སམ་བྷོ་ཊ་བོད་གཞུང་སློབ་གྲྭ།

སཾ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་འདི་བཞིན་བོད་གཞུང་ཤེས་རིག་ལས་ལས་ཁུངས་ཀྱིས་གལ་ཆེའི་དགོས་པ་རྒྱུ་མཚན་ལ་གཟིགས་ཏེ། སཾ་བྷོ་ཊ་བོད་གཞུང་སློབ་གྲྭའི་འགན་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་འོག ཕྱི་ལོ་༡༩༩༩ ལོའི་ཟླ་༦ ཚེས་༡༦ ཉིན་དངོས་སུ་གསར་འཛུགས་གནང་བ་ཞིག་རེད།
དེ་ཡང་ཐོག་མར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་རྒྱ་གར་གཞུང་གི་རོགས་སྐྱོར་འོག་བོད་སློབ་འཛིན་སྐྱོང་ཚོགས་པ་གསར་འཛུགས་དང་ཆབས་ཅིག བཙན་བྱོལ་བོད་གཞུང་ངམ་རོགས་ཚོགས་གང་རུང་ནས་མི་རྒྱུ་དངོས་གསུམ་གྱི་འགྲོ་གྲོན་ཐབས་འཚོལ་གྱིས་བོད་ཕྲུག་ཁྱིམ་སྡེ་དང་བལ་ཡུལ་གངས་ཅན་བདེ་རྩ་སོགས་སློབ་ཁག་རིམ་བཞིན་འཛུགས་སྐྱོང་གནང་ཡོད། སྡེ་ཁག་དེ་དག་ནང་མ་ཐེ་བར་ས་གནས་བོད་མིའི་རེ་འདུན་དང་དགོས་མཁོར་གཟིགས་ཏེ་བོད་གཞུང་ཤེས་རིག་ལས་ཁུངས་ནས་དུས་སྐབས་སོ་སོར་གསར་འཛུགས་དང་འབྲེལ་མ་དངུལ་འགྲོ་གྲོན་བཏང་སྟེ་ཐད་ཀར་གཟིགས་རྟོག་གནང་ཡུལ་སློབ་གྲྭ་ཁག་ལ། ཕྱིས་སུ་ཤེས་རིག་ཐད་འཛིན་སློབ་གྲྭ་ཞེས་པའི་མིང་ཆགས།
ཕྱི་ལོ་༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་གྲུབ་པ་དང༌། བཅའ་ཁྲིམས་དགོངས་དོན་དང་འབྲེལ་ཡོད་དོན་གནས་ཁག་ལག་བསྟར་དོན་འཁྱོལ་ཡོང་ཐབས་སུ་ཤེས་རིག་ལས་ཁུངས་ནས་འབད་བརྩོན་རིམ་པ་བགྱིས་འབྲས་སུ། ཕྱི་ལོ་༡༩༩༩ ལོར་ཤེས་རིག་ལས་ཁུངས་ཀྱིས་ད་སྔ་བར་གྱི་ལས་དོན་བསྐྱར་ཞིབ་ཀྱིས། དབུས་བློན་ཆེན་ལས་ཁུངས་ནས་ཁྱབ་ཁོངས་སློབ་ཁག་ཅིག་ལ་ཐད་ཀར་འཛིན་སྐྱོང་གནང་བ་དེས་ལྷན་ཁང་རང་གི་ལས་དོན་དངོས་གཞིར་ཤུགས་རྐྱེན་འབྱུང་གཞི་མ་ཟད། སྤྱི་ཚོགས་ཁྲོད་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཞེས་ཟུར་དུ་མཚན་བརྗོད་ངོས་འཛིན་ཞུ་མུས་དེས་ཀྱང་ཤེས་རིག་ལས་ཁུངས་དེ་བཞིན་བོད་མིའི་སློབ་གྲྭ་སྤྱིའི་ཤེས་ཡོན་དང་སྲིད་བྱུས་སྟངས་འཛིན་བཀོད་ཁྱབ་བྱེད་པོ་ཡིན་པའི་སྣང་བརྙན་ཞིག་གི་ལྟ་ཚུལ་ལ་གོ་ནོར་ཐེབས་པའི་རྒྱུར་འགྱུར་སྲིད་ལ། ལྷག་པར་བཙན་བྱོལ་བོད་གཞུང་གི་བཅའ་སྒྲིག་དང་གནས་ལུགས་གང་ཅིར་འཚམས་མིན་ངོས་ཟིན་སྔར་ཡོད་བཞིན། སྐབས་དེའི་བཀའ་ཤག་དང་འབྲེལ་ཡོད་འགན་འཁུར་བ་རྣམས་གོ་བསྡུར་སྦྱང་བཤད་རིམ་པར་གནང་མཐར། བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཐད་ཀར་འཛིན་སྐྱོང་འོག་ཏུ་ཡོད་པའི་གཞི་རིམ་སློབ་གྲྭའི་སློབ་ཕྲུག་ཚོའི་ཤེས་ཡོན་སློབ་གསོ་དང༌། མཐུན་རྐྱེན་མཁོ་སྤྲོད། འཛིན་སྐྱོང་སྟངས་འཛིན་སོགས་ཀྱི་ལས་དོན་རྣམས་སྔར་ལྷག་ཚགས་ཚུད་ཡར་རྒྱས་ཡོང་ཐབས་སླད་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་འདི་གསར་འཛུགས་གནང་བ་ཞིག་རེད། དེའི་འགན་དབང་ནི་རང་ཁོངས་གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུས་མཚོན་དགེ་རྒན་ལས་བྱེད་གསར་བསྐོ་དང་གནས་སྤོ་སོགས་འཛིན་སྐྱོང་གི་འགན་དབང་ཆ་ཚང་ཡོད།
འདས་པའི་ཉམས་མྱོང་ཁྲོད་འཛིན་སྐྱོང་ནི་ཤེས་ཡོན་ལས་དོན་ཡོངས་རྫོགས་ཚགས་ཚུད་འབྱུང་མིན་གྱི་སྲོག་རྩ་ལྟ་བུ་ཡིན་སྟབས། ཤེས་རིག་སློབ་གྲྭ་ཁག་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭའི་ངོ་བོར་འགྱུར་འཕྲལ།  དེ་དག་གི་འཛིན་སྐྱོང་ལས་གཞིར་ཞིབ་འཇུག་ཀྱིས་ཡར་རྒྱས་ཚགས་ཚུད་དང༌། ལྷག་པར་སློབ་གྲྭ་དེ་དག་རྒྱ་གར་གྱི་ས་གནས་གང་སར་ཁ་ཐོར་དུ་ཡོད་པས་ཡིག་འགྲུལ་གྱི་ལམ་ནས་འཛིན་སྐྱོང་བཀོད་མངགས་ཞུ་དགོས་པར་བརྟེན། འབྲེལ་གཏུགས་དང་ཡིག་ཆ་ཉར་ཚགས་ལེགས་པོ་ཡོང་ཆེད་སློབ་གྲྭ་སོ་སོའི་ཡིག་ཆ་ཉར་སྟངས་མི་འདྲ་བས་ཡིག་ཆ་འཚོལ་མི་བདེ་བ་དང༌། སྐབས་རེར་བོར་བརླག་སོང་བ་སོགས་ཀྱི་སྣང་ཚུལ་ལ་འགྱུར་བ་གཏོང་ཆེད། སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་ཁྱབ་ཁོངས་སློབ་གྲྭའི་ཡིག་ཚང་ཡོངས་ཀྱི་ཡིག་སྣོད་རྣམ་གྲངས་གཏན་འབེབས་ཀྱིས་གཅིག་འགྱུར་བཟོས་པ་མ་ཟད། དེ་དག་བདག་ཉར་བྱེད་ཕྱོགས་ལ་དམིགས་བསལ་སྦྱོང་བརྡར་ཡང་ཕུལ་བས། ད་ལྟའི་ཆར་སློབ་གྲྭ་ཆ་ཚང་ལ་ཡིག་ཆ་ཉར་ཚགས་ཐད་ཡར་རྒྱས་སོང་བ་བརྒྱུད་སྤྱིའི་འཛིན་སྐྱོང་ཐོག་ཤུགས་རྐྱེན་མངོན་སུམ་དུ་ཐེབས་ཡོད།
