དྷ་ས་བོད་ཁྱིམ།

༡།    སྔོན་གླེང༌།

རང་ཅག་བོད་ནི་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་བོད་ཁ་བ་ཅན་གྱི་ཡུལ་ཞེས་མི་ལོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཞིང༌། དུས་ཡུན་དེའི་རིང་ཁྱིམ་མཚེས་རྒྱ་ནག་རྒྱལ་ཁབ་དང་སྐབས་རེར་གཉེན་གྱི་ཟླ་དང༌།  སྐབས་རེར་འཐབ་ཀྱི་ཡ་བྱས་ཏེ་གནས་པ་ཡོངས་གྲགས་ཡིན། འོན་ཀྱང་ཕྱི་ལོ་༡༩༤༩ ལོར་རྒྱ་ནག་དམར་པོའི་གཞུང་བཙུགས་པ་ནས་བཟུང་འདོད་རྔམས་ཀྱི་འདྲེ་ལག་བོད་དུ་བརྐྱངས་འགོ་ཚུགས་ཏེ་ཞི་དྲག་གཡོ་ཐབས་སྣ་ཚོགས་ལ་བརྟེན་ནས་བོད་ས་རིམ་ཟོས་ཀྱི་བཙན་འཛུལ་བྱས་པ་དང༌། ཕྱི་ལོ་༡༩༥༩ ལོར་ལོག་སྨོན་དུས་སུ་བདོས་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཕྱྭ་དང་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་རྩ་བརླག་གཏོང་བའི་དམག་གི་དྲག་གནོན་མི་བཟད་པ་བྱ་རྒྱུའི་ངན་གཤོམ་མིག་མཐོང་གཟུགས་གྲུབ་ཛ་དྲག་གི་གནས་སུ་གྱར་བར་བརྟེན། བོད་མི་མང་རྣམས་འུ་ཐུག་ཐབས་ཟད་ཀྱིས་རྒྱལ་ས་ལྷ་སར་རང་དབང་སྒེར་ལངས་ཀྱིས་འཐབ་རྩོད་བྱས་པ་དང༌།  ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག་གིས་དབུས་ཆོས་སྲིད་ཞི་དྲག་སོགས་བྱེད་གཞུང་གི་ངོ་བོ་ཡོངས་སུ་ཚང་བ་ཉེན་གཡོལ་དུ་ཆིབས་བསྒྱུར་གྱིས་རྒྱ་གར་འཕགས་པའི་ཡུལ་དུ་ྋཞབས་སོར་བདེ་འཁོད་བྱུང་མ་ཐག བོད་ཀྱི་རང་དབང་སླར་གསོའི་ལས་གཞི་རྣམ་མང་ཕྱག་བསྟར་གནང་བའི་ནང་ཚན་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང༌། འབྱུང་འགྱུར་བོད་ཀྱི་བདག་པོ་ད་ཡོད་བྱིས་པ་ན་གཞོན་གསར་བཙས་དང་བཅས་པ་ཕྱི་ནང་ཤེས་ཡོན་གཉིས་ལྡན་ཕུལ་བྱུང་མི་རིགས་ཀྱི་རྒྱུན་འཛིན་པར་གསོ་སྐྱོང་གནང་སླད་དྷ་ས་བོད་ཕྲུག་ཁྱིམ་སྡེ་འདི་ཡང་ཕྱི་ལོ་༡༩༦༠ ཕྱི་ཟླ་ ༥ ཚེས་༡༧ ཉིན་བཙན་བྱོལ་བོད་མིའི་བུ་བཅོལ་ཁང་གི་མིང་ཐོག་དབུ་འཛུགས་གནང་བ་དང༌། དེ་ཡང་ལ་དྭགས་ལམ་བཟོའི་འགན་འཛིན་རྒྱལ་རོང་ནང་སོ་བཞུགས་སྒར་དུ་བཅར་ནས་ཇཱ་མུ་ཁུལ་ལ་དྭགས་ལམ་བཟོ་པ་ཚོ་ས་ཆུ་མ་འཕྲོད་པ་ལྟ་བུས་ནད་མནར་འཆི་རྐྱེན་བྱུང་བའི་དཀའ་ངལ་སྙན་སེང་ཞུས་པ་བཞིན་ཐུགས་བརྩེས་མ་དོར་བར་སྐུ་ངོ་ཐུབ་བསྟན་ཉིན་བྱེད་ས་གནས་སུ་ཆེད་རྫོང་གནང་སྟེ་ལམ་བཟོ་པ་ཚོར་སེམས་གསོ་འཚམས་འདྲི་དང་སྦྲགས་བུ་ཕྲུག་རང་ལོ་༡༥ མན་ཇི་ཡོད་མཉམ་དུ་འཁྲིད་དགོས་ཀྱི་བཀའ་མངགས་ཡོད་པ་ལྟར་ཕ་མ་ཚོས་མོས་མཐུན་ཞུས་ཏེ། བུ་གྲངས་༢༨ དང་བུ་མོ་གྲངས་༢༣ མ་མ་པདྨ་ཆོས་སྒྲོན་དང་དཀོན་མཆོག་ཆོས་སྒྲོན་གཉིས་བཅས་མཉམ་ཁྲིད་གནང་བ་ལྟར། ཐོག་མའི་ལས་གཞི་ཀོ་ནེམ་དུ་དབུ་འཛུགས་ཀྱིས་སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་དང་ཕྱག་རོགས་བཀའ་ཟུར་སྐུ་ངོ་ཐུབ་བསྟན་ཉིན་བྱེད་དམ་པ་གཉིས་ནས་བཀའ་འབྲེལ་ལྟར་ཐུགས་འགན་བཞེས་པ་དང༌། སྐབས་དེའི་མཛད་འཆར་ལྟར། སློབ་ལོ་སོན་པའི་བུ་ཕྲུག་རྣམས་གཏན་སློབ་ཁག་འཛུགས་རིམ་བཞིན་དེ་དག་གི་ནང་གཏོང་རྒྱུ་སོགས་ཡར་རྒྱས་ཀྱི་ལམ་དུ་ཞུགས་བཞིན་ཡོད།  འོན་ཀྱང༌། ཕྱི་ལོ་༡༩༦༤ ལོར་དབུ་འཛིན་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཞིང༌། དེ་རྗེས་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཐུགས་འགན་སྩལ་བ་བཞིན་མུ་མཐུད་མཇུག་སྐྱོང་གིས་རྒྱུན་གཏན་གནང་སྒོ་སྤྱི་དང༌།  ལྷག་པར་སྐབས་དེའི་གནས་སྟངས་ཀྱི་ཆ་ནས་བུ་ཕྲུག་རྣམས་ཕྱི་ནང་གི་ཤེས་ལྡན་དུ་འཚར་ལོངས་ཡོང་ཆེད་ཕྱི་རྒྱལ་ཕྲུ་གུའི་ཁྱིམ་སྡེ་ཡོད་སར་བོད་ཁྱིམ་གསར་འཛུགས་གནང་བ་ཁག་ལ་བུ་ཕྲུག་གཏོང་ཐབས་གནང་བ་དང༌། དེ་བཞིན་སྒེར་གྱི་ཁྱིམ་ཚང་ཁག་ལ་བུ་ཚབ་ཏུ་བཏང་བ། ཕྱི་རྒྱལ་དང་རྒྱ་གར་བཅས་པའི་སློབ་གྲྭ་ཁག་ལ་འབྲེལ་ལམ་གྱིས་བུ་ཕྲུག་གང་མང་སློབ་སྦྱོང་དུ་གཏོང་ཐབས་གནང་ཡོད། རིམ་པས་གཏན་སློབ་ཁག་ཏུ་ཡང་སློབ་འཇུག་གི་ས་མིག་མེད་པའི་གནས་ཚུལ་བྱུང་སྟབས། ཕྱི་ལོ་༡༩༧༡ ལོར་བཙན་བྱོལ་བོད་མིའི་བུ་བཅོལ་ཁང་དེ་བཞིན་བོད་ཕྲུག་ཁྱིམ་སྡེར་མིང་བསྒྱུར་དང་འབྲེལ་ཁྲིམས་མཐུན་དེབ་སྐྱེལ་གནང་སྟེ། དམིགས་ཡུལ་གཙོ་བོ་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་གསལ་བ་བཞིན་ལས་འགུལ་འགོ་འཛུགས་གནང་གལ་ཆེ་བ་ལྟར་ཕྱི་ལོ་༡༩༧༤ ལོར་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE)འོག་ངོས་འཛིན་ཐོབ་ཐུབ་པ་བྱུང་བ་སོགས་རིམ་པས་བུ་ཕྲུག་ཚོའི་འཚར་ལོངས་དང་མཐུན་པའི་སློབ་སྦྱོང་གི་མཐུན་རྐྱེན་འཛོམས་པར་བརྟེན། མི་རིགས་རང་ཉིད་ཀྱི་རིག་གཞུང་དང་འབྲེལ་ཕྱིའི་ཤེས་ཡོན་ཡང་སློབ་སྦྱོང་སྤྲད་དེ་འདབ་ཤོག་གཉིས་ལྡན་དུ་གསོ་སྐྱོང་གནང་གཏན་འཁེལ་བ་ལྟར་ཕྱི་རྒྱལ་སློབ་ཁག་དང་སྒེར་གྱི་བུ་ཚབ་ཏུ་གཏོང་རྒྱུའང་མཚམས་འཇོག་གནང་ཡོད། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་གཞིར་བཟུང་དགོས་གལ་དང་བསྟུན་ཏེ་བོད་མི་གནས་ཡུལ་ས་ཁུལ་ཁག་ནང་ཁྱིམ་སློབ་གསར་རྒྱག་གཙོ་བོར་གྱུར་པའི་ལས་གཞི་ཁག་ཕྱག་བསྟར་གནང་བ་གཤམ་དུ་རགས་ཙམ་ྋསྙན་གསོལ་ཞུ་རྒྱུར། སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ནས་ལྷག་བསམ་རྣམ་དག་དང༌། སྐུ་ངལ་ཞུམ་མེད་ཀྱི་འབད་བརྩོན་གནང་བའི་འབྲས་བུར་མཛད་རྗེས་མངོན་གསལ་ཀུན་གྱི་མཐོང་ཆོས་སུ་གྱུར་པར་བརྟེན། ཕྱི་ནང་གང་ས་ནས་གཟེངས་བསྟོད་ཀྱི་བྱ་དགའ་རིམ་པ་ཕུལ་བ་སོགས་ཀྱིས་བོད་ཁྱིམ་འདི་ཚང་མས་ཡིད་སྨོན་བྱེད་ཡུལ་གྱི་ཚོགས་པ་ཞིག་ཏུ་གྱུར་ཡོད་པ་ཞིབ་འགྲེལ་མ་དགོས་པ་དང༌། སྐུའི་གཅུང་མོ་མཆོག་དགུང་ལོའི་བབ་དང་བསྟུན་མང་གཙོའི་ལམ་སྲོལ་གཞིར་བཟུང་ལོ་ན་གཞོན་པ་ཚོར་གོ་སྐབས་ཐོབ་སླད་འོས་བསྡུའི་ལམ་ནས་དབུ་འཛིན་གསར་པ་འདེམས་བསྐོ་གནང་བ་ལྟར་ཕྱི་ལོ་༡༩༧༤ ལོ་ནས་ཁྱིམ་སྡེའི་འཛིན་སྐྱོང་སྡེ་ཚན་ནང་ཞབས་ཞུ་གནང་བ་གཙོ་འཛིན་གཞོན་པ་ཚེ་དབང་ཡེ་ཤེས་ལགས་སུ་མང་མོས་འོས་འདེམས་བྱུང་སྟེ། ཕྱི་ལོ་༢༠༠༦ ཟླ་༨ ནས་འགན་ཁུར་ཞུ་བཞིན་ཡོད། འོན་ཀྱང་ལྷ་སྐུ་མཆོག་ཁྱིམ་སྡེ་འདིར་མེད་དུ་མི་རུང་བ་ཡིན་སྟབས་ཁྱིམ་ཚང་གཅིག་གི་ནང་མིའི་ཚུལ་དུ་བཞུགས་ནས་རྒྱུན་གྱི་འཛིན་སྐྱོང་ཐུགས་འགན་བཞེས་མི་དགོས་ཀྱང་སྤྱི་ཡོངས་ཀྱི་ལས་དོན་ལ་གཟིགས་རྟོག་ལམ་སྟོན་དང་ལྷག་པར་མཐོ་སློབ་ཀྱི་ལས་གཞིའི་ཐོག་ཐུགས་འགན་རྐང་བཞེས་ཡོང་བ་ཞེས་སྐབས་འདིའི་འབྲེལ་ཡོད་ཚང་མས་ནན་གསོལ་ཞུས་པར་བརྟེན་དེ་ལྟར་བཀའ་བཞེས་གནང་སྟེ་ཐུགས་འགན་བཞེས་མུས་སུ་ཡོད།

