སྤོག་ར་ཨེས་ཨོ་ཨེས་བོད་ཁྱིམ་སློབ་གྲྭ།

[toc]

༡། འགོ་འཛུགས།

སྤོག་ར་ཨེས་ཨེ་ཨེས་བོད་ཕྲུག་ཁྱིམ་སྡེ་ནི། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་ནས་ནུབ་ཕྱོགས་སུ་ཀི་ལོ་མི་ཊར་༢༠༠ ཡས་མས་ཀྱི་སར་ཡོད་པའི་སྤོག་ར་བཀྲ་ཤིས་གླིང་བོད་མིའི་གཞིས་སྒར་གྱི་ཉེ་འདབས་སུ་ཆགས་ཡོད། ས་ཁུལ་འདིའི་མཐོ་ཚད་རྒྱ་མཚོ་ནས་མི་ཊར་༡༠༠༠ ལྷག་ཙམ་དང་དབྱར་དུས་ཉིན་མོའི་གནམ་གཤིས་ཚ་ཚད་མཐོ་ཤོས་35 oCསྐྲ ཙམ་དང་དགུན་ཁར་མཚན་གྱི་གྲང་ཚད་དམའ་ཤོས་5 oCཙམ་ཡིན། གངས་རི་དང༌། མཚོ་རྫིང༌། ནགས་ཚལ་བཅས་ཀྱིས་ལེགས་པར་བརྒྱན་པས་ཡུལ་ལྗོངས་མཛེས་ཤིང་ཡུལ་བསྐོར་སྤྲོ་འཆམ་གྱི་ས་ཁུལ་གྲགས་ཅན་ཞིག་ཏུ་གྱུར་ཡོད། ཕྱི་ལོ་༡༩༧༤ ནང་བལ་ཡུལ་གློ་སྒྲིག་གི་དྲག་པོ་ལས་འགུལ་ཕྱིར་བསྡུ་གནང་ནས་བོད་མི་༢༠༠༠ ལྷག་བལ་ཡུལ་སྤོག་ར་ས་ཁུལ་དུ་འབྱོར་སྐབས་བོད་མི་རྣམས་ལྟོ་གོས་དང་གནས་མལ་སོགས་གཞི་རིམ་གྱི་དཀའ་ངལ་ཅི་ཆེ་ཡོད་ཁར། ས་ཆའི་གནས་བབ་ཀྱིས་འཕྲོད་བསྟེན་གྱི་མཐུན་རྐྱེན་ཞན་སྟབས་ནད་གཞི་འདྲ་མིན་འཕོག་པས། མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་ཏེ་བོད་ཕྲུག་མང་པོ་ཞིག་དྭ་ཕྲུག་ཏུ་ལུས་པ་སོགས་ཀྱི་གནས་སྟངས་ཤིན་ཏུ་ཐ་ཞན་དུ་གྱུར་པས། རྒྱལ་སྤྱི་ཨེས་ཨོ་ཨེས་བྱིས་པའི་ཁྱིམ་སྡེ་(SOS-Kinderdr of International Austria)ནས་བལ་ཡུལ་དོན་གཅོད་ལས་ཁུངས་བརྒྱུད་ཐོག་མར་སྤོག་ར་ཁུལ་དུ་དྭ་ཕྲུག་༣༢ ཙམ་ཡོད་པ་དེ་དག་ལ་རོགས་རམ་གནང་རྒྱུ་ཞལ་བཞེས་ཐོབ་འཕྲལ་ཕྱི་ལོ་༡༩༧༥ ལོ་ནས་བཟུང་སྟེ་ཨེས་ཨོ་ཨེས་བོད་ཁྱིམ་དབུ་བརྙེས། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་འོག རྒྱལ་སྤྱིའི་ཨེས་ཨོ་ཨེས་བྱིས་པའི་ཁྱིམ་སྡེའི་ཚོགས་པ་ནས་ཕྱི་ལོ་༡༩༧༠ ཙམ་ལ་བལ་ཡུལ་རྒྱས་ས་ཀ་ཐ་མན་གྲུར་ཆགས་པའི་ཨེས་ཨོ་ཨེས་ལྷོ་ཤར་ཨེ་ཤི་ཡའི་སྐུ་ཚབ་ལྕམ་སྐུ་ཨེ་ཌི་ཐེ་ཕོལ་(Edith Poul)བརྒྱུད་རང་གཞུང་བལ་ཡུལ་དོན་གཅོད་ཁང་གི་སྐུ་ཚབ་རྣམས་སྤོག་ར་ཁུལ་དུ་ཆེད་ཕེབས་ཀྱིས་བོད་མི་སྐྱབས་བཅོལ་བའི་གནས་སྟངས་ལ་གཟིགས་ཞིབ་གནང་སྟེ། ཕྱི་ལོ་༡༩༧༥ ཟླ་༡ ནང་ཛ་དྲག་ངང་དྭ་ཕྲུག་གྲངས་༣༢ དང་ལས་བྱེད་གྲངས་༤ བཅས་ཀྱི་ཆེད་བལ་ཡུལ་རྒྱ་གྲམ་དམར་པོའི་ཐེབས་རྩ་ཚོགས་པ་(Nepal Red Cross)དང་བཀྲ་ཤིས་གླིང་གཞིས་ཆགས་ལ་ས་ཆ་རྒྱ་མི་ཆུང་བ་ཞིག་ཐོབ་པའི་རེ་འདུན་ཞུས་པར་དོན་སྨིན་བྱུང་སྟེ་སྡོད་ཁང་གསར་རྒྱག་གི་ལས་གཞི་ལོ་དེའི་ཟླ་༡༠ ནང་ལེགས་གྲུབ་བྱུང་སྟེ་ཨེས་ཨོ་ཨེས་བོད་ཕྲུག་གི་སྡོད་ཁང་ཞེས་པའི་མིང་བཏགས། ཐོག་མར་ཕྱི་ལོ་༡༩༧༥ ལོར་སློབ་གྲྭ་འདིར་སློབ་ཕྲུག་༣༢ དང་ལས་བྱེད་༤ བཅས་ཡོད། དེ་ནས་རིམ་པས་ཁྱིམ་ཚང་ཡར་རྒྱས་རྒྱ་བསྐྱེད་བྱུང་སྟེ་ད་ལྟའི་ཆར་ཁྱིམ་ཚང་གྲངས་༡༢ ནང་བོད་ཕྲུག་ཕོ་མོ་གྲངས་༡༡༥ དང༌། དེ་མིན་རྒྱ་གར་དང་བལ་ཡུལ་ནང་ཕྲུ་གུ་ན་གཞོན་མཐོ་རིམ་སློབ་སྦྱོང་བྱེད་མུས་གྲངས་༩༢ བཅས་ཁྱོན་བསྡོམས་སློབ་ཕྲུག་གྲངས་༢༠༧ དང༌། དགེ་རྒན་ལས་བྱེད་གྲངས་༢༧ བཅས་ཡོད།

༢། མཐུན་རྐྱེན་འཛུགས་སྐྲུན།

ཕྱི་ལོ་༡༩༧༨ ནས་རིམ་བཞིན་འཛམ་གླིང་རྒྱལ་སྤྱི་ཨེས་ཨོ་ཨེས་བྱིས་པའི་ཁྱིམ་སྡེ་ཚོགས་པའི་གཙོ་འཛིན་ཌོག་ཊར་ཧར་མན་གྷ་མན་ནར་(Dr. Hermann Gmeiner) ནས་ཐུགས་བརྩེ་ཆེན་པོས་བོད་མི་དྭ་ཕྲུག་རྣམས་ཀྱི་བདེ་དོན་ལ་གཟིགས་རྟོག་ལེགས་པར་གནང་སྟེ་ལོ་རིམ་བཞིན་ཁྱིམ་ཚང་ཁག་རྒྱ་བསྐྱེད་གནང་བ་མ་ཚད། དམ་པ་དེ་ཉིད་སྐུ་གཤེགས་པའི་རྗེས། ཁོང་གི་སྐུ་ཚབ་ཏུ་སྐུ་ཞབས་ཧེལ་མོ་ཊེ་ཀུ་ཏིང་(Mr Helmut Kutin)ནས་ཐུགས་འགན་བཞེས་ཏེ། ཕྱི་ལོ་༡༩༨༢ ནས་ད་བར་ལོ་རེ་བཞིན་སློབ་གྲྭར་ཆེད་ཕེབས་གཟིགས་རྟོག་གནང་སྟེ། ཁྱིམ་ཚང་རྒྱ་བསྐྱེད་ལེགས་པར་གྲུབ་རྗེས་ལོ་དེའི་ནང་ཁོང་དང་བལ་ཡུལ་རྒྱ་གྲམ་དམར་པོ་རོགས་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ནས་དབུ་འབྱེད་མཛད་སྒོ་གནང༌། དེ་བཞིན་བལ་ཡུལ་སྐུ་ཚབ་དོན་གཅོད་མཆོག་དང་མི་དྲག་དཔོན་རིགས་མང་པོ་དུས་གཅིག་ཏུ་འཚམས་གཟིགས་གནང་སྟེ་གཞུང་འབྲེལ་ཐོག་སྤོག་ར་ཨེས་ཨོ་ཨེས་བོད་ཕྲུག་ཁྱིམ་སྡེ་ཞེས་པའི་ཚོགས་པའི་མིང་གསོལ་བསྩལ་དང་གཏན་འབེབས་གནང༌། ལོ་དེ་གའི་ནང་ཁོང་གིས་བོད་ཕྲུག་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་ཁྱིམ་ཚང་རྒྱ་བསྐྱེད་ཙམ་མ་ཡིན་པར་གཤམ་གསལ་ཨེས་ཨོ་ཨེས་ལས་རིགས་སྦྱོང་བརྡར་གྱི་སྡེ་ཚན་ཞིག་ཀྱང་གསར་འཛུགས་གནང༌། ཕྱི་ལོ་༡༩༨༦ བར་བོད་ཕྲུག་ཁྱིམ་སྡེའི་ཕྲུ་གུ་རྣམས་དང་དེ་བཞིན་བཀྲ་ཤིས་གླིང་གཞིས་ཆགས་ཀྱི་ན་གཞོན་རྣམས་ཡུལ་མིའི་སློབ་གྲྭར་བསྐྱོད་དེ་བོད་ཡིག་ཟུར་ཁྲིད་བྱས། ཨེས་ཨོ་ཨེས་རོགས་ཚོགས་ནས་གཙོ་བོར་བོད་ཕྲུག་ཁྱིམ་སྡེའི་དྭ་ཕྲུག་དེ་དག་དང་གཞིས་ཆགས་ཀྱི་ཕྲུ་གུ་རྣམས་ལ་མ་འོངས་པར་བོད་མིའི་ཤེས་ཡོན་དང༌། རིག་གཞུང་སྲུང་སྐྱོབ་སོགས་ལ་དགོངས་པ་ཆེ་བཞེས་ཀྱིས་ཕྱི་ལོ་༡༩༨༦ ལོར་སླར་ཡང་བལ་ཡུལ་རྒྱ་གྲམ་དམར་པོ་ཚོགས་པ་དང་བཀྲ་ཤིས་གླིང་གཞིས་ཆགས་སུ་ས་ཆ་གསོལ་སྩལ་ཞུས་འབྲས་སུ། ས་ཆ་གནང་སོན་བྱུང་སྟེ་ཕྱི་ལོ་༡༩༨༧ ཟླ་༦ ཚེས་༦ ཉིན་ཤྲཱི་དཔལ་ལྔ་ལྡན་ལྷ་ལྕམ་སྲས་མོ་ཤ་ར་རྡ་ཧ་མཆོག་ནས་སློབ་གྲྭ་(SOS Hermann Gmeiner School)འདི་བཞིན་དབུ་འབྱེད་གནང༌། སློབ་གྲྭ་འདིའི་ནང་ཨེས་ཨོ་ཨེས་བོད་ཕྲུག་ཁྱིམ་སྡེའི་ཕྲུ་གུ་ཙམ་མ་ཟད༌། ས་གནས་གཞིས་ཆགས་ཀྱི་ཕྲུ་གུ་དང༌། ཡུལ་མི་ཉམ་ཐག་རྣམས་ཀྱི་ཕྲུ་གུ་བཅས་ལ་སློབ་སྦྱོང་གི་གོ་སྐབས་དང་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད། སློབ་གྲྭའི་ས་ཆ་སྤུས་གཟིགས་གནང་སྐབས་དཔལ་འབྱོར་གྱི་དཀའ་ངལ་ཆེ་སྟབས། བོད་གཞུང་ཤེས་རིག་ལས་ཁུངས་ལ་རེ་སྐུལ་ཞུས་དོན་བཞིན་ཞལ་བཞེས་ལེགས་པར་ཐོབ་སྟེ་ས་ཆའི་རིན་འབབ་ཆ་ཚང་གསོལ་བསྩལ་གནང་བས། ཕྱི་ལོ་༡༩༩༣ དང་༡༩༩༤ ལོ་སོ་སོར་ཨེས་ཨོ་ཨེས་གཙོ་འཛིན་སྐུ་ཞབས་ཀུ་ཊིང་(Mr Helmut Kutin)ནས་སློབ་གྲྭ་འདིའི་རྨང་གཞིའི་ལས་འཆར་འགོ་འཛུགས་ཀྱིས་ཕྱི་ལོ་༡༩༩༥ ལོར་དབུ་འབྱེད་མཛད་སྒོ་གནང༌། དེང་གི་ཆར་བལ་ཡུལ་སྤོག་ར་ཨེས་ཨོ་ཨེས་ཧར་མན་གྷར་མན་ནར་བོད་ཁྱིམ་འདི་ཉིད་བོད་ཕྲུག་རྣམས་ཀྱི་སློབ་སྦྱོང་གི་བསྟི་གནས་ཡིད་དུ་འོང་བ་ཞིག་ཏུ་གྱུར་ཡོད། དེ་ལྟར་སྤོག་ར་བོད་མིའི་གཞིས་ཆགས་ཁག་བཞིའི་བོད་ཕྲུག་དང་དམིགས་བཀར་ཨེས་ཨོ་ཨེས་བོད་ཕྲུག་ཁྱིམ་སྡེའི་ཕྲུ་གུ། དེ་བཞིན་བལ་ཡུལ་ནུབ་ཕྱོགས་ལུང་ཁུག་ཁག་ཏུ་གནས་པའི་བོད་ཕྲུག་རྣམས་ལ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཐོབ་བཞིན་ཡོད། ལྷག་པར་བོད་ཕྲུག་ཁྱིམ་སྡེའི་ཕྲུ་གུར་མཚོན་ན་སོ་སོ་རང་ཉིད་ནས་འཇོན་ན་སློབ་སྦྱོང་ཇི་ཙམ་བར་དུ་བྱ་ཐུབ་ཚེ་སློབ་ཡོན་ཆ་ཚང་ཚོགས་པ་ནས་གནང་དང་གནང་མུས་ཡིན། མདོར་ན། བལ་ཡུལ་སྤོག་ར་ཨེས་ཨོ་ཨེས་ཧར་མན་གྷམཡེ་ནར་སློབ་གྲྭའི་ནང་ཕྱི་ལོ་༡༩༨༢ ལོར་སྔོན་འགྲོ་ནས་འགོ་འཛུགས་གནང་སྟེ། ཕྱི་ལོ་༡༩༨༧ ལོར་དམའ་འབྲིང་དང༌། ཕྱི་ལོ་༡༩༩༥ ལོར་མཐོ་འབྲིང་བཅས་གསར་འཛུགས་གནང༌། སློབ་གྲྭའི་བུ་བཅོལ་ཁང་དང་སྔོན་འགྲོ། འབྲིང་སློབ། མཐོ་སློབ་བཅས་སྡེ་ཚན་གསུམ་པོ་སློབ་གྲྭའི་འཛིན་སྐྱོང་ལྷན་ཚོགས་དང་སློབ་སྤྱིའི་གཟིགས་སྐྱོང་འོག་ཡོད། སྔོན་འགྲོ་དང་འབྲིང་སློབ་ནང་འཛིན་རིམ་དང་པོ་ནས་བདུན་པ་བར་ནི་བཀྲ་ཤིས་གླིང་གཞིས་ཆགས་ཀྱི་ཉེ་འདབས་སུ་རྒྱལ་སྤྱི་ཨེས་ཨོ་ཨེས་བྱིས་པའི་ཁྱིམ་སྡེ་(SOS-Kinderdrof