རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ།

༄༅། །རང་བྱུང་རིག་པའི་ལྷ་ལ་ཕྱག་འཚལ་ལོ། །དེ་ཡང་འདི་ལྟ་སྟེ། བག་ཆགས་སྲིད་པའི་གྲོང་ཁྱེར་ཞེས་བྱ་བའི་ཡུལ་ལྗོངས་ན་རི་དྭགས་ཀྱི་དེད་དཔོན་རིགས་པའི་ཟླ་བ་ཞེས་བྱ་བ་ལ་འཁོར་རི་དྭགས་ཀྱི་ཚོགས་ཤིན་ཏུ་མང་པོས་བསྐོར་ནས་ལྗོངས་དཔག་ཏུ་མེད་པར་རྒྱུ་ཞིང་རྩེ་བ་ལས། དུས་རེ་ཞིག་གི་ཚེ་དེད་དཔོན་རིགས་པའི་ཟླ་བས་སྨྲས་པ། ཀྱེ་མ་རི་དྭགས་ཀྱི་ཚོགས་རྣམས་ཁོ་བོའི་ངག་ལ་ཉོན་དང༌། འོ་སྐོལ་རྣམས་ལ་རྩྭ་ཆུ་བཟང་པོ་དོན་དུ་གཉེར་བ་དང། རྩེ་ཞིང་དགའ་མགུ་སྤྱོད་པ་ཙམ་ལས་གཞན་ལས་ཀྱི་སྙིང་པོ་ཅི་ཡང་མི་གདའ། དེ་ལྟ་ནའང་བུང་བ་རྣམས་བཅུད་ལ་ཧ་ཅང་ཆགས་པས་སྲོག་འདོར་བ་བཞིན་རང་ཅག་རྣམས་ཀྱང་སྤང་ལྗོངས་དང༌། ནེའུ་གསིང་གི་བཅུད་ལ་ཆགས་ན་རིགས་ངན་གྱི་རྔོན་པ་ངོ་ཚ་དང་ཁྲེལ་གྱི་གོས་དང་བྲལ་བ་འགའ་ཞིག་དང་འཕྲད་ནས་ཚེ་སྲོག་གློ་བུར་དུ་འདོར་བའི་ཉེན་ཡོད་པས་རྩྭ་ཆུའི་འཚོ་བས་བརྟེན་ཐུབ་ཙམ་པའི་རྫ་ཁྲོད་དབེན་སར་བྲོས་ཏེ་བཙན་ས་འཛིན་པར་འཐད་དོ། །ཞེས་སྨྲས་པ་ན། དེའི་ཁྲོད་ན་རི་དྭགས་འདོད་པའི་ཁྱུ་མཆོག་ཅེས་བྱ་བ་སྒྱུ་རྩལ་དང་མིག་འཕྲུལ་ལ་ཆགས་པ་ཞིག་ཡོད་པ་འདི་སྐད་དུ།
ཀྱེ་ཧོ། རི་དྭགས་ཀྱི་དེད་དཔོན་ཆེན་པོ་ཚུར་གསོན་དང༌། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ན། །ལྟོ་འགྲངས་གོས་ཕྱིད་ཀྱི་འཚོ་བ་ཙམ་ཞིག་ལ། །བདག་ཅག་རི་དྭགས་ལས་སྐྱིད་ཟོས་བདེ་བ་མེད། །རྔོན་པ་བྱུང་ན་འང་འབྲོས་པའི་བང་ནི་ཡོད། །བྲག་མཐའ་ཆེན་པོ་ལ་གབ་སའི་སྐྱིབས་ནི་ཡོད། །མེལ་ཚེ་བྱེད་པ་ལ་རླུང་གི་རྫི་ནི་ཡོད། །རིང་པོ་བལྟ་བ་ལ་དབང་པོའི་མིག་ནི་ཡོད། །ཉེ་བར་ཉན་པ་ལ་རྣ་བའི་བུ་ག་ཡོད། །རྫ་རི་མཐོན་པོ་ལ་སྐྱིད་པའི་གོ་སྐབས་མེད། །ཁུ་རླངས་ན་བུན་གྱིས་དབྱར་ནི་སྨུགས་ཤིང་འཐིབས། །ཁ་རླུང་མི་བཟད་པས་དགུན་ནི་གྲང་ཞིང་བསིལ། །སྐྱི་སེར་རླུང་པོ་ཡི་རེག་བྱ་ལྕགས་ལས་ངར། །རྩྭ་ཆུ་བཟང་པོ་དང་རྒྱུ་རྐྱེན་འཛོམ་པ་དཀའ། །དེ་འདྲའི་གནས་ངན་ལ་ཐུགས་རྩེ་མ་གཏོད་པར། །ཤེལ་གྱི་རི་བོ་ལ་མར་གད་བྱུགས་པ་ལྟའི། །སྤང་ལྗོངས་བཟང་པོ་ལ་རང་གིར་བྱེད་བཞིན་དུ། །དགའ་མགུར་སྤྱོད་པ་ཙམ་འདོད་ལྷའི་གནས་ནའང་མེད། །གང་སྐྱིད་ཕ་ཡུལ་ལ་སྐུ་ཚེ་བསྐྱེལ་བ་འཐད། །གྲོས་བཟང་བློན་ཁ་ལ་ཉན་ན་ཇུས་ཀྱི་རྩེ། །ཞེས་ཟེར་རོ། །དེར་དེད་དཔོན་རིགས་པའི་ཟླ་བས་ཅུང་ཞིག་བསམས་ནས་འདི་སྐད་ཟེར་རོ། །
ཨེ་མ་ཨེ་མ་འདོད་པའི་ཁྱུ་མཆོག་ཉོན། །ཁེ་ཆེན་འོག་ན་གྱོང་ཆེན་སྦས་ནས་ཡོད། །དུག་སྦྲུལ་མགོ་ལ་ཡིད་བཞིན་ནོར་བུ་མཆིས། །བདེ་བའི་མཛོད་ན་སྡུག་བསྔལ་མུན་པ་གནག །ཉི་ཟླའི་མདུན་ན་སྒྲ་གཅན་མིག་རྩ་གྲུང༌། །རྒྱལ་པོའི་མགུལ་ན་མཚོན་ཆའི་འཁོར་ལོ་གཉན། །བདག་ཅག་རྣམས་ལ་ཁྱི་དང་རྔོན་པ་སྡང༌། །ད་ལྟ་བྲོས་ན་རང་ལ་དབང་ཡོད་དེ། །ནམ་ཞིག་འབྲོས་ཚེ་ཐར་པ་སྲིད་མཐའ་ཙམ། །གྲོས་ཁུང་དཔོན་ལ་བཅོལ་ན་མདུན་མ་བཟང༌། །ད་རེས་ཁོ་བོའི་ངག་ལ་ཉན་པ་འཐད། །ཅེས་སྨྲས་པས་འདོད་པའི་ཁྱུ་མཆོག་ཁྲོས་ཏེ་འདི་སྐད་ཅེས་སྨྲས་སོ། །