༢།    ཕྱི་ལོ་༡༩༩༤ ཟླ་༥ པར་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ཟུར་འཛུགས་གནང་བ་ནས་ད་ལྟ་བར་གྱི་འཛིན་སྐྱོང་གནང་ཕྱོགས།

ཀ)    ཚོགས་པའི་མགོན་སྐྱབས་གཞིས་བྱེས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཡིན། ཁ)    ཚོགས་པའི་འགན་འཛིན་ལྷན་ཚོགས། ག)    བོད་ཁྱིམ་འཛིན་སྐྱོང་ལྷན་ཚོགས། ང)    བོད་ཁྱིམ་འཛིན་སྐྱོང་དང་འཕེལ་རྒྱས་ལྷན་ཚོགས། ཅ)    བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་ལྷན་ཚོགས། ཆ)    སྤྱི་ཁྱབ་ཡིག་ཚང་དང༌། སྡེ་ཚན་སོ་སོའི་ནང་འགན་འཛིན་ཚོགས་ཆུང་དང༌།  དེ་དག་གི་འོག་ལས་རིམ་གཞི་བཅོལ་གྱི་ཚོགས་ཆུང་ཁག གོང་གསལ་སྒྲིག་འཛུགས་སོ་སོར་ལས་དོན་ཞུ་སྒོའི་བཀོད་སྒྲིག་ལམ་སྟོན་ཡིག་ཆ་ཡོད་པ་ལྟར་ཞུ་རྒྱུའི་ཐོག་ལས་སློབ་ཀྱི་ཚོགས་ཆེན་ཁག་ནས་སྤྱི་སྨན་དགོངས་འཆར་བྱུང་བ་དེ་དོན་ལེགས་ཆ་སྤེལ་ཐབས་ཀྱི་ལམ་སྟོན་ཞུ་མུས་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་བུ་ཕྲུག་རྣམས་རང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཡོངས་སུ་སད་དེ་བླང་དོར་གྱི་གནས་ལ་རང་སྟོབས་ཀྱིས་ལེགས་ཉེས་དབྱེ་འབྱེད་ཀྱི་ནུས་པ་ལྡན་པའི་བོད་མི་ཚད་ལྡན་འདབ་གཤོག་གཉིས་ལྡན་འབའ་ཞིག་འཚར་ལོངས་ཡོང་ཐབས་ཀྱི་བཀའ་མངགས་དགོངས་དོན་འགྲུབ་ཐབས་སོགས་ལ་དམིགས་ཏེ་སྐབས་སོ་སོར་དགོས་གལ་གྱི་ལས་འགུལ་སྤེལ་རྒྱུ་དང༌། ལྷག་པར་དགེ་རྒན་གྱི་འོས་སྦྱོང༌།  སློབ་ཚན་དང་མཐུན་པའི་ཟབ་སྦྱོང༌། སློབ་འཁྲིད་ལམ་སྟོན་གནང་ཕྱོགས་སོགས་སློབ་ཕྲུག་གཙོ་བོར་བཞག་པའི་ཐབས་ཚུལ་འོག་སློབ་ཕྲུག་སོ་སོའི་མོས་འདུན་དང་མཐུན་པའི་བསམ་བློ་དང་ཤེས་ཚད་གོང་འཕེལ་ཡོང་སླད། ཟུར་སྦྱོང་གི་ལས་འཆར་སྣ་ཚོགས་སྤེལ་རྒྱུ་སོགས་དུས་བསྟུན་གྱི་ཞུ་སྒོ་ཅི་མཆིས་མཚམས་སྦྱོར་ཐུབ་ཐབས་བྱ་རྒྱུ་སོགས་དོན་སྙིང་བུ་ཕྲུག་ཚོའི་ཕྱི་ལུས་དང་ནང་སེམས་ཀྱི་འཚར་ལོངས་བོད་མི་རྣལ་མ་ཞིག་ཡོང་བའི་སློབ་སྦྱོང་སྤྲོད་ཐབས་སུ་མི་དང་དངོས་པོའི་ཆ་རྐྱེན་མ་ཚང་བ་མེད་པ་དང༌།  ཟས་གོས་གནས་མལ་ཡང་གྲོང་འབྲིང་ཞིག་གི་ཆུ་ཚད་ལ་སླེབས་པའི་མཐུན་རྐྱེན་སྦྱོར་རྒྱུ་བཅས་ནི་གལ་ཆེའི་ནང་ནས་གལ་ཆེར་ངོས་འཛིན་གྱིས་དོན་འཁྱོལ་བྱེད་བཞིན་ཡོད་པ་ལྟར་ཁྱིམ་སྡེའི་ཡན་ལག་ཁག་གི་གནས་སྟངས་སྙིང་བསྡུས་གཤམ་དུ་རིམ་པར་བཀོད་ཡོད།

༣།    བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན།

ཕྱི་ལོ་༡༩༧༢ ལོ་བོད་ཕྲུག་ཁྱིམ་སྡེའི་དུས་དྲན་དང་སྟབས་བསྟུན་ཁྱིམ་ཚང་གཉིས་པ་དབུ་འབྱེད་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཤེས་ཡོན་སློབ་སྦྱོང་སྤྲོད་ཕྱོགས་ཐད་ལམ་སྟོན་བཀའ་སློབ་སྤྱི་ཕེབས་དགོངས་དོན་བཞིན་བུ་ཕྲུག་ཚོར་བོད་མི་རིགས་རང་ཉིད་ཀྱི་སྐད་ཡིག་ཐོག་སློབ་སྦྱོང་སྤྲོད་གལ་ཆེ་ཞིང༌། སྤྱི་ལོ་༡༩༨༣ ལོ་ནས་སློབ་དེབ་རྣམས་བོད་ཡིག་ནང་ཕབ་བསྒྱུར་གྱི་ལས་གཞི་འགོ་འཛུགས་གནང་བ་དང༌། ཕྱི་ལོ་༡༩༨༤ དང་༡༩༨༥ ལོར་ཤེས་རིག་ཚོགས་ཆེན་རིམ་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ལས་དོན་འདིའི་སྟེང་བཀའ་སློབ་ནན་སྩལ་བྱུང༌། ལོ་དེར་བོད་རིགས་སློབ་དགེའི་ཚོགས་འདུ་ཐེངས་གསུམ་པ་སྐོང་ཚོགས་གནང་བ་དང༌། བཙན་བྱོལ་བོད་མིའི་ཤེས་ཡོན་དང་འབྲེལ་བའི་གནད་དོན་ཐད་བགྲོ་གླེང་དང་གོ་བསྡུར་རྒྱ་ཆེར་བྱ་ཆེད་བོད་ཀྱི་སྐད་ཡིག་རིག་གནས་ཐོག་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་བཞུགས་སྒར་དྷ་སྟེང་བོད་ཁྱིམ་དུ་སྐོང་ཚོགས་གནང་གཏན་འཁེལ་བ་ལྟར་གྲ་སྒྲིག་འགོ་འཛུགས་གནང༌། དེ་བཞིན་རྒྱ་གར་དབུས་གཞུང་དང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག་བལྟ་རྟོག་ལྷན་ཚོགས་(UNESCO)གཉིས་ནས་ཀྱང་དམའ་རིམ་འཛིན་གྲྭའི་ནང་མི་རིགས་རང་སྐད་ཐོག་སློབ་ཁྲིད་དགོས་པའི་གསལ་བསྒྲགས་གནང་ཡོད་སྟབས། བོད་ཁྱིམ་སྤྱི་ཁྱབ་འཛིན་སྐྱོང་ནས་དེ་སྔ་ལས་གཞི་དབུ་བཙུགས་ཟིན་པ་ཁག་ལ་དམིགས་བསལ་ཐུགས་འཁུར་ཟབ་བཞེས་ཀྱིས་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གསར་འཛུགས་གནང༌། ཕྱི་ལོ་༡༩༨༦ ལོར་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་རྗེ་བཙུན་པདྨ་མཆོག་གི་དམིགས་བསལ་ཐུགས་ཁུར་དང་བཀའ་བསྐུལ་འོག་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་ཟུར་འཛུགས་ཀྱིས་དེང་དུས་ཀྱི་ཚན་རིག་དང༌། སྤྱི་ཚོགས་རིག་གནས། ཨང་རྩིས་སོགས་སློབ་ཚན་ཁག་བོད་སྐད་ཐོག་ཕབ་བསྒྱུར་གྱིས་དཔར་འགྲེམས་གནང་བ་མ་ཟད། ཕྱི་ལོ་༡༩༨༦ ཕྱི་ཟླ་༣ ཚེས་༡ ནས་འཛིན་རིམ་དང་པོའི་སློབ་དེབ་ཚོད་བལྟའི་སླད་སློབ་ཁྲིད་འགོ་འཛུགས་ཀྱིས་འབྲེལ་ཡོད་ཁག་གི་དགོངས་ཚུལ་དང་ཉམས་མྱོང་ཕྱོགས་བསྡོམས་གནང༌། དེ་རྗེས་ལོ་རིམ་བཞིན་རྩོམ་སྒྱུར་དང་བསྐྱར་ཞིབ་ཟུང་འབྲེལ་གྱིས་ཕྱི་ལོ་༡༩༩༡ ལོར་འཛིན་རིམ་ལྔ་པ་བར་བོད་སྒྱུར་ཕྱག་བསྟར་ཐུབ་པ་བྱུང༌། དེ་ཡང་ཕྱི་ལོ་༡༩༨༨ ནས་༡༩༩༠ བར་ཤེས་རབ་རྒྱ་མཚོ། དགའ་གཞོན་པདྨ་ཚེ་རིང༌། པདྨ་རྡོ་རྗེ། ངག་དབང་ལགས། ཕུན་རབ་ཆོས་བཟང༌། ངག་དབང་རྡོ་རྗེ། ཚེ་རིང་བཀྲ་ཤིས། ཚེ་དབང་རྡོ་རྗེ་བཅས་ལས་གྲུབ་པའི་རྩོམ་སྒྲིག་ཚོགས་ཆུང་གིས་འཛིན་གྲྭ་དང་པོའི་ཚན་རིག་དང༌། སྤྱི་ཚོགས་རིག་གནས། ཨང་རྩིས་བཅས་སློབ་དེབ་ཁག་བོད་ཡིག་ཐོག་ཕབ་བསྒྱུར་ཟིན་པ་རྣམས་ཤེས་རིག་ལས་ཁུངས་སུ་མཐའ་མའི་བསྐྱར་ཞིབ་ཆེད་ཕུལ་ཞིང༌། ཤེས་རིག་ལས་ཁུངས་ནས་ཀརྨ་སྨོན་ལམ་དང༌། རག་ར་རིན་པོ་ཆེ། རྒྱལ་མཚན་བྱམས་པ། རི་ཁ་བློ་བཟང་བསྟན་འཛིན། སྣར་སྐྱིད་ངག་དབང་དོན་གྲུབ། ཤེལ་དཀར་གླིང་པ། རིགས་སློབ་དབུ་དགེ་བློ་བཟང་རྒྱ་མཚོ་བཅས་ལས་གྲུབ་པའི་བསྐྱར་ཞིབ་ཚོགས་ཆུང་གིས་ཞུ་དག་དང༌། བསྐྱར་ཞིབ་གྲུབ་འཕྲལ་བོད་ཁྱིམ་ནས་དཔར་སྐྲུན་གྱིས་ལོ་གཅིག་རིང་ཚོད་ལྟའི་ཚུལ་དུ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་གནང་སྲོལ་ལག་བསྟར་གནང་ཡོད། བོད་ཁྱིམ་གྱི་ཉམས་མྱོང་བོད་གཞུང་གཏན་སློབ་གཞན་དང་ཁྱད་པར་སྐབས་དེར་སློབ་གྲྭ་མང་ཤོས་ཡིན་པའི་བོད་སློབ་འཛིན་ཚོགས་སློབ་ཁག་ནང་གཅིག་གྱུར་ལག་བསྟར་ཡོང་ཆེད་བོད་གཞུང་ཤེས་རིག་བཀའ་བློན་ལྕམ་སྐུ་རྗེ་བཙུན་པདྨ་མཆོག་ནས་བཀའ་བསྐུལ་གནང་དོན་བཞིན། ཕྱི་ལོ་༡༩༩༤ ལོ་ནས་དངོས་སུ་འགོ་འཛུགས་ཀྱིས་སློབ་དེབ་ཁག་བོད་ཁྱིམ་ནས་དམིགས་བསལ་ཆག་ཡང་དང་སྦྲགས་བོད་ཁྱིམ་ནས་ནར་གཏོང་གནང་ཡོད། བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་འདི་ནི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ནང་སློབ་དེབ་ཐོག་ཆེད་ལས་རྩོམ་སྒྲིག་སྡེ་ཚན་ཟུར་འཛུགས་གནང་བའི་ཐོག་མ་ཡིན་ལ། སྡེ་ཚན་འདི་ཉིད་ལ་བརྟེན་ནས་དེང་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་ཁག་ནང་སྔོན་འགྲོ་ནས་གཞི་རིམ་འོག་མ་བར་གྱི་སློབ་ཚན་ཡོད་ཚད་བོད་སྐད་བརྒྱུད་ལམ་ཐོག་སློབ་ཁྲིད་ལག་བསྟར་བྱ་བར་དཀའ་ངལ་ཅི་ཡང་མེད་པའི་གྲུབ་འབྲས་རླབས་ཆེན་འདི་བྱུང་ཡོད། ཕྱི་ལོ་༢༠༠༧།༠༨ ལོར། བོད་ཁྱིམ་དང་དབུས་ཤེས་རིག་ལས་ཁུངས་ནས་སློབ་དེབ་རྩོམ་སྒྲིག་སྔར་ལྷག་ཚགས་ཚུད་གཏོང་ཐབས་བཀའ་བསྡུར་གནང་སྟེ། ཕྱི་ལོ་༢༠༠༨ ནས་བཟུང་སྔོན་འགྲོ་ནས་གཞི་རིམ་འོག་མ་འཛིན་རིམ་ལྔ་པ་བར་གྱི་སློབ་དེབ་རྩོམ་སྒྱུར་དང་རྩོམ་སྒྲིག་གི་ལས་འགན་ཡོངས་རྫོགས་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་ནས་བཞེས་རྒྱུའི་ཐོག དབུས་ཤེས་རིག་ནས་བོད་ཁྱིམ་ལ་དགོས་ངེས་མཐུན་རྐྱེན་མཁོ་འདོན་གནང་རྒྱུ། འཛིན་རིམ་དྲུག་པ་ཡན་གྱི་སློབ་དེབ་རྩོམ་སྒྲིག་ལས་གཞི་རྣམས་ད་མུས་བཞིན་ཤེས་རིག་ལས་ཁུངས་ནས་ཐུགས་འགན་བཞེས་རྒྱུའི་ཐག་གཅོད་བྱུང་བ་བཞིན་ལག་བསྟར་རྒྱུན་འཁྱོངས་གནང་བཞིན་ཡོད་དོ། །