དེ་སྔ་སྔོན་འགྲོའི་དགེ་རྒན་གྱི་གྲུབ་ཆ་སྣ་ཚོགས་ཤིག་ཡོད་པར་བརྟེན། སློབ་མའི་ཤེས་ཚད་ཀྱང་སྙོམས་པོ་མེད་པས་དེ་དག་ལེགས་བཅོས་ཀྱིས་གཅིག་མཚུངས་སྤྱི་སྙོམས་ཡོང་སླད་ཁྱབ་ཁོངས་སློབ་ཁག་གི་སྔོན་འགྲོའི་དགེ་རྒན་ཚོར་མོན་ཊེ་སོ་རི་སློབ་འཁྲིད་ཐབས་ཚུལ་དང༌། སློབ་འཁྲིད་ཡོ་བྱད་བཟོ་སྟངས་སོགས་ལ་དུས་ཡུན་ཉིན་གྲངས་སུམ་ཅུའི་ཟབ་སྦྱོང་གོ་སྒྲིག་བྱས། འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་སློབ་འཁྲིད་བྱེད་ཕྱོགས་དང༌། སློབ་གཞི་གཏན་འབེབས། བརྒྱ་ཆ་སྤྲོད་ཕྱོགས་བཅས་ཀྱི་རྩ་འཛིན་རེའུ་མིག་ཀྱང་གསར་བཟོ་བྱས། སྤྱི་ཁྱབ་ཡིག་ཚང་དུ་ལས་བྱེད་འདང་ངེས་མེད་ཀྱང་དམིགས་བསལ་དགོས་མཁོར་གཞིགས་ནས་ཤེས་ལྡན་མི་སྣ་ཁག་ལ་རེ་སྐུལ་ཞུས་ཏེ་འཛིན་རིམ་ལྔ་པ་མན་གྱི་སློབ་མའི་སྐད་ཡིག་གི་གནས་ཚད་ཡར་རྒྱས་དང༌། སེམས་ཀྱི་ཀུན་སློང་བཟང་ཕྱོགས་སུ་འཚར་ལོངས་ཡོང་ཆེད། རྒྱལ་བའི་གསུང་རབ་ལས་མི་དགེ་བ་བཅུའི་བསླབ་བྱ་ལྡན་པའི་བོད་ཡིག་བརྙན་དེབ་དེབ་ཕྲེང་རྩོམ་སྒྲིག་དཔར་འགྲེམས་དང༌། སློབ་འཁྲིད་རྩེད་ཆས་སྣ་ཚོགས་ཤིག་གསར་བཟོ་དང་འགྲེམས་སྤེལ་བྱས། འཛིན་རིམ་དྲུག་པ་དང༌། བདུན་པ། བརྒྱད་པ་བཅས་པའི་སྐད་ཡིག་(བོད་ཡིག་)ཡར་རྒྱས་གཏོང་སླད་འབྲེལ་ཡོད་དགེ་རྒན་རྣམས་མཉམ་འཛོམས་ཀྱིས་དགོས་གལ་ལ་གཞིགས་པའི་སློབ་ཚན་ཁག་གི་གོ་རིམ་བསྒྲིགས་ཏེ་ལོ་འཁོར་མའི་སློབ་གཞི་གཏན་འབེབས་ཀྱིས་རྩ་འཛིན་ཡིག་ཆ་ལག་བསྟར་དང་དེར་གཞི་བཅོལ་ཏེ་ཁྱབ་ཁོངས་སློབ་གྲྭའི་འཛིན་རིམ་དྲུག་པ་དང༌། བདུན་པ། བརྒྱད་པ་བཅས་ཀྱི་ཡིག་ཚད་ཆེ་ཁག་གསུམ་གཅིག་གྱུར་བྱས་དང་བྱེད་མུས་ཡིན། འཛིན་རིམ་ལྔ་པ་དང༌། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ་བཅས་ལ་འཛིན་གྲྭ་སོ་སོར་གཞིགས་པའི་ཀམ་པུ་ཊར་གྱི་རྨང་གཞིའི་སློབ་སྦྱོང་སྤྲད།
བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དངོས་སུ་ལག་བསྟར་བྱས་རྗེས། གཞི་རིམ་འོག་མའི་སློབ་མ་རྣམས་ཀྱི་བོད་ཡིག་ཡིག་གཟུགས་ཡར་རྒྱས་གཏོང་ཆེད་སྦྱང་ཤིང་སྟེང་བོད་ཡིག་ཡིག་གཟུགས་སྦྱོང་བརྡར་བྱ་རྒྱུས་མཚོན་བོད་ཀྱི་སྲོལ་རྒྱུན་ཀྱི་ལེགས་ཆ་ཁག་དར་སྤེལ་གཏོང་ཐབས་དང་གཞི་རིམ་སློབ་མའི་སྐད་ཡིག་ཡར་རྒྱས་གཏོང་རྒྱུར་དམིགས་བསལ་གྱི་དོ་སྣང་དང་ཤུགས་སྣོན་བརྒྱབ་ཡོད། སློབ་གྲྭ་ཁག་གི་རྩིས་ཁྲ་གཙང་མ་དང་ཁ་གསལ་ལྟ་བདེ་ཡོང་སླད། ཕྱི་ལོ་༢༠༠༥ ལོར་ཁྱབ་ཁོངས་སློབ་གྲྭ་ཚང་མའི་རྩིས་པ་བསྡུ་སྐོང་གིས་རྩིས་ཁྲ་ཉར་ཕྱོགས་སྐོར་ཊེ་ལི་(Tally)ཟབ་སྦྱོང་ཕུལ། དེ་བཞིན་ཁྱབ་ཁོངས་སློབ་ཁག་གི་དགེ་རྒན་ཚོའི་ཤེས་ཚད་རྒྱུན་མཐུད་ཡར་རྒྱས་གཏོང་སླད་བོད་གཞུང་ཤེས་རིག་ལས་ཁུངས་ལས་ཟབ་སྦྱོང་ནམ་མཆིས་ལ་འབྲེལ་ཡོད་དགེ་རྒན་མང་ཉུང་ལ་མ་ལྟོས་པར་ཆ་ཤས་འབུལ་ཐུབ་ཐབས་ཀྱི་འབད་བརྩོན་ཞུ་མུས་ལ་བརྟེན། ད་བར་སློབ་ཁག་དགེ་རྒན་ཟབ་སྦྱོང་གནང་མ་མྱོང་མཁན་ཕལ་ཆེར་མེད་ཅིང༌། ཟབ་སྦྱོང་ནང་ཆ་ཤས་ལེན་མཁན་ཚོས་ཀྱང་རང་ལ་ཤེས་བྱ་གསར་པ་གང་དང་གང་ཤེས་པ་རྣམས་ས་གནས་སུ་ཕེབས་རྗེས་དགེ་རྒན་གཞན་རྣམས་ལ་ཡང་ཉམས་མྱོང་སྤེལ་རེས་དང༌། སློབ་མའི་ཐོག་ལག་བསྟར་གང་ཐུབ་བྱས་པས། སློབ་མ་ཚོའི་ཤེས་ཡོན་གྱི་གནས་སྟངས་ཀྱང་དེ་སྔ་དང་བསྡུར་ན་ཡར་རྒྱས་མངོན་གསལ་དོད་པོ་སོང་ཡོད།
ད་ལྟའི་ཆར་སཾ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་གི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་ལ་མཚོན་ན། འཛིན་རིམ་བཅུ་གཉིས་ཡོད་པའི་སློབ་གྲྭ་སྤོན་ཊ་གཏན་སློབ་དང༌། འཛིན་རིམ་བཅུ་པ་བར་ཡོད་པ་བྷུན་ཏར་གཏན་སློབ། འཛིན་རིམ་བརྒྱད་པ་བར་ཡོད་པ་སྒང་ཏོག་གཏན་སློབ། ཅོན་ཏ་ར་གཏན་སློབ། བདེ་སྐྱིད་གླིང་ཉིན་སློབ། འཛིན་རིམ་ལྔ་པ་བར་ཡོད་པ་ཤིས་ལོངས་གཏན་སློབ། སྤོག་ར་སྦོང་གཏན་སློབ། སྦིར་ཉིན་སློབ། སྤུ་རུ་ཝ་ལ་ཉིན་སློབ། མ་ན་ལི་ཉིན་སློབ། སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་ཡོད་པ་གངས་སྐྱིད་ཉིན་སློབ། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་དཔེ་སྟོན་བྱེད་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་ད་ཆ་འཛིན་རིམ་དྲུག་པ་བར་སླེབས་ཡོད།

(18118)