International Austria)ནས་གསར་འཛུགས་གནང༌། ཨེས་ཨོ་ཨེས་བོད་ཕྲུག་ཁྱིམ་སྡེའི་ཕྲུ་གུ་དང་བཀྲ་ཤིས་གླིང་གཞིས་ཆགས་ཀྱི་ཕྲུ་གུ་རྣམས་སློབ་གྲྭ་དེ་གཉིས་སུ་བསྐྱོད་དང་སྐྱོད་མུས་ཡིན། ཨེས་ཨོ་ཨེས་མཐོ་སློབ་ནི་འབྲིང་སློབ་ཡོད་ས་ནས་ཀི་ལོ་མི་ཊར་༢ ཙམ་གྱི་ས་ཕྱོགས་གྷ་རི་པ་ཋན་(Gharipatan)དུ་གོང་བཀོད་ལྟར་ཐོག་མར་བོད་གཞུང་ཤེས་རིག་ལས་ཁུངས་ནས་ས་ཆའི་རིན་འབབ་གསོལ་བསྩལ་གནང་བ་ལྟར་རྒྱལ་སྤྱི་ཨེས་ཨོ་ཨེས་ཚོགས་པའི་སྟངས་འཛིན་གྱིས་འཛིན་རིམ་བརྒྱད་པ་ནས་བཅུ་གཉིས་བར་ཡོད། ཕྱི་ལོ་༢༠༠༡ ལོར་སླར་ཡང་རྒྱལ་སྤྱི་ཨེས་ཨོ་ཨེས་རོགས་ཚོགས་ནས་རྒྱུ་གྲོན་བཏང་སྟེ་སློབ་ཕྲུག་བུ་མོའི་ཉལ་ཁང་ཞིག་གསར་རྒྱག་ལེགས་གྲུབ་གནང༌། སྤོག་ར་ཨེས་ཨོ་ཨེས་བོད་ཕྲུག་ཁྱིམ་སྡེའི་དང་སྤོག་ར་གཞིས་ཆགས་ཁག་བཞི། དེ་བཞིན་བལ་ཡུལ་བྱང་ཕྱོགས་ལུང་ཁུག་གི་གཞིས་སྒར་གློ་ཚེ་རོག་དང། མ་ནང༌། ནོར་འཛིན་གླིང་བཅས་ཀྱི་གཞིས་སློབ་དང་འབྲིང་སློབ་ཐོན་པའི་སློབ་ཕྲུག་རྣམས་ཀྱང་སློབ་གྲྭ་འདིར་སློབ་ཞུགས་ཀྱིས་བོད་ཡིག་གཙོ་བོར་གྱུར་པའི་དེང་དུས་ཀྱི་སྐད་ཡིག་སློབ་ཚན་ལ་སྦྱང་བརྩོན་གནང་ཡུལ་གྱི་མཐུན་རྐྱེན་བཟང་པོ་ཐོབ་བཞིན་ཡོད། ཐོག་མ་དང་ད་བར་སློབ་ཕྲུག་དང་དགེ་རྒན་ལས་བྱེད་གྲངས་འབོར་ཁྱད་པར་ཅི་བྱུང་རེའུ་མིག་གཤམ་གསལ།

སྡེ་ཚན། བཙུགས་ལོ། སློབ་ཕྲུག་གྲངས། དགེ་ལས་གྲངས།  
  ཐོག་མར། ད་ཆ།  ཐོག་མར།  ད་ཆ།
སྔོན་འགྲོ་སྡེ་ཚན།  ༡༩༨༢ ༣༠ ༥༣
གཞི་རིམ་བར་མ།  ༡༩༨༦ ༦༣ ༢༢༠ ༡༧
གཞི་རིམ་གོང་མ།  ༡༩༩༥ ༤༠ ༢༨༠ ༡༡ ༢༩
  ཁྱོན་བསྡོམས། 
༡༣༣ ༥༥༣ ༢༢ ༥༣