༤།    བྷེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང༌།

བོད་ཁྱིམ་མཐོ་སློབ་ཀྱི་དགོས་དམིགས་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ལམ་སྟོན་རྒྱུན་མར་གནང་བའི་དགོངས་དོན་བཞིན་བུ་ཕྲུག་རྣམས་ལ་མི་རིགས་རང་ཉིད་ཀྱི་རིག་གཞུང་གཙོ་བོར་གྱུར་པའི་དེང་དུས་ཀྱི་ཤེས་ཡོན་སྤྲོད་ཐབས་དགོས་པ་བཞིན་གཞི་རིམ་གོང་མ་འཛིན་རིམ་བཅུ་གཉིས་བར་ལག་བསྟར་གནང་མུས་ཡིན་ནའང༌། གཞི་རིམ་སློབ་གྲྭ་ཐོན་རྗེས་ཀྱང་དེ་མཚུངས་སྲིད་བྱུས་ལག་བསྟར་གནང་གལ་ཆེ་བས། བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་རང་གི་མཐོ་སློབ་ཚད་ལྡན་ཞིག་དགོས་གལ་ཆེ་བའི་གླེང་བ་སྔ་མོ་ནས་བྱུང་ཞིང༌། རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་དངོས་སུ་འགོ་འཛུགས་མ་ཐུབ་པར་ལོ་མང་ཕྱིན་ཡོད་ནའང༌། ཉེ་བའི་ལོ་ཤས་ནང་བོད་ཁྱིམ་རང་ངོས་ནས་འདི་ལྟ་བུའི་མཐོ་སློབ་ཅིག་གསར་འཛུགས་གནང་རྒྱུའི་ཐོག་འབྲེལ་ཡོད་ཁག་ལ་གྲོས་བསྡུར་དང་འབྲེལ་ཐ་མར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསེང་དགོངས་སྐོར་ཞུས་པར། ཐུགས་དགྱེས་སྣང་ཆེན་པོས་བསྔགས་བརྗོད་དང་སྦྲགས་མཐོ་སློབ་འཛུགས་སྐྲུན་ཐད་དཔལ་འབྱོར་གྱི་དཀའ་ངལ་སེལ་ཕྱིར་སྐུ་སྒེར་ནས་ཕྱག་གྲོན་ཨ་སྒོར་ས་ཡ་མང་པོ་གསོལ་རས་བཀའ་དྲིན་སྩལ་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པས། རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་ཞེས་པའི་མངའ་སྡེའི་བྷེང་ལོར་གྲོང་ཁྱེར་ཉེ་འགྲམ་དུ་ས་ཆ་ཨེར་ཀ་༣༧ ཙམ་སྤུས་གཟིགས་གནང་བའི་ཐོག བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་ནས་ཐུགས་འགན་གཙོ་བཞེས་ཀྱིས་ལས་འཆར་ཞིབ་བཀོད་དང་འབྲེལ་ཕྱི་ལོ་༢༠༠༦ ཟླ་༡༠ ཚེས་༡ ནས་ཨར་ལས་འགོ་འཛུགས་ཀྱིས་ལས་འཆར་བང་རིམ་དང་པོ་ལེགས་འགྲུབ་ཟིན་བཞིན་པའི་གནས་སྟངས་ལ་བརྟེན་བཞུགས་སྒར་དྷ་སྟེང་བོད་ཁྱིམ་དུ་ཡོད་པའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་སྡེ་ཚན་བྷེང་ལོར་མཐོ་སློབ་ཏུ་གནས་སྤོ་བྱས་ཏེ་ཕྱི་ལོ་༢༠༠༨ ཕྱི་ཟླ་༧ ཚེས་༣༠ ནས་སློབ་འཁྲིད་དབུ་འཛུགས་ཐུབ་པ་བྱུང་ཡོད། སླད་ཀྱང་བང་རིམ་བཞིན་ཨར་ལས་གྲུབ་མཚམས་མཐོ་རིམ་སྡེ་ཚན་རིམ་བཞིན་འགོ་འཛུགས་གནང་རྒྱུ་དང༌། མཐོ་སློབ་འདིར་ཐོག་མར་སློབ་ཕྲུག་༥༠༠ ཙམ་ནས་འགོ་བཙུགས་ཏེ་མཐར་འཆར་གསལ་ཨར་ལས་ཡོངས་སུ་གྲུབ་མཚམས་བུ་ཕྲུག་༣༠༠༠ ཙམ་ལ་རྒྱ་བསྐྱེད་ཀྱིས་ཚན་རིག་དང༌། འབྱུང་རིག གློག་ཀླད། སློབ་སྟོན་པ་སོགས་དེང་དུས་མཐོ་རིམ་སློབ་སྦྱོང་གི་སྡེ་ཚན་ཁག་ཡོད་པའི་ཐོག་མི་རིགས་རང་ཉིད་ཀྱི་རིག་གཞུང་ལའང་སློབ་ཕྲུག་གི་འདོད་མོས་དང་མཐུན་པའི་སློབ་སྦྱོང་གི་མཐུན་རྐྱེན་སྦྱོར་སྤྲོད་ཞུ་རྒྱུ་ཡིན། ཕྱི་ལོ་༢༠༠༩ ཟླ་༢ ཚེས་༡༦ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བྷེང་ལོར་དུ་ཞབས་སོར་འཁོད་དེ་བཙན་བྱོལ་བོད་མིའི་དེང་རབས་མཐོ་སློབ་ཐོག་མ་འདིའི་དམིགས་ཡུལ་དོན་ལྡན་བྱིན་གྱིས་རླབས་ཕྱིར་ཐུགས་སྨོན་རབ་གནས་མ་ཟད། མཐོ་སློབ་དེར་“ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་བྱབྱཞེས་པའི་མཚན་གསོལ་གནང་བ་དང༌། དགེ་སློབ་འགོ་ལས་ཡོངས་ལ་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ། སྐབས་དེའི་མཛད་སྒོར་སྐུ་མགྲོན་ཀར་ཎ་ཊ་ཀ་མངའ་སྡེའི་ཤེས་རིག་བློན་ཆེན་ཟུར་པ་སྐུ་ཞབས་ཌོག་ཊར་པཱ་རཱ་མི་ཤི་ཝ་ཊར་.(Dr. G. Parameshwatr)དང༌། ཞིང་ལས་གཙུག་ལག་སློབ་གཉེར་ཁང་གི་དབུ་འཛིན་གཞོན་པས་དབུས་པའི་རྒྱ་གར་བ་མི་གྲངས་༢༠༠ ཙམ་དང་ཁྱོན་མི་གྲངས་༢༠༠༠ ཙམ་ཆེད་བཅར་གནང་ཡོད།