ཧེ་ཧེ། བསོད་ནམས་དབང་གིས་དཔོན་དུ་ཁྱོད་བསྐོས་ཀྱང༌། །བྱ་བའི་ལས་ལ་འདོད་པའི་ཁྱུ་མཆོག་མཁས། །འཕྲལ་གྱི་བདེ་སྐྱིད་འཚོ་ཐབས་མི་ཤེས་པའི། །གྲོས་ངན་འདོན་པ་བདེ་སྐྱིད་འཇོམས་པའི་དགྲ། །ཤིན་ཏུ་བློ་ཆུང་བྱིས་པའི་རྣམ་རྟོག་ལ། །སྣང་བ་ཐམས་ཅད་དགྲ་དང་དོགས་པར་འཆར། །དེ་འདྲའི་བློ་ཕུགས་བུང་བའི་གཤོག་རླབས་དངོས། །གང་ནའང་མེད་པའི་ཉེན་གྱི་རྣམ་གྲངས་ཀོ །མཁོས་ཆུང་གྲོས་དང་བྱེ་མའི་ཆངས་པ་འདྲ། །དེ་ལ་ཉན་ན་རི་དྭགས་སྡེ་ཚོགས་འཕུང༌། །ཁྱེད་རང་འབྲོས་ན་རྫ་རི་མཐོན་པོར་བྲོས། །རི་དྭགས་དེད་དཔོན་ཁོ་བོས་བྱས་པས་ཆོག །ཅེས་ཚིག་ཟུར་བསྐྱུར་བས། རིགས་པའི་ཟླ་བ་སྙིང་རྗེ་བཟོད་གླགས་མེད་པ་སྐྱེས་ཤིང་ཡི་མུག་པའི་སེམས་ཀྱིས་འདི་སྐད་ཅེས་ཟེར་རོ། །
ཀྱེ་མ་ཀྱི་ཧུད་འཁོར་བའི་རྒྱ་མཚོ་ན། །ངོ་མཚར་ཅན་གྱི་ལྟད་མོ་ཅིར་ཡང་སྣང༌། །ལྟད་མོ་མཐོང་ན་དགའ་སྟེ་སྙིང་རླུང་སྡང༌། །ངན་པའི་གཏམ་ལན་གཞལ་ན་ཡིད་མུག་སྐྱེ། །རྒྱབ་ན་རི་བོ་ནུབ་པར་མི་མངོན་པར། །མདུན་གྱི་ཡུར་བའི་ཆུ་ལ་རགས་རྒྱག་མཁན། །ཁྱོད་འདྲའི་སེམས་ཅན་མང་པོས་ས་སྟེང་གང༌། །ཁོ་བོས་ཕན་པར་སྨྲས་ཀྱང་ལོག་པར་གོ །ལས་ཀྱིས་བདས་པའི་སེམས་ཅན་སྙིང་རེ་རྗེ། །ནམ་ཞིག་ཤིན་ཏུ་འགྱོད་པའི་དུས་ཤིག་འོང༌། །རང་ལ་ཡིད་ཆད་གདུང་ལས་བྱ་ཐབས་བྲལ། །དེད་དཔོན་རྨི་ལམ་ལོག་ནས་རིང་ཞིག་ཐལ། །ཚོད་ཡོད་རི་དྭགས་ཡོད་ན་ང་ཕྱིར་ཤོག །རང་རྩིས་ང་རྒྱལ་ཅན་ཚོ་འདི་རུ་བཞུགས། །དོགས་པས་ཤི་བར་གྱུར་ཀྱང་རང་ཤི་ཡིན། །རེ་བས་བསླུས་པ་མང་ཕྱིར་གཞན་གྱིས་གསོད། །ང་ནི་དུད་འགྲོའི་ལུས་ལ་བྱང་ཆུབ་སེམས། །བདག་བས་གཞན་གཅེས་སེམས་བསྐྱེད་བསྒོམ་དུ་འགྲོ། །དྲང་པོར་བསླབས་ལ་ལོག་པར་མཐོང་བ་ཡིས། །ལ་ཡོགས་སྒུག་པའི་དུད་འགྲོའི་ཁྱུ་ཆེན་རྣམས། །ཕྱི་མ་ང་ཡི་གདུལ་བྱར་སྐྱེ་བར་ཤོག །ཅེས་ཟེར་ཞིང་མཆི་མ་ཁྲམ་གྱིས་བྱུང་ནས་རྫ་རི་མཐོན་པོ་ཞིག་གི་རྩེར་རྣ་ཀྲོང་ངེར་ལངས་སོང་ངོ༌། །རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ་ལས། དགེ་བའི་བཤེས་གཉེན་གྱིས་འཁོར་བ་ལ་སྐྱོ་བར་བརྡས་བསྐུལ་བའི་ལེའུ་སྟེ་དང་པོའོ། །
དེ་ནས་རི་དྭགས་ཀྱི་གཙོ་བོ་འདོད་པའི་ཁྱུ་མཆོག་གིས་ཡ་གྱེས་ཏེ་རི་དྭགས་ཐམས་ཅད་ཁོའི་རྗེས་ལ་འབྲང་བཞིན་པར་སྤང་ལྗོངས་གཡུའི་མཎྜལ་བཀོད་པ་འདྲ་བའི་ངོས་ཡངས་པར་རྒྱུ་བཞིན་པར་འདོད་པའི་རོ་ལ་རྩེ་ཞིང་དགའ་མགུར་སྤྱོད་པའི་ཚེ། དམྱལ་བ་མནར་མེད་པའི་གྲོང་ཁྱེར་ཆེན་པོར་ནི་འདུན་ཁང་བརྩེགས། དེར་བགྲོད་པ་ལ་ཤིན་ཏུ་རིངས་ཀྱང་ལས་ཀྱི་ལྷག་མ་ཅུང་ཟད་ཀྱིས་བཤོལ་བཏབ་པའི་རྔོན་པ་རྒས་པོ། སྐྱེ་བ་མང་པོ་ལ་ཁྲ་སྤྱང་གི་སྲིད་པ་བརྒྱུད་མར་བཟུང་བའི་བག་ཆགས་བརྟས་པ་ལས། བསོད་ནམས་མ་ཡིན་པའི་བྱ་བ་ལ་ཤིན་ཏུ་དཔའ་ཞིང་འཆིང་བ་རྣམ་པ་ལྔའི་སྐ་རགས་ཀྱིས་དམ་དུ་བཅིངས་པ་ཞིག་ཡོད་པ་དེ་གཉིད་དུ་སོང་བའི་རྨི་ལམ་ན། སྤང་ལྗོངས་གསེར་གྱི་བྱེ་མ་བརྡལ་བ་འདྲ་བ་ལ། རི་དྭགས་དཔག་ཏུ་མེད་པ་རྩེ་ཞིང་དགའ་མགུར་སྤྱོད་པའི་དབུས་སུ་རྔོན་པ་རང་ཉིད་སྡུག་བསྔལ་གསུམ་གྱི་གླུ་ལ་སྦྱར་བའི་གླིང་བུ་འབུད་ཀྱིན་འདུག་པ་ལ། རི་དྭགས་རྣམས་གླིང་བུའི་སྒྲ་དེ་ཉན་དུ་ལྷགས་ནས་ཇེ་ཉེར་སོང་བ་ཞིག་རྨིས་སོ། །དེར་ཁོ་གཉིད་ལས་སད་པའི་ཤེས་པ་སྐད་ཅིག་མར་ད་ཅིའི་རྨི་ལམ་དྲན་ནས། འཁོར་བའི་ས་བོན་བློ་མང་གྱ་གྱུའི་འདུ་ཤེས་གྲུང་པོས་ཉོན་མོངས་པའི་ཡིད་བསྐུལ་ཏེ། མལ་ལས་ནི་ལངས། མདའ་གཞུ་ཞགས་པ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་སྟ་གོན་དུ་བྱས། རང་དང་ལས་མཐུན་པའི་ཤ་ཁྱི་མི་སྡུག་པའི་གཟུགས་བརྙན་དུག་གི་མཆེ་བ་དང་ལྡན་པ་མང་དག་ཅིག་ཁྲིད་ནས་སྤང་ལྗོངས་སུ་རྒྱུ་བཞིན་པར་ལུང་པའི་ཕུ་ནས་ཡར་སོང་བ་ལས། རྨི་ལམ་གྱི་བཀོད་པ་ཇི་ལྟ་བ་བཞིན་སྤང་གཤོངས་གསེར་གྱི་བྱེ་མ་བརྡལ་བ་འདྲ་བ་ལ་རི་དྭགས་སྡུག་གུ་མང་པོ་གྱ་གྱུར་རྩེ་ཞིང་བག་ཕེབས་པའི་ཚུལ་གྱིས་འདུག་པ་མཐོང་ངོ༌། །
དེར་ཁོས་ཤ་ཁྱི་དང་ལག་ཆ་རྣམས་རི་སུལ་དུ་སྦས། ཕྱུགས་རྫི་རྒན་པོ་ཕྱུགས་སྟོར་བ་འཚོལ་དུ་ཕྱིན་པ་ལས། མ་རྙེད་པར་འཁྱགས་ལྟོགས་སྐོམ་གསུམ་འཛོམ་པའི་རྣམ་འགྱུར་ཅན་ཞིག་ཏུ་བརྫུས་ནས་རི་དྭགས་རྣམས་དང་ཇེ་ཉེར་སོང་བ་ན། རི་དྭགས་ཀྱི་གཙོ་བོ་འདོད་པའི་ཁྱུ་མཆོག་གིས་མཐོང་ནས་སྨྲས་པ།
ཀྱེ་མ་རི་དྭགས་ཀྱི་ཚོགས་རྣམས་སྙན་གསོན་ཅིག །ཐོ་ཡོར་གཟུགས་ལ་གོམ་པའི་འདེགས་འཇོག་ཅན། །མི་མིན་འདྲེ་མིན་ཐེ་ཚོམ་ཅན་གྱི་གཟུགས། །དེ་འདྲ་མཐོང་བས་ཁོ་བོའི་སེམས་མི་དགའ། །འོན་ཏེ་རྔོན་པ་ཡིན་པར་མི་སྲིད་དེ། །རྔོན་པ་ཡིན་ན་གནམ་རུའི་བ་དན་དང༌། །ཉག་ཕྲན་མདའ་ཡི་དོང་ཆུང་ཁྲ་མོ་དང༌། །སྲོག་གཤེད་ཤ་ཡི་ལྕེ་སྤྱང་ཨ་ལུང་གཟུགས། །རོལ་དུ་ཁྲིད་མཆི་གང་ཡང་མི་འདུག་པས། །རང་ཅག་སྔོན་མོའི་ཆུ་ལ་འཐུང་དུ་འགྲོ། །ཞེས་རི་དྭགས་ཟླ་བོ་རྣམས་ཁྲིད་དེ་ཆུ་རོང་ཞིག་ཏུ་སོང་ངོ༌། །དེར་རྔོན་པ་དེས་རི་སུལ་དུ་བསྐུངས་པའི་ཤ་ཁྱི་རྣམས་ཁྲིད། ལག་ཆ་རྣམས་ཁྱེར་ནས་བྲག་གསེབ་ཅིག་ཏུ་འབྱར་ཏེ་གླིང་བུ་འབུད་ཀྱིན་སྡོད་ཙ་ན། འདོད་པའི་ཁྱུ་མཆོག་གླིང་བུའི་སྒྲ་ལ་ཡིད་ཆགས་ནས་འདི་སྐད་དུ།
ཨེ་མ། ཚོར་བ་བདེ་སྡུག་བྱེད་པོ་ཡུལ་གྱིས་བྱས། །དེ་རིང་སྔོན་ཆད་མ་གོའི་སྒྲ་ཞིག་ཐོས། འདི་ནི་གཟུགས་ཅན་མི་ཡིས་མ་ཡིན་ཏེ། །ནམ་མཁའི་དབྱིངས་ནས་དྲི་ཟའི་བུ་མོའམ། །ཡང་ན་ས་ཡི་ལྷ་མོས་བྱས་པར་མཆི། །འདི་འདྲའི་སྒྲ་སྐད་རྣ་བའི་བཅུད་དུ་སྙན། །རང་ཅག་རྣམས་ཀྱིས་ཕྱིན་ཆད་ཐོས་པར་དཀའ། །བློ་ལྡན་རི་དྭགས་ཐམས་ཅད་ང་ཕྱིར་ཤོག །
ཅེས་སྨྲས་ཏེ་རི་དྭགས་རྣམས་ཁྲིད་ནས་གླིང་བུའི་སྒྲ་ལ་སྙེག་པ་ན། ཡིད་ལ་མེད་པ་ཞིག་ལ་བྲག་གསེབ་ནས་ཤ་ཁྱི་ཤིན་ཏུ་མ་རུངས་པ་མགྱོགས་པ་ལ་ནམ་མཁའི་བྱ་ལྟ་བུ། འཁྱུག་པ་ལ་ཆུ་བོའི་ཉ་ལྟ་བུ། ཞེ་སྡང་མི་བཟད་པའི་མཆེ་བ་གཙིགས་ཤིང༌། གཤིན་རྗེའི་ལས་མཁན་མངོན་སུམ་དུ་མཐོང་བ་ཙམ་གྱིས་སྙིང་ཤུབས་ནས་འཐོན་ནུས་པ་བཅུ་གཉིས་(རྟེན་འབྲེལ་ཡན་ལག་བཅུ་གཉིས།)ཐོན་ནས་རི་དྭགས་རྣམས་བདས་པ་ལས། ཧ་ཅང་ཚོར་བའི་ཡུལ་ལ་ཞེན་ཆེ་བའི་གཙོ་བོ་འདོད་པའི་ཁྱུ་མཆོག་ལས་ཀྱི་དབང་གིས་ཁྱུ་ནས་ཡར་ཏེ། ལ་རོང་ལུང་རོང་རྣམ་པ་བཞི་བཅད་(སྐྱེ་རྒ་ན་འཆི)ནས་དབུགས་ཀྱི་རྒྱུ་བ་ཆད་ལ་ཁད་པ་གསུམ་(སྡུག་བསྔལ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ)གྱི་བར་དུ་གཏུགས་པ་ལས། ཅི་ཞིག་ན་བྲག་མཐའ་ཆེན་པོ་གཅོང་རོང་གི་ཟབས་བློས་མ་འཁྱུད་པ་ཞིག་ཏུ་བཀར་ནས། ཤ་ཁྱི་རྣམས་ཀྱིས་བསྐོར་ཏེ་ཟུགས་པ་དང༌། མཆེ་བ་གཉེར་བ་བྱེད་དོ། །
དེའི་ཚེ་རི་དྭགས་དེ་འདི་སྙམ་དུ་ཀྱེ་ཧུད་བདག་གིས་རི་དྭགས་ཀྱི་དེད་དཔོན་ཆེན་པོ་རིགས་པའི་ཟླ་བ་ལ་མ་ཉན་པས་འདི་ལྟ་བུའི་སྡུག་བསྔལ་དང་འཇིགས་སྐྲག་མི་བཟད་པ་མངོན་སུམ་དུ་མྱོང༌། ད་ནི་ཁྱི་འདིའི་རྗེས་ལ་མི་ལུས་གཤིན་རྗེའི་མགོ་ཅན་དམྱལ་བའི་གཏིང་རྔ་ནག་པོ་དེ་ངེས་པར་སླེབས་ཡོང་བས་ངའི་ཚེ་ནམ་མཁའི་གློག་ལས་ཀྱང་མི་རྟག་པ་ཉིད་དུ་གྱུར་ཟིན་སྙམ་ནས་མཆི་མ་ཁྲམས་ཁྲམ། སུག་པོ་ཐབས་ཐབ། སྐྱི་བུངས་བུང༌། དབུགས་ལྷེད་ལྷེད། འདར་ཧྲིལ་ལི་ལི་བྱེད་ཀྱིན་འདུག་པའི་ཚེ། བདུད་སྡིག་ཅན་རྔོན་པའི་ཆ་བྱད་ཅན་ཤིན་ཏུ་མ་རུངས་པ་དེས་ཞགས་པ་གཅིག་ཕྲག་ལ་གཟར། མདའ་གཞུ་ཞིག་ལག་པར་ཁྱེར་ཏེ་ཀྲོང་གིས་བྱུང་ནས་བཞིན་གཉེར་བ་དང་སྦྲགས་ཞེ་སྡང་མི་བཟད་པའི་སྡང་མིག་ལྟ་བ་ལ། ཤིན་ཏུ་ཉམ་ཐག་ལ་སྙིང་རྗེ་བའི་རི་དྭགས་དེ་སྲོག་གི་འཇིགས་པས་སྐྲག་སྟེ་རྔོན་པ་ལ་ཕྱག་འཚལ་བའི་སྟངས་ཀ་དང་བཅས་མཆི་མའི་དབའ་ཀློང་འཁྲུག་བཞིན་དུ་ངུ་སྐད་ཐོན་ཚད་ཀྱི་ངང་ནས་འདི་སྐད་ཅེས་ཞུ་གསོལ་བྱེད་པ་མཐོང་ངོ༌། །
ཀྱེ་མ་ཀྱི་ཧུད་ང་རེ་འཇིགས། །དྲང་པོར་བསླབས་པའི་དེད་དཔོན་ལ། །ལོག་པར་མཐོང་བའི་བསམ་བརླག་པོ། །འདོད་པའི་ཁྱུ་མཆོག་ང་ལས་སུ། །ཁྱེད་དང་པོར་རྫི་བོའི་རྣམ་འགྱུར་ཅན། །བར་དུ་གླིང་བུའི་སྒྲ་སྐད་ཅན། །ད་ལྟ་གཤིན་རྗེའི་ལས་མཁན་པ། །མཐོང་བས་འདུ་ཤེས་བྱུང་ཚོར་འགགས། །འཇིགས་པ་བསམས་ན་དྲན་པ་འཐོར། །བ་སྤུའི་བུ་ག་རེ་རེ་ནས། །རྔུལ་ཆུ་ཁྲག་དང་རྣག་ཏུ་འཛག །ཤ་ཁྱིའི་ལུས་ལ་སྤྱང་ཀིའི་ཁ། །གཅིག་ཉལ་གཅིག་ལངས་ཀྱིས་བདས་ཙ་ན། །དབུགས་ཆད་ལ་ཁད་པ་ལན་གསུམ་བྱུང༌། །ང་འབྲོས་བཞིན་འབྲོས་བཞིན་ཤི་སོང་སྙམ། །རྨིག་པ་བྲག་རིའི་གསེབ་ལ་འཐོར། །ང་ལངས་ཀྱིན་ལངས་ཀྱིན་བསད་སོང་སྙམ། །རུས་ཚིགས་ཐམས་ཅད་འཆུས་ཤིང་བྲལ། །ང་གསོན་པོར་རྗེན་ཟས་བགྱིས་སོང་སྙམ། །དུས་དེ་རིང་གི་ཉི་མ་ཤར་བ་ལས། །འཇིགས་སྐྲག་དང་ཧད་པ་ཡོང་མ་མྱོང༌། །ད་གསོན་པའི་རེ་བ་མ་མཆིས་ཏེ། །མདའ་མཚོན་གྱི་དུཿཁས་མ་མནར་བར། །རང་བབས་སུ་འཆི་ཟས་བདེ་རུ་ཆུག །ཤི་འཕྲལ་དུ་ཤ་ཁྲག་སྒྱུ་མའི་ལུས། །ཁྱེད་རང་ལ་དབང་བས་ཅི་དགར་མཛོད། །ཅེས་ཟེར་ཞིང་སྡང་བའི་དགྲས་མཐོང་ཡང་སྙིང་རྗེ་བ་ཞིག་འདུག་པ་དེ་བྲག་གསེབ་དེའི་དྲང་སྲོང་ཆེན་པོ་མཐོང་ན་དགའ་ཞེས་བྱ་བ་དེས་ཚོར་ནས་སྲོག་སྐྱོབ་པའི་ཕྱིར་འདི་སྐད་ཅེས་སྨྲའོ། །