༣། སློབ་འཇུག་དང་ཤེས་ཡོན་གནས་སྟངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། རྣམ་རྒྱལ་མཐོ་སློབ་ཏུ་སློབ་ཕྲུག་བུ་༢༥༥ དང་བུ་མོ་༢༧༣ བཅས་ཁྱོན་བསྡོམས་༥༢༨ ཡོད་པ་ལས་གཏན་སློབ་གྲངས་༩༣ དང༌། ཉིན་སློབ་གྲངས་༤༣༥ ཡོད་ཅིང༌། བོད་རིགས་མ་ཡིན་པའི་སློབ་ཕྲུག་༡༡༦ ཡོད། དགེ་རྒན་༤༦ དང་ལས་བྱེད་༡༦ བཅས་ཁྱོན་བསྡོམས་དགེ་ལས་༥༧ ཡོད། ཕྱི་ལོ་༡༩༨༩ ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་སྤོག་ར་ཨེས་ཨོ་ཨེས་བོད་ཁྱིམ་སློབ་གྲྭ་འདིའི་སློབ་མའི་གྲངས་འབོར་གནས་སྟངས་གཤམ་གསལ། སྤོག་ར་བཀྲ་ཤིས་གླིང་ཉིན་སློབ་འདིའི་འདས་པའི་ལོ་ངོ་༡༠ རིང་སློབ་ཕྲུག་སྤྱི་ཡོངས་ཀྱི་ལོ་འཁོར་ཡིག་རྒྱུགས་གྲུབ་འབྲས་གཤམ་གསལ། 

ལོ་དུས། རྒྱུགས་ཞུགས། རྒྱུགས་འཕྲོད་པ། མ་འཕྲོད་པ། རྒྱུགས་འཕྲོད་བརྒྱ་ཆ།
༡༩༩༨།༡༩༩༩ ༤༥༤ ༣༧༦ ༧༨ ༨༢་༧༠
༡༩༩༩།༢༠༠༠ ༣༨༤ ༣༢༩ ༥༥ ༨༥་༦༠
༢༠༠༠།༢༠༠༡ ༤༦༡ ༣༧༢ ༨༩ ༨༠་༧༠
༢༠༠༡།༢༠༠༢ ༤༣༢ ༣༩༦ ༣༦ ༨༨་༢༠
༢༠༠༢།༢༠༠༣ ༤༢༦ ༣༥༦ ༧༠ ༨༣་༦༠
༢༠༠༣།༢༠༠༤ ༤༣༠ ༣༣༦ ༩༤ ༨༣་༦༠
༢༠༠༤།༢༠༠༥ ༣༨༦ ༣༢༠ ༦༠ ༨༢་༩༠
༢༠༠༥།༢༠༠༦ ༧༦ ༡༡ ༨༧ ༨༧་༣༤
༢༠༠༦།༢༠༠༧ ༣༤༩ ༣༡༣ ༣༦ ༨༩་༦༨
༢༠༠༧།༢༠༠༨ ༣༤༩ ༣༡༣ ༣༦ ༨༩་༦༨

སྤོག་ར་ཨེས་ཨོ་ཨེས་བོད་ཕྲུག་ཁྱིམ་སྡེ་འདི་བཞིན་བཙུགས་ནས་ད་བར་ཁྱོན་བསྡོམས་སློབ་གཉེར་བ་༡༩༥ ཙམ་མཐོ་སློབ་དང། ལས་རིགས་སྦྱོང་བརྡར་འདྲ་མིན་གྱི་བསླབ་པ་མཐར་སོན་བྱུང་སྟེ་སྤྱི་ཚོགས་ནང་དོན་ཕན་ལྡན་པའི་ཞབས་འདེགས་སྒྲུབ་བཞིན་པ་ཡིན། སྤོག་ར་ཨེས་ཨོ་ཨེས་བོད་ཕྲུག་ཁྱིམ་སྡེ་མ་ལག་སློབ་གྲྭྭ་དང་ལས་རིགས་སྦྱོང་བརྡར་སློབ་ཁང་གི་ལས་འཆར་དང་རྒྱུ་གྲོན་ཡོངས་རྫོགས་ཀྱི་རྩིས་ཁྲ་དང་ལས་བསྡོམས་སོགས་བལ་ཡུལ་ཨེས་ཨོ་ཨེས་དབུས་སྤྱི་ཁྱབ་ལས་ཁུངས་བརྒྱུད་རྒྱལ་སྤྱི