༥།    བོད་ཁྱིམ་དགེ་འོས་སློབ་གཉེར་ཁང༌།

ལོ་རབས་དགུ་བཅུ་པའི་སྔོན་དུ་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭར་དགེ་རྒན་འོས་སྦྱོང་མ་ཐོབ་པའམ་ཆ་ཚང་མ་ཐོབ་པའི་དགེ་རྒན་གྲངས་འབོར་མི་ཉུང་བ་ཞིག་ཡོད་ནའང༌། རིམ་གྱིས་མཐོ་སློབ་ཁག་ནས་དགེ་རྒན་འོས་སྦྱོང་ཐོབ་མཁན་ཇེ་མང་དུ་སོང་བས་སློབ་གྲྭ་ཁག་ཏུ་འོས་སྦྱོང་ཡོད་པའི་དགེ་རྒན་གང་མང་བསྐོ་འཛུགས་ཐུབ་པ་བྱུང་ཡོད་ནའང༌། སློབ་ཁྲིད་བརྒྱུད་ལམ་བོད་ཡིག་ཐོག་བསྒྱུར་རྗེས་གཞི་རིམ་འོག་མའི་ནང་བོད་སྐད་ཐོག་སློབ་ཁྲིད་འཕེར་བའི་དགེ་རྒན་འདང་ངེས་མ་བྱུང་ཚེ་དམིགས་ཡུལ་དོན་འཁྱོལ་དཀའ་བར་བརྟེན། ཕྱི་ལོ་༡༩༩༥ ཕྱི་ཟླ་༧ ཚེས་༡ ནས་དམའ་རིམ་དགེ་རྒན་འོས་སྦྱོང་ཟུར་འཛུགས་ཀྱིས་ལོ་གཉིས་དང་ཟླ་ཕྱེད་ཀྱི་རིང་དགེ་འོས་སྦྱོང་བརྡར་སྤྲད་དེ་ད་ཕན་ཐོན་ཐེངས་ཁག་༡༠ བྱུང་ཞིང༌། ཁྱོན་བསྡོམས་སློབ་མ་༢༠༢ དགེ་འོས་སྦྱོང་བརྡར་ལེགས་ཐོན་རྣམས་ལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་དགེ་འོས་མཐར་ཕྱིན་ལག་འཁྱེར་སྩལ་ཏེ་གཞི་རིམ་སློབ་གྲྭར་ལས་བགོས་ཀྱིས་སློབ་ཁྲིད་ཀྱི་ལས་ཁུར་ཞུ་མུས་ཡིན། ད་ཡོད་འོས་སྦྱོང་འགོ་འཛུགས་མ་གནང་གོང་ས་རཱ་བོད་ཀྱི་མཐོ་སློབ་ནང་སློབ་ཞུགས་ཀྱིས་ཟླ་དྲུག་རིང་བོད་ཡིག་གནས་ཚད་ཡར་རྒྱས་གཏོང་རྒྱུའི་ལས་རིམ་གོ་སྒྲིག་གནང་བས་འོས་སྦྱོང་དངོས་གཞིར་འཇུག་པར་ཕན་རླབས་ཆེན་པོ་བྱུང༌། ཕྱི་ལོ་༢༠༠༨ ལོར་འོས་སྦྱོང་ལོ་རིམ་དང་གཉིས་ནང་འོས་སྦྱོང་པ་གྲངས་༧༡ ཡོད་ཅིང༌། ཕྱི་ལོ་༢༠༠༨ ཟླ་༧ པ་ནས་བྷེང་ལོར་བོད་ཁྱིམ་མཐོ་སློབ་གསར་རྒྱག་བྱེད་བཞིན་པའི་ཁོངས་ནས་ཨར་ལས་གྲུབ་པའི་སྡེ་ཚན་ནང་གནས་སྤོས་གནང་ཡོད།

༦།    སྔོན་འགྲོའི་སློབ་སྦྱོང༌།

བོད་ཁྱིམ་ནང་སྔོན་འགྲོའི་ལམ་ལུགས་ཐོག་མར་བུ་བཅོལ་ཁང་གི་མིང་ཐོག་འགོ་འཛུགས་གནང་བ་དང༌། བུ་ཕྲུག་ཚོར་ཤེས་ཡོན་སྤྲོད་སྐབས་སྔོན་འགྲོ་ནས་འགོ་འཛུགས་དགོས་པར་བརྟེན། སྔོན་འགྲོའི་སློབ་སྦྱོང་སྤྲོད་ཕྱོགས་མི་འདྲ་བ་དུ་མ་ཞིག་ཡོད་པའི་ནང་ནས་རང་རེའི་བུ་ཕྲུག་ཚོར་རན་ཤོས་གང་ཡིན་འབྲེལ་ཡོད་མཁས་དབང་ཁག་ལ་འབྲེལ་ལམ་དང་བཀའ་བསྡུར་ཞུ་རྒྱུ་དང༌། ཆེད་དུ་གདན་ཞུས་ཀྱིས་དངོས་སུ་སློབ་འཁྲིད་ཚོད་གཟིགས་བརྒྱུད་ལམ་སྟོན་བཀའ་སློབ་ཞུ་སྒོ་སོགས་དོ་ནན་ཞུས་མཐར། མན་ཊེ་སོ་རི་(Montessori)ལམ་ལུགས་ཀྱི་ཐོག་ནས་སློབ་སྟོན་བྱ་རྒྱུ་འོས་ཤོས་སུ་གཟིགས་ཏེ། ཕྱི་ལོ་༡༩༧༢ ལོ་མན་ཊི་སོ་རི་ལམ་ལུགས་སྐོར་གྱི་ཆེད་མཁས་མི་སྣ་གདན་ཞུས་ཀྱིས་འབྲེལ་ཡོད་དགེ་རྒན་ཚོར་ཟབ་སྦྱོང་གོ་སྒྲིག་གིས་ཉམས་མྱོང་གོང་འཕེལ་ཡོང་ཐབས་དང༌།  ཁྱིམ་སྡེའི་ཁོངས་སུ་སྔོན་འགྲོའི་སློབ་དགེ་དགོས་གལ་ཡོད་པ་བཞིན་ཕྱི་ལོ་༡༩༧༩ ལོར་དགེ་རྒན་གྲངས་༢༠ ཅན་གྱི་འོས་སྦྱོང་འགོ་འཛུགས་གནང་བ་ནས་བཟུང་ཕྱི་ལོ་༢༠༠༨ བར་འོས་སྦྱོང་ཐེངས་༡༠ ནས་དགེ་རྒན་གྲངས་༢༩༥ ཐོན་ཡོད། ཐེངས་གསུམ་ལ་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར་འོས་སྦྱོང་པ་དང་འགྲོ་གྲོན་ཡང་ཆ་ཚང་ཤེས་རིག་ལས་ཁུངས་ནས་འཆར་གསལ་ལྟར་གསོལ་རས་གནང༌། སྔོན་འགྲོའི་སློབ་སྦྱོང་གི་ལམ་སྟོན་ཞུ་སྒོ་དེ་བཞིན་གལ་ཆེར་བརྩིས་ཏེ་གཟིགས་རྟོག་བདེ་ཆེད་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་འོག་སྡེ་ཚན་ཟུར་འཛུགས་གནང་བའི་ཁོངས་ནས་འོས་སྦྱོང་དང་ཟབ་སྦྱོང་སྤྲོད་རྒྱུ། དེ་བཞིན་འཁྲིད་ཆས་བཟོ་རྒྱུ་སོགས་ཀྱི་ལས་འགུལ་སྤེལ་ནས་སྤྱི་ཚོགས་ནང་སྔོན་འགྲོའི་སྡེ་ཚན་ཚང་མར་དགོས་ཕན་ཆེན་པོ་བྱུང་ཡོད།

༧།    མ་ཚབ་འོས་སྦྱོང༌།

བོད་ཁྱིམ་ནང་བུ་ཕྲུག་ཚོའི་ཁྱིམ་ཚང་ནང་སློབ་ཕྲུག་ཚོའི་རྒྱུན་ལྡན་འཚོ་བར་གཟིགས་རྟོག་གནང་མཁན་མ་ཚབ་རེ་བསྐོ་ལམ་ཡོད་པ་དེ་རྣམས་ནས་བུ་ཕྲུག་མང་པོ་ཞིག་ལ་སྐྱེད་མ་དངོས་དང་དབྱེར་མེད་ཀྱི་འཚོ་སྐྱོང་དགོས་པ་ཡིན་པས། དེ་ནི་ལུས་སེམས་གཉིས་ཐོག་ནས་བྱ་དགོས་པའི་དཀའ་ཚེགས་དང་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན་སྟབས། འབྲེལ་ཡོད་མཁས་དབང་གདན་ཞུས་ཀྱིས་ཨ་མ་ཚོར་བུ་ཕྲུག་འཚོ་སྐྱོང་དང་འབྲེལ་བའི་སློབ་གསོ་ལམ་སྟོན་སོགས་ལ་དོ་སྣང་རྒྱུན་དུ་གནང་མུས་ཐོག བུ་ཕྲུག་འཚོ་སྐྱོང་ཞུ་རྒྱུའི་ལས་དོན་ཉམས་མྱོང་དང་བསྟུན་ནས་ནུས་པ་གོང་འཕེལ་ཡོང་ཐབས་སུ་ཨ་མའི་ལས་ཀ་མ་གནང་གོང་འོས་སྦྱོང་སྤྲོད་རྒྱུ་གལ་འགངས་ཆེ་བར་སོང༌།  ཕྱི་ལོ་༡༩༩༨ ཕྱི་ཟླ་༨ ཚེས་༡ ནས་འོས་སྦྱོང་སྤྲོད་རྒྱུ་དངོས་སུ་འགོ་འཛུགས་ཀྱིས་ཐེངས་དང་པོར་ཨ་མ་གྲངས་༡༨ ལ་འོས་སྦྱོང་སྤྲད་པ་དང༌། དེ་ནས་ཕྱི་ལོ་༢༠༠༨ བར་མ་ཚབ་འོས་སྦྱོང་ཐེངས་༡༣ གོ་སྒྲིག་གནང་བའི་ནང་ཁྱོན་བསྡོམས་ཨ་མ་གྲངས་༢༥༤ ལ་འོས་སྦྱོང་ཐོབ་ཡོད། འོས་སྦྱོང་ཐོབ་པའི་མ་ཚབ་རྣམས་ལའང་འོས་སྦྱོང་ཟིན་མཚམས་འོས་འགབ་མཆིས་མིན་སོགས་དཔྱད་ཞིབ་དང་འབྲེལ་ས་མིག་གཞིར་བཟུང་ཁྱིམ་ཚང་ཁག་ཏུ་ལས་བསྐོས་གནང་བཞིན་ཡོད།

