་ཁ་ག་ངའི་ཡི་གེར་གཞི་བཅོལ་བའི་སྐད་ཡིག་དེའི་གནས་སྟངས་སྐོར་འགྲེལ་བཤད་གནང་བ་མ་ཟད། སྐད་ཡིག་དེ་ཐབས་ལམ་སྣ་ཚོགས་ཐོག་ནས་གཅེས་འཛིན་གནང་གལ་ཆེ་སྐོར་གསུངས། དེ་བཞིན་སྐབས་དེར་ཧི་མཱ་ལ་ཡ་ནང་པའི་ཚོགས་པའི་དྲུང་ཆེས་གསུང་བཤད་གནང་འདུག ལྷན་ཚོགས་ཀྱི་མཐའ་མར་དང་བླངས་སློབ་མ་རྣམས་ལ་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་དང་དམིགས་བསལ་སྐུ་མགྲོན་བཅས་ནས་མཇལ་དར་དང་ཕྱག་འཁྱེར་ཕུལ་འདུག་པ་བཅས།།

(29)