ཀྱེ་མ་གདོལ་པའི་ལས་ལ་ཤན་པའི་སེམས། །ཁྲེལ་དང་ངོ་ཚ་གོས་དང་བྲལ། །ལས་དང་རྒྱུ་འབྲས་མི་སེམས་པར། །ལྟོ་འགྲངས་འབའ་ཞིག་དོན་གཉེར་ཞིང༌། །མནར་མེད་དམྱལ་བའི་གྲོང་ཁྱེར་ལ། །དོ་ཆས་རྒྱག་པའི་ལས་ངན་ཁྱོད། །དར་ཅིག་དྲང་སྲོང་ངག་ལ་ཉོན། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ། །གནས་པའི་སེམས་ཅན་མ་ལུས་ཀུན། །ཕ་མ་བུ་ཚ་རེ་མོས་ཡིན། །ཚེ་འདིའི་ཕ་མ་སྤུན་གྲོགས་ལ། །བརྩེ་དུང་ཞེན་པས་བཅིངས་བཞིན་དུ། །སྐྱེ་བ་སྔོན་མའི་ཕ་མ་རྣམས། །དེང་སང་དུད་འགྲོ་ཟེར་བའི་ལུས། །མགོ་དང་སུག་པ་རྭ་ཅོ་ཅན། །སྨྲ་བ་མི་ཤེས་དོན་མི་གོ། །སྤང་བླང་བྱ་བའི་རང་བཞིན་ལ། །ཤིན་ཏུ་རྨོངས་པའི་ངང་ཚུལ་ཅན། །འདི་འདྲའི་གཟུགས་སུ་འཕོས་པ་དེ། །ཁྱོད་ཀྱིས་མ་གོ་མ་རིག་པས། །ཁྲེལ་མེད་འདི་འདྲའི་སྤྱོད་པ་བྱེད། །ཁྱད་པར་ད་ལྟའི་སེམས་ཅན་འདི། །ཁྱོད་ཀྱི་ལུས་འདི་སྐྱེད་པའི་མ། །ཚེ་འཕོས་རི་དྭགས་ལུས་སུ་བླངས། །དེ་ཕྱིར་མ་ཤ་བུས་ཟ་བ། །དེ་ལས་ངོ་ཚ་ཆུང་བ་མེད། །དེ་ལས་ཁོང་སྙིང་གྲང་བ་མེད། །ཁྱོད་ལ་མནར་མེད་དམྱལ་བ་ཡི། །སྡུག་བསྔལ་བྱུང་ན་ཅི་ཚུགས་བྱེད། །དེ་ཕྱིར་དྲང་སྲོང་ངག་ལ་ཉོན། །མ་འདི་གོམ་གསུམ་འབྲོས་སུ་བཅུག །མ་འདི་གོམ་གསུམ་འཕག་ཏུ་ཆུག །འདི་ཡི་ཚབ་ཏུ་བདག་གི་ལུས། །ཁྱོད་ལ་ཕངས་པ་མེད་པར་སྟེར། །ཤ་ཁྲག་རུས་པ་ཅི་དགར་མཛོད། །ཅེས་སྨྲས་པས་རྔོན་པ་ཁྲོས་ཏེ་འདི་སྐད་ཅེས་ཟེར་རོ། །
ཡུལ་མ་ཟིན་པ་ཁ་བཤད་མཁས། །ལྟོ་མ་ཕྱིད་པ་སྐྱིད་ཟོས་མཁས། །ལས་མ་ནུས་པ་བྱ་བཏང་མཁས། །འདུག་སས་ཕོངས་ནས་བྲག་ལ་ཡིབས། །འགྲོ་སས་ཕོངས་ནས་ལུང་སྟོང་འཚོལ། །ཁྱོད་འདྲས་བདག་ལ་དེ་འདྲའི་གཏམ། །སྨྲ་བའི་ཁ་ན་ཡོད་མ་ཡིན། །ལས་འབྲས་ཟེར་བ་ཁ་གཏམ་ཡིན། །དེ་ལ་བརྩི་བ་སུ་ཞིག་ཡོད། །གསོད་པ་རྔོན་པ་ངས་གསོད་ཀྱང། །ཟ་བ་དགེ་སྦྱོང་རྣམས་ཀྱིས་ཟ། །ཟ་དང་གསོད་པའི་སྡིག་པ་ལ། །ཁྱད་པར་ཡོད་ན་གད་མོ་བྲོ། །ཁྱེད་ཅག་ཁྱིམ་པའི་རྟགས་སྤངས་ཤིང། །དམར་སེར་གོས་ཀྱིས་གདོང་གཡོགས་ཀུན། །ཤན་པ་སྲོག་ལས་བྱེད་ས་དང༌། །ཁྱིམ་པ་མདུན་གྲོས་བསྡུར་ས་དང། །བྲེ་ལོག་སྲང་ལོག་འཛུགས་ས་དང། །གདུག་འདྲེ་ར་མགོ་བསྲེག་ས་ཚུན། །སླེབས་ལ་ལས་འབྲས་མེད་ལགས་སམ། །ད་ནངས་སྐྱ་རེངས་ཤར་ཤར་ནས། །ད་ལྟ་ཉི་མ་རྒས་རྒས་ཚུན། །དང་ཁར་ལྟོ་ལས་ཆུ་མ་མྱོང༌། །ལྟོགས་ཀྱང་མི་ཤ་ངས་མི་ཟ། །སྙིང་ལ་མདའ་མོ་མ་གཟིར་གོང༌། །རང་གི་གནས་སུ་ཕྱིན་ན་དྲག །ཅེས་ཁྲོ་གཏུམ་གྱིས་སྨྲས་ནས་མདའ་གཞུ་མེར་གྱིས་བཀང་བྱུང་བ་ན། དྲང་སྲོང་གིས་སྨྲས་པ།
རྔོན་པ་དྲག་ཤུལ་ཆེ་ན་ཡང༌། །དྲང་སྲོང་སྲོག་ལ་ཕངས་པ་མེད། །ཁྱོད་ཀྱིས་སྔོན་ལ་མ་བསད་ན། །གཞན་གྱིས་གསོན་པོར་ག་ལ་ཟ། །ཚུལ་མིན་སྤྱོད་པའི་དགེ་སྦྱོང་དང༌། །འདུལ་ཁྲིམས་སྲུང་བའི་ཉན་ཐོས་ཀྱིས། །ཉིས་བརྒྱ་ལྔ་བཅུའི་ཁྲིམས་རྩ་ལ། །ལས་ཀྱི་བདའ་དེད་འཕྱུགས་པ་མེད། །མ་གི་དམྱལ་ཁམས་བཅོ་བརྒྱད་ནས། །ཡ་གི་སྲིད་རྩེའི་ལས་སྣང་ཀུན། །ལས་དང་ལས་ཀྱི་འབྲས་བུ་ཡིན། །དེ་ཕྱིར་དེ་འདྲའི་ཡིན་ལུགས་ལ། །ཁྱོད་ལས་དྲང་སྲོང་ང་རང་མཁས། །རྨོངས་པས་ཆོས་སྐད་སྒྲོགས་པ་དེ། །ངན་པའི་ནང་ནས་ཐ་ཤལ་ཡིན། །ད་རེས་ཉམ་ཐག་སྙིང་རྗེའི་ཡུལ། །ཉེས་མེད་རི་དྭགས་འདི་ཀོ་ཡི། །སྲོག་འདི་དྲང་སྲོང་ང་ལ་སློང༌། །ང་སྲོག་རྔོན་པ་ཁྱོད་ལ་གཏོད། །