༨།    བོད་ཁྱིམ་ལས་རིགས་སློབ་གཉེར་ཁང༌།

ཀ།    དྷ་ས་བོད་ཁྱིམ་ལས་རིགས་སློབ་གཉེར་ཁང༌། བོད་ཁྱིམ་ནང་སློབ་འཇུག་བྱས་པའི་བུ་ཕྲུག་ཕལ་མོ་ཆེ་ཕ་མ་སྤུན་ཉེ་སོགས་ནས་ལམ་སྟོན་གཟིགས་རྟོག་ཇི་བཞིན་མ་ཐུབ་པའི་གྲས་ཡིན་སྟབས། སློབ་གྲྭའི་ནང་ཤེས་ཡོན་མུ་མཐུད་སྦྱང་རྒྱུར་ཤེས་ནུས་ཀྱི་ཆ་ནས་དཀའ་བའི་རིགས་ཀྱི་མ་འོངས་མདུན་ལམ་ཆེད་རང་རང་བློ་མོས་དང་བསྟུན་ནས་ལས་རིགས་སློབ་སྦྱོང་ནང་འཇུག་པའི་གོ་སྐབས་སྤྲོད་རྒྱུ་གལ་ཆེར་བརྩིས་ཏེ། ཕྱི་ལོ་༡༩༦༣ ཙམ་ནས་ལས་རིགས་སྡེ་ཚན་འགོ་འཛུགས་གནང་ཡོད་པ་དེ་བཞིན་ཕྱི་ལོ་༡༩༧༤ ལོ་ཟུར་དུ་འཛུགས་གནང་བ་སོགས་ཁྱོན་བུ་ཕྲུག་གྲངས་༦༤༢ བཞེས་ཉར་གནང་བའི་ཁོངས་ནས་ལེགས་ཐོན་ཐུབ་པའི་གྲངས་ཐོ་གཤམ་གསལ། ༡།    འཐག་ལས་དང་འབྲེལ་བའི་ཁོངས་༨༧ ༢།    སྲོལ་རྒྱུན་ལྷ་བྲིས་པ་༤༤ ༣།    ཚེམ་བཟོ་སློབ་ཐོན་པ་༡༦༡ ༤།    ཤོག་དཔེ་བཟོ་སྐྲུན་སློབ་ཐོན་པ་༡༠ བཅས་ཁྱོན་༣༠༢ ལེགས་ཐོན་བྱུང་ཡོད། དེ་བྱིངས་བུ་ཕལ་མོ་ཆེ་དྭང་ཞབས་ཁོངས་སུ་ཞུགས་པ་དང༌། ལྷག་འཕྲོས་རྣམས་ཕ་མ་སྤུན་ཉེ་སོགས་ནས་རང་འགོ་འདོན་ཐབས་སུ་རྩ་དགོངས་སོང་བ་སོགས་བྱུང་ཡོད། འཐག་ལས་དང་འབྲེལ་བའི་སློབ་སྦྱོང་གིས་བུ་ཕྲུག་ཚོའི་མ་འོངས་འཚོ་ཐབས་ཆེད་ཕན་ཆ་དེ་ཙམ་ཡོང་མིན་ལ་གཟིགས་ཏེ། ཕྱི་ལོ་༡༩༩༢ ལོ་ནས་སྒོ་བརྒྱབ་པ་དང༌།  ཕྱི་ལོ་༡༩༩༦ ལོ་ནས་ལྷ་བྲིས་སྡེ་ཚན་ཀུ་ལུར་གནས་སྤོ་བྱས། དེང་སྐབས་བོད་ཁྱིམ་ཚེམ་བཟོ་སྡེ་ཚན་ནང་སློབ་ཕྲུག་གྲངས་༢༧ དང༌། དགེ་རྒན་ལས་བྱེད་༦ བཅས་ཡོད། ལས་རིགས་སློབ་སྦྱོང་ཐོན་མཁན་གྱི་བུ་ཕྲུག་ཚོར་འཚེམ་འཁོར་དང༌།  དེ་འབྲེལ་གྱི་ཡོ་ཆས་ཆ་ཚང་རིན་མེད་གནང་ལམ་ཡོད་པ་མ་ཟད།  བུ་ཕྲུག་ཚོ་སློབ་ཐོན་རྗེས་ལག་ཤེས་ལ་བརྟེན་པའི་འཚོ་ཐབས་རང་མགོ་ཐོན་པ་བྱུང་ཡོད། ཁ།    ཀུ་ལུ་བོད་ཁྱིམ་ལས་རིགས་སློབ་གཉེར་ཁང༌། ༡།    པ་ཀུལ་བོད་ཁྱིམ་སློབ་གྲྭ་ཅོན་ཏ་རར་གནས་སྤོས་བྱས་རྗེས། ལས་རིགས་སློབ་གཉེར་ཁང་ཡོད་བཞིན་པ་སུ་ཇ་དང༌། ལ་དྭགས། དྷ་སྟེང་བཅས་ནས་ལྷ་བྲིས་སྡེ་ཚན་དང༌།  སུ་ཇ་ཁུལ་གྱི་ཚེམ་བུའི་སྡེ་ཚན་བཅས་གནས་སྤོ་གནང་བའི་འཆར་གཞི་ལྟར་ཕྱི་ལོ་༢༠༠༤ ཟླ་༩ ཚེས་༣ ནས་འགོ་བཙུགས་ཏེ་ལས་རིགས་སྡེ་ཚན་གཉིས་ནང་བུ་ཕྲུག་གྲངས་༢༩༩ དང་ལས་བྱེད་དང༌། ལས་མི་བསྡོམས་མི་གྲངས་༢༦ ཡོད། ༢།    ལས་རིགས་སློབ་སྦྱོང་ཐོན་མཚམས་རང་རང་ལག་ཤེས་དང་མཐུན་པའི་ཡོ་ཆས་ལག་ཆ་གནང་རྒྱུ་སོགས་བོད་ཁྱིམ་ཡིག་ཚང་ནས་དོ་བདག་སོ་སོ་རང་འཚོ་ཐུབ་ཐབས་སུ་རོགས་འདེགས་གང་ནུས་གནང་མུས་ཡིན། ༣།    ལས་རིགས་སློབ་གཉེར་ཁང་གི་ནང་ལས་བྱེད་བགྲེས་ཡོལ་དང༌། བུ་ཕྲུག་དང་སྤུན་ཉེ་སོགས་ནས་རོགས་སྐྱོང་གནང་མཁན་མེད་པ་བཅས་ཀྱི་ཆེད་རྒན་གསོ་ཁང་གི་སྡེ་ཚན་ཞིག་ཡོད་པ་དེའི་ནང་ད་ལྟའི་ཆར་མི་གྲངས་༡༠ ཡོད་པ་ཚོར་གཟིགས་རྟོག་ཆ་ཚང་གནང་བཞིན་ཡོད། ག།    སེ་ལ་ཀུཡེ་བོད་ཁྱིམ་ལས་རིགས་སློབ་གཉེར་ཁང༌། ༡།    ཁྱིམ་སྡེའི་མ་ལག་ནང་བུ་ཕྲུག་གྲངས་འབོར་མང་ཞིང༌། ཕལ་ཆེ་བར་ཕ་མའི་འགན་ཡང་ཁྱིམ་སྡེ་ནས་འཁུར་དགོས་པའི་གྲས་ཡིན་སྟབས།  བུ་ཕྲུག་ཚོའི་ནང་ནས་རང་རང་གི་ཤེས་ནུས་དང་མོས་པ་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་གཞིར་བཞག་ཐོག་དེ་དག་གི་མི་ཚེའི་མདུན་ལམ་ཆེད་ལས་རིགས་སྣ་ཚོགས་ཀྱི་སློབ་སྦྱོང་སྤྲོད་གལ་ཆེ་བར་བརྟེན།  ལྡེ་ར་ཌོན་མངའ་ཁོངས་སེ་ལ་ཀུཡེ་ནས་ས་ཆ་སྤུས་གཟིགས་ཀྱིས་ལས་རིགས་སྡེ་ཚན་སྣ་ཚོགས་ཀྱི་འཆར་འགོད་དང་འབྲེལ་ཨར་ལས་འགོ་འཛུགས་གནང་སྟེ། ཕྱི་ལོ་༢༠༠༠ ཕྱི་ཟླ་༡༡ ཚེས་༨ ཉིན་ཨེ་ས་ཨོ་ཨེ་ས་(SOS)ཚོགས་པའི་གཙོ་འཛིན་ཀུ་ཀྲིན་མཆོག་དང་འབྲེལ་ཡོད་རྣམས་ཆེད་དུ་གདན་ཞུས་ཀྱིས་དབུ་འབྱེད་གནང༌། སྐབས་དེར་ལས་རིགས་སློབ་གྲྭ་དེའི་ནང་བུ་ཕྲུག་གྲངས་༡༣༠ དང་སྡེ་ཚན་སྣ་ཚོགས་༡༨ ཡོད་པའི་ཁོངས་ནས་རིམ་བཞིན་བུ་ཕྲུག་ཚོར་ལས་ཐོབ་བདེ་ལ་མོས་པ་མང་བའི་ལས་རིགས་རྒྱ་བསྐྱེད་དང༌།  མོས་འདེམས་མི་བྱེད་པའི་ལས་རིགས་སྡེ་ཚན་ཁག་སྒོ་རྒྱག་རྒྱུ་སོགས་སྐབས་དུས་སོ་སོར་བསྟུན་བསྐྱར་ཞིབ་གནང་སྟེ། ད་ཆ་ལས་རིགས་སྡེ་ཚན་༡༧ ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་གྲངས་༣༤༡ དང༌། ལས་བྱེད་དང་ལས་མི་བསྡོམས་༤༠ ཡོད། ༢།    ཕྱི་ལོ་༢༠༠༨ ལོ་བར་ལས་རིགས་སློབ་གཉེར་ཁང་འདིའི་སྡེ་ཚན་ཁག་ནས་ལག་ཤེས་སློབ་སྦྱོང་ལེགས་ཐོན་བྱུང་བ་བུ་ཕྲུག་གྲངས་༧༣༡  བྱུང་ཡོད་པ་བཞིན། ཐོག་མའི་དམིགས་ཡུལ་གཞིར་བཟུང་བུ་ཕྲུག་མང་པོ་ཞིག་ལ་སྤྱི་ཚོགས་ཞབས་ཞུ་དང་རང་འཚོ་འཕེར་བར་དགོས་ཕན་ཆེན་པོ་བྱུང་ཡོད། ང༌།    ལ་དྭགས་བོད་ཁྱིམ་ལས་རིགས་སློབ་གཉེར་ཁང༌། ལ་དྭགས་བོད་ཁྱིམ་ཐོག་མར་དབུ་འཛུགས་གནང་སྐབས་ཚེམ་བཟོ་སྡེ་ཚན་ཞིག་དགོས་གལ་ཆེ་བར་གཟིགས་པ་བཞིན་འགོ་འཛུགས་ཀྱིས་རིམ་བཞིན་ལས་རིགས་སློབ་སྦྱོང་ལ་ཞུགས་འདོད་ཡོད་པའི་སློབ་ཕྲུག་རྒན་གྲས་འོས་བབ་ཅན་ཚོར་ལག་ཤེས་སློབ་སྦྱོང་སྤྲོད་རྒྱུའི་ལས་འཆར་སྤེལ། དེ་ནས་རིམ་གྱིས་ཚེམ་བུ་དང༌། ལྷ་བྲིས་སྡེ་ཚན་གཉིས་ཡོད་པ་ནས་ལྷ་བྲིས་སྡེ་ཚན་པ་ཀུལ་ལས་རིགས་སློབ་གཉེར་ཁང་དུ་གནས་སྤོས་གནང་བ་དང༌། ཚེམ་བུའི་སྡེ་ཚན་རང་འཇགས་ཡོད་པ་དེའི་ནང་སློབ་ཕྲུག་གྲངས་༡༥༧ ལ་ལམ་སྟོན་སློབ་སྦྱོང་སྤྲད་ཡོང་ཁོངས་ནས་༦༣ ལེགས་ཐོན་ཐུབ་པ་བྱུང་ཡོད། དེ་བྱིངས་ཕལ་མོ་ཆེ་དྭང་ཞབས་སུ་བཅར་བ་སོགས་བྱུང་ཡོད། ད་ལྟ་ཡོད་བཞིན་པ་སློབ་ཕྲུག་གྲངས་༢༦ དང་ལས་བྱེད་༤ ཡོད།