་ཨེས་ཨོ་ཨེས་ཚོགས་པར་རྩིས་འབུལ་ཞུ་དགོས་པ་དང༌། དེ་བཞིན་ལས་འཆར་དང་འཛིན་སྐྱོང་ཡོངས་རྫོགས་རྒྱལ་སྤྱི་ཨེས་ཨོ་ཨེས་ཚོགས་པའི་བཀོད་སྒྲིག་འོག་བལ་ཡུལ་ཨེས་ཨོ་ཨེས་དབུས་སྤྱི་ཁྱབ་ལས་ཁུངས་ནས་སྟངས་འཛིན་གནང་བཞིན་ཡོད།

༣། ཤེས་ཡོན་ལས་རིམ།

སློབ་གྲྭ་འདིའི་སྔོན་འགྲོའི་སྡེ་ཚན་ཁག་ནང་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་མོན་ཊོ་སོ་རི་ཕྲུ་གུ་གསོ་སྐྱོང་གི་ལམ་སྲོལ་ལག་བསྟར་གནང་སྟེ། ཕྲུ་གུའི་ཚོར་ཤེས་ཡོན་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པའི་སྦྱོང་བརྡར་བྱེད་ཐབས་དང༌། སློབ་སྦྱོང་གི་བྱེད་སྒོ་རྣམས་སྤྲོ་སྣང་དོད་པོ་དང༌། ཉམས་མཚར་པོ། ལས་སླ་པོ་བཅས་ཀྱི་རྩ་དོན་རྒྱུན་འཛིན་གནང་ཡོད། སློབ་གྲྭའི་ནང་རྒྱུན་ལྡན་སློབ་ཚན་གྱི་ལས་རིམ་ཁག་ཕུད། སྔ་དྲོ་ཞོགས་ཚོགས་སྐབས་སློབ་ཕྲུག་སྡེ་ཚན་སོ་སོས་རེས་མོས་ཀྱིས་ཚོགས་ཐོག་ཏུ་ཀློག་འདོན་དང༌། གཏམ་བཤད། སྙན་སྒྲོན། གསར་གནས་དང་རྒྱུན་ཤེས་སོགས་སྐད་རིགས་གསུམ་པོ་གང་རུང་ཐོག་སྤེལ་མུས་དང༌། ཕྱི་དྲོ་ཚོགས་ཐུན་དང་རང་སྦྱོང་སྐབས་འཛིན་རིམ་དྲུག་པ་ཡན་གྱི་སློབ་མ་ཚོས་ཀམ་པུ་ཊར་སྦྱོང་བརྡར་ལ་སྤྲོ་སྣང་ཆེན་པོས་འཛུལ་ཞུགས་བྱེད། ཕྱི་དྲོ་འཛིན་གྲྭ་གྲོལ་རྗེས་སློབ་ཕྲུག་ཆུང་གྲས་ནང་སློབ་སྦྱོང་ཞན་པའི་སློབ་མར་དམིགས་བསལ་ཁ་གསབ་འཛིན་གྲྭ་གོ་སྒྲིག་གནང་ཡོད་ལ། ཉལ་ཁང་ནང་ཞག་སྡོད་སློབ་མ་ཡོངས་ལ་དགོང་དྲོ་རང་སྦྱོང་དང་སློབ་སྟོན་ཆད་མེད་ཚོགས་བཞིན་ཡོད། ཤེས་ཡོན་སློབ་སྦྱོང་ནི་ཁང་པའི་ནང་འཛུལ་ནས་འབད་རྩོལ་བྱས་པ་ཙམ་གྱིས་མི་འགྲིགས་པར། དེ་ལས་ལྡོག་སྟེ་དགེ་རྒན་དང་དཔེ་དེབ་ནས་ཐོབ་པའི་ཤེས་ཡོན་རྣམས་རང་བྱུང་དང་སྤྱི་ཚོགས་ཁྲོད་བརྟག་ཞིབ་དང༌། གཤིབས་བསྡུར