ཅེས་རི་དྭགས་ལ་སྙིང་ཤིན་ཏུ་རྗེ་ནས་དྲང་སྲོང་དེས་མཆི་མ་ཕྲུལ་གྱིས་བཏོན། རི་དྭགས་ཀྱི་སྲོག་བསྐྱབ་པའི་དོན་དུ་རང་གི་ལུས་ལྟོས་མེད་དུ་བཞག་ནས་རྔོན་པ་ལ་ཕྱག་གྱང་འགྱེལ་བ་ལྟ་བུར་བཙལ་བས་ཀྱང་ཁོའི་སྣང་བ་འགྱུར་དུ་མ་འདོད་པར། །དུག་མདའ་ཤིན་ཏུ་མ་རུངས་པ་ཞིག་རི་དྭགས་ཤི་ལ་ཁད་དེ་ལ་བརྒྱབ་པས་སེམས་ཅན་དེ་བྲག་ཁ་ནས་རྣ་བ་ཀྲོང་ངེར་གཅོང་རོང་ཆེན་པོར་ལྷུང་ངོ་། །དེ་མ་ཐག་རྔོན་པ་ཁྱི་དང་བཅས་པ་ཧབ་སྒྲ་དི་རིར་བརྒྱུགས་ནས་ཤི་འདྲད་ལིང་ལིང་བྱེད་པའི་སྲོག་ཆགས་ཤིན་ཏུའང་སྙིང་རྗེའི་ཡུལ་དུ་གྱུར་པ་དེ་བརྩེ་བ་མེད་པའི་སེམས་ཀྱིས་སྐད་ཅིག་ལ་བསད་སོང་བས། དྲང་སྲོང་སྙིང་རྗེས་མ་བཟོད་པར་བརྒྱལ་ནས་དྲན་པ་འཐོར་བར་གྱུར་ཏོ། །རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ་ཞེས་བྱ་བ་ལས། ཆོས་མ་དྲན་པར་སྲིད་པའི་བདེ་འབྱོར་ལ་ཆགས་པ་གང་ཞིག་སྡུག་བསྔལ་གྱི་འཕྲང་ལས་ཐར་པ་མེད་ཅིང༌། དེ་གའི་ངང་ལ་འཆི་བ་བཙན་ཐབས་སུ་བྱུང་སྟེ་དེ་ལ་ཐབས་གང་གིས་ཀྱང་བསླུ་རུ་མེད་པར་རི་དྭགས་མཐའ་ལ་གཅུར་བ་ལྟ་བུའི་བརྡས་བསྟན་པའི་སྐབས་ཏེ་ལེའུ་སྟེ་གཉིས་པའོ།།
དེའི་ཚེ་དྲང་སྲོང་ཆེན་པོ་དེ་འདི་སྙམ་དུ། བདག་གིས་དགེ་བའི་ཕན་ཡོན་དང༌། སྡིག་པའི་ཉེས་དམིགས་དེ་ཙམ་ཞིག་བཤད་ཅིང། བྱམས་པ་ཆེན་པོའི་སེམས་ཀྱིས་རང་གི་སྲོག་དང་བརྗེ་བར་བསྐུལ་ནས་ཀྱང་རི་དྭགས་ཀྱི་སྲོག་བློས་མི་གཏོང་བར་ངན་པའི་སྤྱོད་པ་མཐར་སྐྱེལ་བྱེད་པ་དེ་ཤིན་ཏུ་མི་རིགས། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པ་ལྟར། བརྒྱ་ལ་ཕན་པའི་གཅིག་སྲོག་ཅེས་པ་དེ་ངེས་པར་བདེན། དེས་ན་སྡིག་ཅན་ཚེ་རིང་བར་གྱུར་ན་སེམས་ཅན་མང་པོ་སྡུག་ལ་སྦྱོར་བར་འདུག་དགོངས་ནས་འོད་གསལ་སྟོང་པ་ཉིད་ཀྱི་ངང་ནས་སྙིང་རྗེ་ཁྲོས་པའི་ཞེ་སྡང་ཆེན་པོས་གསོས་བཏབ་སྟེ་དྲང་སྲོང་གི་དམོད་པ་ལྡོག་ཏུ་མེད་པ་ཉི་ཤུ་རྩ་གཅིག་བཏབ་པས། ཤིན་ཏུ་བཙན་པའི་དམོད་པའི་བདེན་མཐུ་དང༌། དཀོན་མཆོག་བཀའ་ཆད་དྲག་པོས་རྔོན་པ་ཤ་ཁྱི་དང་བཅས་པ་གད་རྡིབ་ཀྱི་འོག་ཏུ་ནོན་ནས་ཤི་བར་གྱུར་ཏོ། །དེར་ཁོང་ཅག་གི་བསོད་ནམས་མ་ཡིན་པའི་ལས་ཀྱི་རྩ་བ་རྗོགས་ནས་སྨྱུག་དོང་དུ་སྦྲུལ་བཅུག་པ་ལྟར་དབུགས་ཆད་མ་ཁད་དུ་མར་གྱི་ཟང་ཐལ་ཆེན་པོ་དམྱལ་བ་མནར་མེད་པར་སྐྱེ་བ་བླངས་སོ། །
དེར་དྲང་སྲོང་གིས་མངོན་ཤེས་ཀྱིས་བརྟགས་པས། ཁོང་ཅག་རྣམས་དམྱལ་བའི་ནང་ཚན་ལས་ཀྱང་ཤིན་ཏུ་སྡུག་བསྔལ་བ་མནར་མེད་པའི་དམྱལ་བ་ཞེས་ཕྱོགས་བཞི་མཚམས་བརྒྱད་ཐམས་ཅད་མེའི་ཕུང་པོ་གཅིག་ཏུ་གྱུར་པའི་དབུས་ན། སྡུག་བསྔལ་མི་བཟད་པ་མྱོང་བའི་རྟེན་མིང་བཞིའི་ཕུང་པོ་(ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་བཞི་འདུས་པའི་ཕུང་པོ་ཡིད་ཀྱི་ལུས)བག་ཆགས་དང་བཅས་པ་ངུ་སྐད་ལྷང་ལྷང་འདོན་པ་དང༌། ཡང་རེས་འགའ་རྒྱུ་མཐུན་གྱི་འབྲས་བུར་ལུས་ཀྱི་དངོས་པོ་སྣང་བའི་ཚེ། ཁོང་ཅག་རྣམས་ཀྱི་དབུས་དེ་དང་ལས་མཐུན་པར་བསགས་པའི་སྡེ་དཔོན་ནག་པོ་རྩེད་མོའི་ཞོར་ཙམ་དུའང་གཞན་སྲོག་ལ་གནོད་པ་བྱེད་པ་སོགས་མདོར་ན་སྲོག་གཅོད་ཀྱི་ལས་ཀྱིས་ཁྲིད་པ་མང་པོ་ཞིག་ལྕགས་བསྲེགས་ཀྱི་ས་གཞི་ལ་གནམ་ལྕགས་ཞུན་མར་ཁོལ་བའི་སོ་མང་གིས་གོ་མཚམས་མེད་པར་གཟེངས་པའི་ཐང་ལ། གཤིན་རྗེའི་ལས་མཁན་ལྕགས་ཀྱི་ལྕེ་སྤྱང་མགོ་དགུ་ཡན་ལག་དང་ལྡན་ཞིང་ཤིན་ཏུ་འཇིགས་སུ་རུང་བས། བསྡད་དབང་སྐད་ཅིག་ཀྱང་མེད་པར་འདེད་ཅིང་ཡང་ཤི་ཡང་སོས་ཀྱིས་སྡུག་བསྔལ་དོས་དྲག་ལ་སྙུགས་རིང་བ་ལས་ཐར་པའི་དུས་སྐབས་མེད་པ་མཐོང་ནས་དྲང་སྲོང་གིས་སྨྲས་པ།