༩།    ཕྱི་རོགས་སྡེ་ཚན།

༡།    ཕྱི་ལོ་༡༩༦༤ ཙམ་ནས་བཟུང་བོད་ཁྱིམ་གྱིས་བཞུགས་སྒར་ཁུལ་དུ་གནས་པའི་རྒས་གཅོང་མི་ཧྲེང་ཚོར་རོགས་སྐྱོར་གནང་མཁན་མེད་གྲས་ལ་འཚོ་གོས་ཀྱི་རོགས་སྐྱོར་གང་ཐུབ་གནང་རྒྱུ་འགོ་འཛུགས་གནང་ཡོད། དེ་ནས་རིམ་བཞིན་བོད་མིའི་གཞིས་སྒར་ཁག་ནང་ཁྱིམ་ཚང་ཉམ་ཐག་གི་བུ་ཕྲུག་དང་རྒས་གཅོང་སོགས་ལ་འཚོ་གོས་ཐོག་རོགས་རམ་མུ་མཐུད་གནང་བ་མ་ཟད། ད་ལྟའི་ཆར་ཡང་བོད་ཁྱིམ་ཕྱི་རོགས་སྡེ་ཚན་ནས་རང་གཞུང་གི་ལམ་སྟོན་གཞིར་བཟུང་བུ་ཕྲུག་གྲངས་༡༩༣༦ དང་རྒས་གཅོང་གྲངས་༣༣༥ ལ་རོགས་སྐྱོར་གནང་བཞིན་ཡོད། ༢།    རང་རེའི་སྤྱི་ཚོགས་ནང་སྐབས་དུས་སོ་སོར་དཀའ་ངལ་འདྲ་མིན་རིམ་འཕྲད་ལ་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་གལ་ཆེ་བ་ལྟར་འབྲུག་སྡོད་མི་མང་དང༌། གློ་ཡུལ་མི་མང༌། གཞན་ཡང་ཕྱོགས་མཐའི་གཞིས་ཁག་སོགས་ལ་ཛ་དྲག་དཀའ་ངལ་བྱུང་སྐབས་བོད་ཁྱིམ་གྱི་རྩ་དོན་བཞིན་གདུང་སེམས་མཉམ་བསྐྱེད་ཀྱི་ཚུལ་དུ་འོས་རན་གྱི་རོགས་འདེགས་གང་ཐུབ་གནང་ཡོད། ༣།    ཀུ་ལུ་ཁུལ་དུ་བོད་མི་ལམ་བཟོ་པ་མང་བའི་སྐབས་ཕྱི་ལོ་༡༩༧༠ ནང་རྒས་གཅོང་ཚོར་འཚོ་གྲོན་དང་བུ་ཕྲུག་ཆེ་བ་བཞེས་རྒྱུ་དང༌།  ཆུང་བ་ཚོ་ལམ་བཟོ་སར་མཉམ་འཁྲིད་མི་དགོས་པར་གུར་གྱི་ནང་སྔོན་འགྲོའི་སློབ་སྦྱོང་དང་ཉིན་གང་དེར་ཉར་ནས་ཉིན་གུང་ལྟོ་ཆས་སྤྲོད་རྒྱུའི་ལས་འཆར་སྤེལ་ནས་དཀའ་ངལ་དངོས་སེལ་ཐུབ་པ་ཙམ་དུ་མ་ཟད།  དགེ་རྒན་ཚོར་ཡང་སྔོན་འགྲོའི་འོས་སྦྱོང་སྤྲོད་རྒྱུ་སོགས་ཀྱང་སྐབས་བསྟུན་ཡར་རྒྱས་གཏོང་སྒོ་ཇི་ཡོད་རིམ་བཞིན་མཁོ་སྒྲུབ་ཀྱིས་སྤྱི་ཚོགས་ཁྲོད་དགོས་ཕན་ཆེན་པོ་བྱུང་ཡོད།

༡༠།    བོད་ཁྱིམ་མཐོ་སློབ་ཉལ་ཁང༌།

ལྡི་ལི་བོད་ཁྱིམ་མཐོ་སློབ་ཉལ་ཁང༌། བོད་ཁྱིམ་ཁྱབ་ཁོངས་ནས་ལོ་རེར་སློབ་ཕྲུག་༥༠༠ ཡས་མས་སློབ་ཐོན་གྱིས་ཕལ་ཆེ་བ་ཞིག་རྒྱ་གར་ལྷོ་བྱང་གི་མཐོ་སློབ་ཁག་ཏུ་འཛུལ་ཞུགས་ཀྱིས་མཐོ་རིམ་སློབ་སྦྱོང་བྱེད་པ་དེས་འདས་པའི་ལོ་དུས་ནང་མཐོ་རིམ་སློབ་སྦྱོང་ཆེད་བོད་མིའི་སྤྱི་ཚོགས་ཁོར་ཡུག་དང་ཁ་བྲལ་བའི་རྒྱུ་རྐྱེན་ལ་བརྟེན་ནས་གཞོན་སྐྱེས་ཚོའི་སྐད་དང་གོམས་གཤིས་གང་ཅིར་ཉམས་ཆག་འབྱུང་མུས་ཀྱི་གནས་སྟངས་འདི་རིགས་ལ་དགོངས་བཞེས་ཀྱིས་གདོང་ལེན་བྱ་གལ་ཆེ་གཤིས། བོད་ཁྱིམ་སྤྱི་ཁྱབ་འཛིན་སྐྱོང་ནས་ཐོག་མའི་ཆར་ལྡི་ལི་ཁུལ་མཐོ་སློབ་མང་པོའི་ནང་བུ་ཕྲུག་ཆེད་གཏོང་དགོས་དབང་གིས་བུ་ཕྲུག་ཚོར་རྒྱུན་དུ་རང་གི་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་ཐབས་དགོས་པ་སོགས་ཀྱི་ཆ་ནས་རྒྱ་གར་གཞུང་ལ་དགོས་དམིགས་དང་སྦྲགས་ས་ཆ་ཨེ་ཀར་བཞི་ཙམ་གནང་ཐབས་ལོ་མང་བསྟུད་མར་སྙན་སེང་ཞུས་མཐར། རང་གཞུང་ལྡི་ལི་སྐུ་ཚབ་དོན་གཅོད་བརྒྱུད་ཨེ་ཀར་གཉིས་དམིགས་བསལ་རིན་གོང་ཐོག་ཉོ་འཐུས་ཀྱི་བཀའ་འཁྲོལ་གནང་བ་བཞིན་སྤུས་གཟིགས་དང་འབྲེལ། སློབ་ཕྲུག་༢༠༠ ཙམ་ཞིག་གནས་སྡོད་བྱ་ཆེད་འཆར་འགོད་བྱས་པ་ཇི་བཞིན་འཛུགས་སྐྲུན་ཞུས་ཏེ། ཕྱི་ལོ་༡༩༩༡ ཟླ་༣ ཚེས་༢༦ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་སྔོན་ཞུས་བཞིན་ཞལ་བཞེས་བཟང་པོས་ཆིབས་བསྒྱུར་སྐབསྔSOSརོགས་ཚོགས་ཀྱི་གཙོ་འཛིན་དང༌། ལྡི་ལི་ཁུལ་ཕྱི་ནང་གི་གནད་ཡོད་དཔོན་རིགས་ཁག་ཀྱང་གདན་ཞུས་ཀྱིས་དབུ་འབྱེད་རབ་གནས་བཀའ་དྲིན་ཆེ་ཐོབ་བྱུང་ཡོད།  ཕྱི་ལོ་༢༠༠༨ ལོར་ཁྱོན་བསྡོམས་སློབ་ཕྲུག་༡༧༧ དང༌། འགན་འཛིན་གྱིས་གཙོས་ལས་བྱེད་ཁྱོན་བསྡོམས་༡༧ ཡོད།  བུ་ཕྲུག་ཚོའི་སྡོད་ཁང་དང༌། དཔེ་མཛོད། ཚོགས་ཁང༌། གསོལ་གཉེར་སྡེ་ཚན། ཡིག་ཚང༌། ལས་ཤག་སོགས་མཐུན་རྐྱེན་ཆ་ཚང་བ་གྲ་སྒྲིག་ཞུས་ཡོད་པ་བཞིན།  ཐོག་མའི་དམིགས་ཡུལ་ལྟར་དགོས་ཕན་ཆེན་པོ་བྱུང་ཡོད། བྷེང་ལོར་བོད་ཁྱིམ་མཐོ་སློབ་ཉལ་ཁང༌། བྷེང་ལོར་ཁུལ་མཐོ་རིམ་སློབ་གཉེར་བ་ཚོར་གོང་མཚུངས་ཉལ་ཁང་དགོས་གལ་ཆེ་བ་བཞིན། དེ་སྔོན་ཁང་པ་གཡར་ནས་འཛིན་སྐྱོང་ཞུས་ཤིང༌།  ཕྱི་ལོ་༢༠༠༠ ལོར་ནང་སྲིད་ལས་ཁུངས་དང་ལྷན་དུ་ས་ཆ་སྤུས་གཟིགས་ཐོག་ཉལ་ཁང་གསར་རྒྱག་གནང་སྟེ། ཕྱི་ལོ་༢༠༠༣ ཕྱི་ཟླ་༡ ཚེས་༡༧ ཉིན་དབུ་འབྱེད་ཀྱི་སྐབས་དེར་སློབ་ཕྲུག་༥༢ ཡོད། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་གྲངས་༡༧༥ དང་དགེ་རྒན་དང་ལས་མི་ཁྱོན་མི་གྲངས་༡༣ ཡོད། སློབ་མའི་ཉལ་ཁང་དང༌། དཔེ་མཛོད། གསོལ་གཉེར་སྡེ་ཚན། ཚོགས་ཁང༌། ཡིག་ཚང༌། ལས་ཤག་སོགས་གྲ་སྒྲིག་ཆ་ཚང་ཞུས་ཏེ་བུ་ཕྲུག་ཚོར་དགོས་ཕན་ཧ་ཅང་ཆེན་པོ་བྱུང་ཡོད། ལྡི་ལི་དང༌། བྷེང་ལོར་སོ་སོར་མཐོ་སློབ་སློབ་མའི་ཉལ་ཁང་གསར་རྒྱག་ཐུབ་པ་དེས་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་གཞོན་སྐྱེས་རྣམས་རྒྱ་གར་མཐོ་སློབ་ཁག་ཏུ་སློབ་གཉེར་བྱེད་པའི་ཞོར་དུ་བོད་མི་རིགས་ཀྱི་རིག་གཞུང་དང་གོམས་གཤིས་བཟང་པོ་རྣམས་རྒྱུན་འཛིན་དང་གོང་སྤེལ་ཡོང་སླད་དགོས་ཕན་ཆེན་པོ་བྱུང་ཡོད། དེ་སྔོན་ལྟར་སློབ་ཕྲུག་རྣམས་རྒྱ་གར་མཐོ་སློབ་ཁག་ཏུ་ཁ་ཐོར་ངང་སྡོད་པའི་རྐྱེན་གྱིས་དཔལ་འབྱོར་གྱི་འགྲོ་གྲོན་ཆེ་ཞིང༌། ཁྱད་པར་གཞོན་སྐྱེས་ཚོར་ཁོར་ཡུག་གི་ཤུགས་རྐྱེན་ངན་པའི་འོག་སྒོ་གསུམ་གྱི་སྤྱོད་ལམ་ལ་བག་ཆགས་ངན་པ་ཐེབས་ཉེན་ཆེ་བའི་སེམས་ཁྲལ་གཙང་ཐུབ་པ་བྱུང་ཡོད། མཐོ་རིམ་སློབ་གྲྭ་དང་སྦྱོང་བརྡར་ཁག་མང་པོའི་ནང་འགྲོ་བཞིན་པའི་སློབ་གཉེར་བ་གྲངས་༡༡༠༩ ཡོད་པ་རྣམས་ལ་ལྟ་སྐྱོང་གནང་ཕྱོགས་ས་བགོས་ལྟ་བུ་གནང་སྟེ། རྒྱ་གར་ལྷོ་ཕྱོགས་མཐོ་སློབ་ཁག་བྷེང་ལོར་མཐོ་སློབ་སྡོད་ཁང་ནས་གཟིགས་རྟོག་གནང་རྒྱུ། ལྡི་ལི་ཁུལ་དུ་ལྡི་ལིའི་ཉེ་འཁོར་མཐོ་སློབ་སློབ་མའི་སྡོད་ཁང་སྡེ་ཚན་དང༌། དེ་བྱིངས་བྱང་ཕྱོགས་གཙོ་གྱུར་མཐོ་སློབ་ཁག་སོགས་ལ་སྤྱི་ཁྱབ་ཡིག་ཚང་གི་མཐོ་སློབ་སྡེ་ཚན་ནས་སློབ་གཉེར་བ་མི་རེ་ངོ་རེའི་ཤེས་སྤྱོད་ལ་སྤྱི་ཁྱབ་གཟིགས་རྟོག་གནང་མུས་ཡིན། མོན་གྷོ་བོད་ཁྱིམ་སློབ་ཕྲུག་ཉལ་ཁང༌། མོན་གྷོ་འདོད་རྒུ་གླིང་གཏན་སློབ་ནང་ལས་རིགས་སློབ་སྦྱོང་དང་འབྲེལ་བའི་འཛིན་རིམ་བཅུ་གཉིས་བར་གྱི་སློབ་སྦྱོང་གནང་བཞིན་པའི་ཁོངས་སུ། བོད་ཁྱིམ་ཁག་ནས་བཅུ་པ་ཐོན་སྐབས་བརྒྱ་ཆ་ཚད་གཞི་མ་ལོངས་པ་རྣམས་བོད་གཞུང་ཤེས་རིག་ལས་ཁུངས་སུ་བཞེས་ཉར་ཡོང་ཐབས་སྐྱབས་ཞུས་བཞིན་དགོངས་བཞེས་བཀའ་དྲིན་ཆེ་ཐོབ་བྱུང་བ་ལྟར་གཏན་སློབ་ནང་ཉལ་ཁང་མ་ཐོབ་པའི་དཀའ་ངལ་ཡོད་སྟབས་ཕྱི་ལོ་༡༩༩༣ ལོ་ནས་གཞིས་ཁོངས་རྒན་གསོ་ཁང་ནས་ཁང་པ་གཡར་ཞུས་ཀྱིས་འཛིན་སྐྱོང་ཞུས་ཤིང༌། གཞིས་ཆགས་ཁག་ནང་བོད་ཁྱིམ་ནས་རོགས་ཞུ་བྱེད་བཞིན་པའི་བུ་ཕྲུག་དང༌། དེ་བཞིན་ནང་མི་འཚོ་གོས་ཀྱི་དོན་དུ་ཕྱིར་ཚོང་ལ་འགྲོ་དགོས་སོགས་ཀྱི་བུ་ཕྲུག་ལ་བལྟ་རྟོགས་དཀའ་གྲས་ཀྱི་རིགས་ལ་དགོས་ཕན་ཡོང་ཆེད་གཞིས་ལས་ཁག་གི་འབྲེལ་ཡོད་རྣམ་པ་དང་བཀའ་བསྡུར་བྱུང་དོན་བཞིན། མོན་གྷོ་མཉམ་འབྲེལ་གྱི་ས་ཁོངས་ནས་ས་ཆ་གནང་བ་ལྟར་བུ་ཕྲུག་༢༠༠ སྐོར་གནས་སྡོད་བྱ་ཡུལ་གྱི་སྡོད་ཁང་གསར་རྒྱག་བྱས་ཏེ། ཕྱི་ལོ་༢༠༠༨ ཟླ་༡ ཚེས་༡༠ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་གནང་མཛད། སྐབས་དེར་བྷོལ་ཛ་ནོ་རང་སྐྱོང་སྲིད་འཛིན་མཆོག་ནས་སྡོད་ཁང་ལས་འཆར་གྱི་རོགས་རམ་གནང་བ་བཞིན་དེ་ཉིན་སྲིད་འཛིན་མཆོག་དང་འབྲེལ་ཡོད་དཔོན་རིགས་ཁག་གདན་ཞུས་ཀྱིས་ཆེད་ཕེབས་གནང་བ་དང༌། སྐབས་དེར་གཞིས་ལས་ཁང་གཙོ་གྱུར་གྱི་འབྲེལ་ཡོད་རྣམས་ནས་མཉམ་རུབ་བྱུང་བ་སོགས། མ་འོངས་པར་དམིགས་ཡུལ་ལྟར་དགོས་ཕན་ཡོང་རེ་ཡིན།

༡༡།    སློབ་ཐོན་དང་ཤེས་ཡོན་ལས་རིམ།

བོད་ཕྲུག་ཁྱིམ་སྡེ་ནས་ཕྱི་ལོ་༡༩༧༩ ནས་ཕྱི་ལོ་༢༠༠༨ བར་རིག་ཚན་འདྲ་མིན་ཐོག་མཐོ་རིམ་སློབ་སྦྱོང་དང་སྦྱོང་བརྡར་ཁག་ལ་བཏང་བའི་གྲངས་ཐོ་གཤམ་གསལ།

ཨང༌། རིག་ཚན། ཕྲུག་གྲངས།
བོད་ཀྱི་མཐོ་རིམ་རིག་གནས་རབ་འབྱམས་པ། ༣༨༠
ད་ལྟ་འགྲོ་བཞིན་པའི་མཐོ་རིམ་རིག་གནས་རབ་འབྱམས་པ། ༡༣༠༧
ཆེས་མཐོའི་རིག་གནས་རབ་འབྱམས་སློབ་ཐོན་པ། ༣༣༥
འཕྲོད་བསྟེན་དང་སྨན་ཞབས་ལས་རིགས་སློབ་ཐོན་པ། ༣༡༧
ཀམ་པུ་ཊར་དང་བརྡ་འཕྲིན་ལག་རྩལ་སློབ་ཐོན་པ། ༡༧༢
སློབ་གསོའི་ལས་རིགས་སློབ་ཐོན་པ། ༤༡༧
དམའ་རིམ་སྦྱོང་བརྡར་དང་DIPLOMA སློབ་ཐོན་པ། ༡༣༦
མཐོ་རིམ་DIPLOMA སློབ་ཐོན་པ། ༡༣༥
ཁྱོན་བསྡོམས་སློབ་ཐོན་གྲངས། ༣༡༩༩

༄༅། །ཕྱི་ལོ་༡༩༧༨ ནས་༢༠༠༨ ལོའི་བར་གྱི་བོད་ཁྱིམ་མ་ལག་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་གཤམ་གསལ།

བོད་ཁྱིམ་སློབ་གྲྭ་ཁག དྷ་སྟེང༌། བྷེལ་ཀོབ། ལ་དྭགས། དྷ་ཤོད། སུ་ཇ། གྷོ་པལ་པུར། སེ་ལ་ཁུ།
འཛུལ་ཞུཌ་གྲངས། ༣༠༢༡ ༡༡༦༥ ༡༦༩༨ ༡༣༩༨ ༤༤༣ ༤༩༨ ༡༠༤
རྒྱུགས་འཕྲོད་གྲངས། ༢༣༥༢ ༨༦༢ ༩༩༧ ༡༢༦༢ ༣༧༦ ༣༨༡ ༡༠༤
མ་འཕྲོད་པའི་གྲངས། ༡༢༨ ༡༠༢ ༢༢༦ ༡༡
བསྐྱར་རྒྱུགས་གྲངས། ༥༤༡ ༢༠༨ ༤༧༡ ༡༢༥ ༦༧ ༡༡༤
མཐར་ཕྱིན་བརྒྱ་ཆ། ༧༧་༨༥ ༧༣་༩༩ ༥༨་༧༡ ༩༠་༢༧ ༨༤་༨༧ ༧༦་༩༦ ༡༠༠

ལས་རིགས་ཁག་ནས་སློབ་ཐོན་བྱུང་བའི་རེའུ་མིག་གཤམ་གསལ།

ཨང༌། ལས་རིགས། མི་གྲངས།
༡། ལྷ་བྲིས། ༡༣༧
༢། རུམ་འཐག ༧༣
༣། ཚེམ་ལས། ༢༩༨
༤། པང་གདན་འཐག་ལས། ༡༤
༥། ཤོག་དཔེ་འབྲི་ལས་པ། ༡༠
༦། ལས་རིགས་སློབ་ཁང་སྡེ་ཚན་༡༧ ཁོངས་ནས་སློབ་ཐོན་གྲངས། ༧༣༡
ཁྱོན་བསྡོམས་གྲངས། ༡༢༦༣

བོད་ཕྲུག་ཁྱིམ་སྡེ་སློབ་གྲྭའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་གྲུབ་འབྲས་བལྟ་བདེའི་རེའུ་མིག

བོད་ཕྲུག་ཁྱིམ་སྡེ་སློབ་གྲྭའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་བལྟ་བདེའི་རེའུ་མིག

བོད་ཁྱིམ་སློབ་ཁག་ནང་གཏན་ཉིན་སློབ་འཇུག་ཞུས་པ།

ཀ། གཏན་སློབ་ཁོངས་སློབ་ཕྲུག་གྲངས། ༣༥༥༨༧
ཁ། ཉིན་སློབ་ཁོངས་སློབ་ཕྲུག་གྲངས། ༨༢༣༣
ཁྱོན་བསྡོམས། ༤༣༨༢༠

བོད་ཁྱིམ་གྱི་གཟིགས་སྐྱོང་འོག་ཡོད་པའི་མི་འབོར་ཕྱོགས་བསྡོམས་གཤམ་གསལ།

༡། གཏན་སློབ་སློབ་མ་ཁྱོན་བསྡོམས། ༡༠༡༦༧
༢། ཉིན་སློབ་སློབ་མ་ཁྱོན་བསྡོམས། ༡༩༡༩
༣། མཐོ་རིམ་སློབ་གཉེར་བ། ༡༡༠༩
༤། ལས་རིགས་སློབ་གཉེར་བ། ༦༩༡
༥། ཕྱི་རོགས་སྡེ་ཚན་འོག་གཟིགས་སྐྱོང་གནང་བཞིན་པ།
རྒས་གཅོང༌། ༥༣༨
བུ་ཕྲུག་གྲངས། ༡༩༣༦
༦། དགེ་རྒན་དང་ལས་བྱེད་ཁྱོན་བསྡོམས། ༡༥༡༧
གོང་གསལ་ཁྱོན་བསྡོམས། ༡༧༨༧༧

༡༢།    ཤེས་ཡོན་དང་འབྲེལ་བའི་ལམ་སྟོན་བཀའ་སློབ།

རང་གཞུང་གི་འབྲེལ་ཡོད་མཛད་གཙོ་རྣམ་པས་དབུས་རང་རེའི་མཁས་དབང་ཁག དེ་བཞིན་ལྗམ་ཤེཌ་པུར་(Jamshedpur)རྒྱ་གར་མཐོ་སློབ་དང༌། ཨིན་ཡུལ་ལི་ཝར་པུལ་(Liverpool)མཐོ་སློབ་སོ་སོའི་ལམ་སྟོན་འོག་མཁས་དབང་སློབ་དཔོན་རྣམ་པས་ཟབ་སྦྱོང་དང་འབྲེལ་བའི་ལམ་སྟོན་དུ་མ་གནང་བ། ལྷག་པར་གཞིས་བྱེས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དུས་གསུམ་གསལ་གཟིགས་ཀྱི་ལམ་སྟོན་རིམ་ཅན་དུ་ཕེབས་པ་རྣམས་བོད་ཁྱིམ་དགེ་སློབ་ཡོངས་ཀྱི་ཞུ་བྱར་བློ་མུན་གསལ་བའི་སྒྲོན་མེ་དང༌། གཞན་ཕན་གྱི་བྱ་བར་ནུས་པ་བྱིན་པའི་སྨན་མཆོག་ལྟར་ཕན་འབྲས་མངོན་གསལ་དུ་བྱུང་ཡོད།