ཀྱེ་མ་ཀྱི་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྙེད་དཀའི་དལ་འབྱོར་རིན་ཆེན་ཐོབ་གྱུར་ཀྱང༌། །དགེ་བཅུ་ཐར་པའི་ལས་དང་ཞེ་འགྲས་ཤིང༌། །མི་དགེའི་སོ་ནམ་བྱེད་པའི་སྡིག་ཅན་ལ། །དེ་འདྲའི་འབྲས་བུ་སྨིན་པ་ཀྱེ་མ་ཧུད། །སྤྱིར་གྱི་ཁམས་གསུམ་འཁོར་བའི་གྲོང་ཁྱེར་ན། །བདེ་དང་སྡུག་བསྔལ་ལས་ལ་སྤྱོད་པ་ཀུན། །ལས་དང་དེ་ཡི་འབྲས་བུ་ཡིན་པར་མཆི། །ཁྱད་པར་སྲོག་གཅོད་ལ་སོགས་མི་དགེ་བཅུའི། །རྣམ་སྨིན་འབྲས་བུ་ངན་སོང་གསུམ་གྱི་ལུས། །མྱོང་ན་ལྟ་ཅི་མིག་གིས་མཐོང་ན་ཡང༌། །འབྱུང་འཇུག་དབུགས་ཀྱི་རྒྱུ་བ་ཆད་ལ་ཁད། །འདི་འདྲ་མཐོང་བས་གང་ཞིག་འཇིག་རྟེན་ན། །མི་དགེ་སྡིག་པའི་ལས་ལ་དཔའ་བ་དེ། །གདོན་གྱིས་བརླམས་སམ་འོན་ཏེ་ལས་ཀྱི་མཐུ། །དེ་ཕྱིར་གཟུར་གནས་འགྲོ་བ་ཐམས་ཅད་ལ། །བདག་གིས་སྙིང་རྗེ་བརྩེ་བ་ཐམས་ཅད་ལ། །བདག་གིས་སྙིང་རྗེ་བརྩེ་བས་མ་བཟོད་པར། །ཤ་ཚའི་སྙིང་གཏམ་ཚིག་གསུམ་བཤད་ཀྱིས་ཉོན། །རྨི་ལམ་གློག་ལས་ཡ་མ་བརླར་གྱུར་པའི། །ཚེ་འདིའི་ལྟོ་གོས་གཏམ་གྱི་དོན་ཆེད་དུ། །མི་དགེའི་ས་བོན་བཏབ་པའི་ཞིང་ས་ལ། །སྡུག་བསྔལ་གསུམ་གྱི་འབྲས་བུ་ལས་གཞན་ཅི། །དེ་ཕྱིར་སྐྱོ་བའི་འདུ་ཤེས་གྲུང་པོ་ཡིས། །ཚེ་འདིའི་ལེགས་ཉེས་སྐྱིད་སྡུག་བཟང་ངན་ཀུན། །རང་སོར་ཞོག་ལ་དབེན་པའི་ནགས་ཁྲོད་སྙོགས། །ཁྱད་པར་སེམས་ཅན་ཐམས་ཅད་ཕ་དང་མར། །ཕན་ཚུན་རེས་མོས་ཡིན་ལ་ཐེ་ཚོམ་མེད། །དེ་ཕྱིར་ད་ལྟའི་ཕ་མར་ཆགས་བཞིན་དུ། །ཚེ་རབས་སྔ་མའི་ཕ་མ་གསོད་པ་འདི། །སྨྲ་ཤེས་དོན་གོ་མི་ཡི་རྣམ་ཐར་དུ། །འདུག་པས་བློ་སེམས་ནང་དུ་ཁུག་ལ་སོམས། །དེ་ཡང་འཕགས་པ་ཀཱ་ཏྱཱ་ཡ་ན་ཡིས། །གྲོང་དུ་བསོད་སྙོམས་མཛད་པའི་ཁྱིམ་བདག་ཅིག །ཉ་ཤ་ཟ་ཞིང་བུ་ཆུང་པང་དུ་འཁུར། །ཁྱི་མོས་རུས་པ་འཆའ་ལ་བརྡེག་པ་གཟིགས། །འཕགས་པས་མངོན་ཤེས་སྤྱན་གྱིས་བརྟགས་པ་ལས། །ཉ་དེ་ཕ་ལ་ཁྱི་མོས་ཚེ་འདིའི་མ། །བུ་ཆུང་རང་གི་དགྲ་བོར་འདུག་པ་བཞིན། །དགྲ་གཉེན་གང་ཡང་མི་རྟག་སྒྱུ་མའི་དཔེ། །ཁྱད་པར་ཚེ་འདིའི་ཕ་མ་སྔོན་འདས་པ། །སེམས་མ་འགྱུར་ཀྱང་ལུས་པོ་བརྗེས་པའི་ཚུལ། །མ་རིག་རྔོན་པས་རི་དྭགས་མང་བསད་མཐར། །རང་གི་མ་བསད་དམྱལ་བར་ལྷུང་བ་བཞིན། །དེ་ལྟའི་ཚུལ་གྱིས་ཕ་མ་གསོད་པ་དང༌། །གཞན་བདག་གསོད་ལ་ཁྱད་པར་འགའ་མེད་པས། །མནར་མེད་དམྱལ་བའི་སྡུག་བསྔལ་དྲན་པར་བྱོས། །སྲོག་ལ་བབས་ཀྱང་གཞན་སྲོག་མ་གཅོད་ཅིག །དྲེགས་པས་རྒྱགས་པའི་མི་དཔོན་སྡིག་ཅན་དང༌། །ལས་ཀྱིས་བདས་པའི་རིགས་ངན་རྔོན་པ་ལ། །ལེགས་པར་སྨྲས་ཀྱང་ལོག་པར་མཐོང་སྲིད་ཀྱི། །བྱང་ཆུབ་སེམས་དཔའི་སྡོམ་ལ་གནས་པ་དང༌། །ཁྲེལ་དང་ངོ་ཚའི་བག་དང་ལྡན་པ་རྣམས། །རང་གི་མངའ་རིས་དགེ་བཅུས་འཚོ་བ་དང༌། །ཉེས་མེད་སྲོག་ཆགས་ཨར་ལ་མི་གཏོད་དང༌། །རང་དབང་རི་ལ་རི་རྒྱ་བསྡམ་པ་དང༌། །སྡིག་ཅན་ལིངས་པ་ཆབ་འོག་མི་འཛུད་སོགས། །བཀྲ་ཤིས་དགེ་ལེགས་ཆེན་པོས་འཚོ་བར་མཛོད། །དེ་ལྟར་བགྱིས་པས་ཡུལ་ཕྱོགས་ཁོལ་བུར་བདེ། །ལོ་ལེགས་སྐྱ་རྒྱལ་(འབྲུ་སོགས་བཟའ་བཏུང་གི་རིགས་དཀོན་པོ་མིན་པ)སད་སེར་བཙའ་ཐན་དཀོན། །འབྱུང་བ་སྒང་གཤོངས་བཀྲ་མི་ཤིས་པ་དང༌། །ནད་མུག་འཁྲུག་རྩོད་དུས་ཀྱི་རྒུད་པ་ཞི། །ཡུལ་བདག་མཉེས་པས་ཆར་ཆུ་དུས་སུ་འབེབས། །དཀོན་མཆོག་མ་ཁྲེལ་བསམ་པའི་དོན་ཀུན་འགྲུབ། །ཆོས་ཁྲིམས་བསྡམས་པས་ས་རྣམས་བཅུད་དང་ལྡན། །རྒྱལ་པོའི་མངའ་ཐང་ཁྱིམ་པའི་ཟས་ནོར་འཕེལ། །ཚེ་འདིར་སྐྱིད་ལ་ཕྱི་མའང་དཔལ་དང་ལྡན། །དགེ་བཅུ་སྤྱད་པས་བདེ་སྐྱིད་འབྱུང་བ་འདི། །ནང་པ་སངས་རྒྱས་གྲུབ་མཐའི་ཁྱད་ཆོས་ཡིན། །དྲང་སྲོང་ངས་ནི་མི་དགེའི་ལས་སྤངས་ཤིང༌། །ཀུ་ས་ལི་ཡི་བརྟུལ་ཞུགས་ལ་གཞོལ་བས། །རེ་དོགས་གཉིས་མེད་ཆོས་སྐུའི་རྒྱལ་ས་ཟིན། །སངས་རྒྱས་ཀུན་གྱི་དགོངས་པ་རང་ལ་ཤར། །སྔར་ཡང་སྤྲོས་བྲལ་གདོད་མའི་ཀློང་ནས་འོངས། །ད་ཡང་རང་བྱུང་སྐྱེ་མེད་ངང་དུ་ཨཿ། །ཞེས་གསུངས་ནས་བྲག་གསེབ་དེ་ཉིད་དུ་མིག་འཕྲུལ་ལྟ་བུར་ཐིམ་པར་གྱུར་ཏོ། །རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ་ཞེས་བྱ་བ་ལས། ལས་ཀྱི་འབྲས་བུ་ཆུད་མི་ཟ་བར་བསྟན་ནས་དགེ་བ་ལ་བསྐུལ་བ་སྟེ་ལེའུ་གསུམ་པའི་བདག་ཉིད་ཅན་རྫོགས་སོ།། །།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ་ཞེས་པ་འདི་རིག་འཛིན་འཇིགས་མེད་གླིང་པ་(༡༧༢༩-༡༧༩༨)ཡི་གསུང་འབུམ་པོད་ང་པའི་<<གཏམ་གྱི་ཚོགས་ཐེག་པའི་རྒྱ་མཚོ>>(ཤོག་གྲངས་༡༨༩)ཞེས་བྱ་བ་ལས་བདམས་པ་ཞིག་ཡིན།
རིག་འཛིན་འཇིགས་མེད་གླིང་པ་ནི་འཕྱོང་རྒྱས་ཕྱིང་དབར་བང་སོ་དམར་པའི་ལྷོ་ཕྱོགས་སུ་ཆོས་རྗེ་སྨོན་ལམ་བཟང་པོ་དང་། ཡུམ་ཡན་ལག་མཆོག་དང་ལྡན་མ་གཉིས་གྱི་སྲས་སུ་སྤྱི་ལོ༡༧༢༩ ལོར་སྐུ་འཁྲུངས། དགུང་ལོ་དྲུག་པར་རབ་ཏུ་བྱུང་ཞིང་། མཚན་ལ་པདྨ་མཁྱེན་བརྩེ་འོད་ཟེར་ཞེས་གསོལ། སྐུ་ཆུང་ངུའི་དུས་ནས་སློབ་དཔོན་བོན་བཙན་པ་ལས་སྒྲ་དང་། རྩིས། གསོ་རིག་བཅས་གསན་པས་ཚེགས་མེད་དུ་མཁྱེན་དང། བླ་མ་གཏེར་ཆེན་དྲི་མེད་གླིང་པ་སོགས་ཡོངས་འཛིན་དུ་མ་ལས་སྔ་འགྱུར་གྱི་བཀའ་གཏེར་འགངས་ཆེ་བ་རྣམས་དང་། གསར་མའི་རྒྱུད་སྡེ་ཡང་ཅི་རིགས་པ་གསན་བཞེས་མཛད།
རྗེ་འདི་པར་གྲུབ་དབང་འཇིགས་མེད་འཕྲིན་ལས་འོད་ཟེར་སོགས་ཐུགས་རྒྱུད་ཟིན་པའི་སློབ་མ་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་ཞིང། བརྩམས་ཆོས་ལ་ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ་སོགས་གསུང་འབུམ་པོད་དགུ་ཡོད་པའི་པར་ཤིང་ཆ་ཚང་བ་སྡེ་དགེ་དཔར་ཁང་ཆེན་མོར་བཞུགས། དགུང་ལོ་བདུན་ཅུ་ཆུ་གླང་སྟེ། སྤྱི་ལོ༡༧༩༨ ལོར་སྐུ་གཤེགས། རྣམ་ཐར་ཞིབ་མོ་ནི་ཁོང་གི་རང་རྣམ་ཡུལ་ལྷོ་རྒྱུད་དུ་བྱུང་བའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་པར་ཐར་པ་ལེགས་བྱས་ཡོངས་འདུའི་སྙེ་མ་ཞེས་པར་གསལ།

(921)