༢༠༠༨།༡༢།༣༡ བར་བོད་ཕྲུག་ཁྱིམ་སྡེ་མ་ལག་ཁག་གི་ནང་སློབ་འཇུག་ཞུས་པ་གཤམ་གསལ།

༡༣།    ཤེས་ཡོན་སྲིད་བྱུས་ལག་བསྟར།

ཕྱི་ལོ་༢༠༠༤ ཟླ་༩ པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བཞིན་བཙན་བྱོལ་བོད་མིའི་དངོས་ཡོད་གནས་སྟངས་དང་འཚམས་པའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སྤྱི་མོས་གཏན་འབེབས་གནང་བར་རྗེས་སུ་ཡི་རངས་ཞུ་བཞིན་ཡོད་པ་མ་ཟད། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་རེ་བཞིན་བོད་ཁྱིམ་དབུ་བརྙེས་དུས་ཆེན་གྱིས་གཙོས་པའི་དུས་སྐབས་རྣམས་སུ་བོད་མིའི་ཤེས་ཡོན་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་སྤྱི་སྩལ་གནང་བ་སྤྱི་དང༌། ཁྱད་པར་ཕྱི་ལོ་༡༩༨༥།༨༦ ཤེས་རིག་ཚོགས་ཆེན་སྔ་རྗེས་སུ་བཀའ་སློབ་ཟབ་རྒྱས་སྩལ་བའི་དགོངས་དོན་ཐོག་བགྲོ་གླེང་དང་བསམ་གྲོས་ཞིབ་བསྡུར་གྱིས་བོད་ཕྲུག་ཁྱིམ་སྡེའི་སློབ་ཁག་གི་སྔོན་འགྲོ་དང༌། གཞི་རིམ་འོག་མའི་འཛིན་གྲྭའི་ནང་ཕྱི་ལོ་༡༩༨༦ ལོ་ནས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་གཞི་དང་མཚུངས་པ་ལག་ལེན་བསྟར་ཏེ། བུ་ཕྲུག་ཚོར་སློབ་སྦྱོང་གི་ངོ་སྤྲོད་དང་པོ་མ་སྐད་ཀྱི་ལམ་ནས་བྱ་རྒྱུ་དེ་བཞིན་འོས་ཤིང་རན་ལ་གྲུབ་འབྲས་ལྡན་པ་ཞིག་ཀྱང་བྱུང་ཡོད།  མི་རིགས་རང་ཉིད་ཀྱི་ངོ་བོ་ལྡན་ཐབས་སུ་དམིགས་པའི་ལས་འཆར་གྲ་སྒྲིག་དང་མུ་མཐུད་ནུས་པ་འདོན་རྒྱུ་དེ་བོད་ཁྱིམ་གྱི་ལས་འགན་ཡོད་ཚད་ཀྱི་ནང་ནས་གལ་འགངས་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད། ད་ཕན་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུར་གཞི་རིམ་གོང་མ་ཐོན་ཉིད་མཐོ་སློབ་ཁག་ལ་བུ་ཕྲུག་ཚོའི་མོས་ནུས་དང་བསྟུན་ནས་དཔལ་འབྱོར་གྱི་ངལ་བ་འཛེམས་མེད་ངང་དེ་དག་རིམ་ཐོན་བྱུང་ནས་སྤྱི་ཚོགས་སྤྱི་དང༌། ལྷག་པར་ཁྱིམ་སྡེ་རང་གི་ནང་ཤེས་ཡོན་དང་འབྲེལ་བའི་ལས་བྱེད་བརྒྱ་ཆ་༦༢་༣༥ སློབ་ཟུར་ཡིན་པ་དང༌། ཁྱད་ལས་པ་འཛུགས་སྐྲུན་འཆར་འགོད་པ། སྨན་པ། ཤེས་ཡོན་ལམ་སྟོན། གནའ་དེང་གི་རི་མོ་སོགས་ལ་གྲུབ་འབྲས་ལེགས་ཐོན་བྱུང་བར་ངོས་འཛིན་ཞུ་བཞིན་ཡོད།

༡༤།    བོད་ཁྱིམ་ལ་རོགས་རམ་གནང་མཁན་དུ་མ་ཡོད་པའི་ནང་ནས་དཔེ་མཚོན་ལྟ་བུར་བཀོད་པ་གཤམ་གསལ།

1.    Save the Children  Fund, UK
2.    Mr.Eric Muhlmann and Friends, Hawaii
3.    Swiss Red Cross
4.    American Emergency Committee for Tibetans
5.    Tibetan Refugee Aid Society, Canada
6.    Dutch Aid to Tibetans, ( S.H.A.T)
7.    Tibetan Children Relief Society, New Zealand
8.    Heart Open to the World, Belgium
9.    Tibetan Refugee Children’s Sponsorship Committee, Australia
10.    Swedish Tibet Committee, Sweden
11.    Deutsche Welthungerhilfe, Germany
12.    United Church Board for World Ministries, USA
13.    Norwegian Refugee Aid Council
14.    SOS Kinderdorf International, Vienna
15.    Catholic Relief Services, India
16.    Hermann-Gmeiner-Fonds Deutschland e.V. Germany
17.    Miriam Dean Trust Fund, UK
18.    Norwegian Tibet Aid
19.    Aide a’l’Enfance Tibetaine, France
20.    World Federation of Japan Buddhist Association, Japan
21.    18 Temple of Shingon, Japan
22.    German Aid to Tibetans
23.    CEBEMO, France
24.    Les amis du Tibet, Switzerland
25.    Les amis du Tibet, Belgium
26.    Les amis du Tibet, Luxembourg
27.    Foundation Alexandra David Neel, France
28.    Verein TibetFreunde, Switzerland
29.    Danish Tibetan Cultural Society
30.    Pestalozzi Children’s Village Trust, UK
31.    Save Tibet, Austria
32.    Tibet Foundation, UK
33.    Virtue Generose, Italy
34.    Asia  Association, Italy
35.    Belicue in yourself & Kickstart the World-Slovenia

༡༥།    མཛད་རྗེས་གཟེངས་རྟགས།

༡༩༨༠།༤།༡    ཉིན་བོད་མི་མང་སྤྱི་འཐུས་ལྷན་རྒྱས་ནས་བོད་ཁྱིམ་གྱི་ཕྱི་ནང་འཛིན་སྐྱོང་ཚགས་ཚུད་མིག་དཔེ་འོས་པའི་གྲུབ་འབྲས་ཅི་ཆེ་བྱུང་བར་དམིགས་བསལ་གཟེངས་རྟགས་གསོལ་རས་གནང༌། ༡༩༩༦།༢།༤    ཉིན་སྤྱི་འཐུས་གྲོས་ཚོགས་ནས་ཉམ་ཐག་བུ་ཕྲུག་ལ་གཅེས་སྐྱོང་ལམ་སྟོན་གནང་བའི་མཛད་རྗེས་ལ་གངས་ཅན་བོད་ཀྱི་ཨ་མ་ཞེས་མཚན་གསོལ་གཟེངས་རྟགས། ༡༩༩༩།༡༠།༢༩    ཉིན་ྋམཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་བྱིས་པའི་ཐེབས་རྩ་ཚོགས་པ་(UNESCO)ནས་བྱིས་པའི་ཐོབ་ཐང་གི་གཟེངས་སྟོད་བྱ་དགའ་གནང༌། ༢༠༠༠།༡༡།༡༨    ཉིན་ཨེ་ཊ་ལི་ནས་མ་རི་ཡ་མོན་ཊེ་སོ་རི་(MARIA MONTESORI)ཤེས་ཡོན་ཚན་པ་ནས་སྔོན་འགྲོའི་སློབ་སྦྱོང་སྤྲོད་ཕྱོགས་ལམ་ལུགས་ལ་ཡིད་སྨོན་དང་འབྲེལ་འགན་འཁུར་ཆེ་བཞེས་གནང་མཁན་ཕུལ་བྱུང་དུ་ངོས་འཛིན་གཟེངས་བསྟོད་ཐོབ་པ་སོགས་ད་ཕན་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་ནས་བོད་ཕྲུག་ཉམ་ཐག་ཚོའི་བདེ་དོན་གྱི་ཆེད་དུ་ཐོབ་ཐང་ཡེ་ནས་མ་བཞེས་པར་དྭང་ཞབས་སྐུ་ཚེ་ཧྲིལ་པོ་གནང་བར་བསྔགས་བརྗོད་དང་འབྲེལ་བའི་ཆེ་མཐོང་གཟེངས་རྟགས་གྲངས་༡༡ འབུལ་བཞེས་བྱུང་ཡོད། མདོར་ན། སྐྱབས་བཅོལ་བའི་སྤྱི་ཚོགས་ནང་བུ་ཕྲུག་ལ་འཚོ་སྐྱོང་གནང་མཁན་བོད་ཁྱིམ་གྱི་གནས་སྟངས་གང་ཡོད་པ་འདི་ནི་གཙོ་བོ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་ཆེན་པོའི་ལམ་སྟོན་དང་སྐུའི་གཟི་བྱིན་ཁོ་ན་ལས་བྱུང་བ་ཞིག་ཡིན་ལ། རྒྱ་གར་གཞུང་མང་གཉིས་དང༌། ཕྱི་རྒྱལ་ཡུལ་ཁག་གི་ཚོགས་སྒེར་དུ་མས་བཙན་བྱོལ་བོད་མིའི་དངོས་ཡོད་གནས་སྟངས་ལ་ཐུགས་སྣང་ཆེན་པོས་རོགས་རམ་གནང་བ་ལ་བརྟེན། བོད་ཕྲུག་ཁྱིམ་སྡེ་འདི་ཉིད་ཐོག་མར་མི་མེད་ས་སྟོང་ཞིག་ཏུ་འགོ་འཛུགས་ཀྱིས། དཀའ་སྡུག་དུ་མའི་བརྒྱུད་ལམ་གྱི་འོག་ནས་དེང་འཛམ་གླིང་ནང་སྐྱབས་བཅོལ་བ་ས་ཡ་མང་པོ་ཡོད་པའི་ཁྲོད་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་སྒྲིག་འཛུགས་འདི་ཉིད་ཚགས་ཚུད་ཤོས་ཤིག་ཏུ་ངོས་འཛིན་གནང་བའི་མཐོ་ཚད་དུ་སླེབས་ཡོད། འོན་ཀྱང༌། ཤེས་ཡོན་སློབ་གསོའི་བྱ་བ་ལ་མཐའ་མེད་ཅིང༌། བོད་གཞིས་བྱེས་གཉིས་ཀྱི་དངོས་ཡོད་གནས་སྟངས་ལ་བལྟོས་ཚེ་ང་ཚོའི་ཞུ་བྱར་ནུས་འདོན་འབད་འབུངས་གང་ཆ་ནས་ཞུ་གལ་ཆེ་བ་བཞིན།  བུ་ཕྲུག་ཚོའི་བདེ་དོན་སྤྱི་དང༌།  ལྷག་པར་མི་རིགས་རང་ཉིད་ཀྱི་རིག་གཞུང་གཙོ་གྱུར་གྱི་ཡུལ་གོམས་གཤིས་ལུགས་བཟང་པོ་རྣམས་མ་ཉམས་རྒྱུན་འཛིན་ཐུབ་ཐབས་དང་འབྲེལ་བོད་མི་རིགས་ཀྱི་སོན་རྩ་སྤུས་དག་སྐྲུན་པའི་ལས་ལ་སྤྲོ་སྣང་ཆེན་པོས་མདུན་བསྐྱོད་ཐབས་བྱུས་གང་དགེ་ལག་བསྟར་ཞུ་མུས་ཐོག འཛམ་གླིང་ཡུལ་ཁག་འདྲ་མིན་གྱི་བོད་མིའི་མཐུན་གྲོགས་རྣམས་ནས་ཀྱང་ལམ་སྟོན་དང་མཐུན་འགྱུར་གནང་དང་གནང་མུས་ཡིན།

(20043)