། ལག་ལེན་བཅས་ངེས་པར་བརྒྱུད་དགོས་སྟབས། སློབ་གྲྭའི་ནང་འཛིན་རིམ་སོ་སོར་སྤྱི་ཚོགས་ཞབས་ཞུ་དང༌། བྱེད་སྒོར་མཉམ་ཞུགས། ཕྱིར་བསྐྱོད་བལྟ་བསྐོར་སོགས་ཀྱི་ལས་རིམ་གལ་ཆེན་ཏུ་བརྩིས་ཏེ་གོ་སྒྲིག་གནང་མུས་ཡིན། དཔེར་ན། སྔོན་འགྲོའི་ཕྲུ་གུ་རྣམས་ལ་ལོ་འཁོར་རྩེད་རིགས་འགྲན་ཚོགས་གོ་སྒྲིག་ཞུ་མུས་ཡིན་ཞིང༌། འགྲན་ཚོགས་ཀྱི་མཛད་སྒོ་དང་བརྒྱུད་རིམ་ཁྲོད་ཕྲུ་གུའི་ཕ་མ་དང་དགེ་ལས། ཉེ་འཁོར་ཡུལ་མི་དང་སྐུ་མགྲོན་སོགས་འདུས་ཚོགས་ཀྱིས་སྤྲོ་ཉམས་ཆེན་པོས་ལྟད་མོར་བལྟ་བ་དང་ཕྲུ་གུ་ཚོའི་སེམས་ཤུགས་སྤར་གྱི་ཡོད། གཞན་ཡང༌། གཞི་རིམ་བར་མ་དང་གོང་མའི་ཁྲོད་སློབ་གྲྭ་ནང་ཁུལ་ཡི་གེའི་དག་ཆ་འགྲན་བསྡུར་དང༌། རིག་རྩལ་འགྲན་བསྡུར། ཀློག་འདོན་དང་སྐྱོར་འདོན། བགྲོ་གླེང༌། ལོ་འཁོར་ལུས་རྩལ་འགྲན་ཚོགས། ཡིག་གཟུགས་དང་རྩོམ་ཡིག་འགྲན་བསྡུར། ཕྱི་བསྐྱོད་ལྟ་བསྐོར། སློབ་མའི་ལོ་འཁོར་དུས་དེབ། སློབ་གྲྭའི་ལོ་འཁོར་དུས་དེབ་རྩོམ་སྒྲིག་སོགས་བྱེད་སྒོ་སྣ་མང་བརྒྱུད་སློབ་མ་ཚོས་རང་རང་གི་ནུས་རྩལ་གོང་སྤེལ་དང་སྤྱི་མཐུན་མཉམ་འབྲེལ་གྱི་འདུ་ཤེས་མཐོར་འདེགས། སློབ་གྲྭའི་འཚོ་བ་སྤྲོ་སྣང་དོད་པོ་ཡོང་བ་བཅས་ལ་ཕན་རླབས་ཆེན་པོ་བྱུང་ཡོད། ཕྱི་ལོ་༢༠༠༧ ཟླ་༡༡ ནང་བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གནང་བའི་རྒྱལ་ཡོངས་སློབ་གྲྭ་ཁག་སྡེ་ཚན་དྲུག་ཏུ་ཕྱེ་སྟེ་བོད་ཡིག་ཡིག་གཟུགས་འགྲན་བསྡུར་གནང་བའི་ཁྲོད། སློབ་གྲྭ་འདིའི་སློབ་ཕྲུག་བསྟན་འཛིན་སྐལ་བཟང་ལ་འཛིན་རིམ་བདུན་པ་བརྒྱད་པའི་སྡེ་ཚན་གྱི་བྱ་དགའ་ཨང་དང་པོ་ཐོབ། སྤྱིར་བཏང་ལོ་འཁོར་ཡིག་རྒྱུགས་གཏོང་མུས་ཐོག འཛིན་རིམ་བརྒྱད་པ་དང་བཅུ་པ། བཅུ་གཉིས་བཅས་བལ་ཡུལ་བོད་སློབ་ཁག་གསུམ་ནས་ལོ་ལྟར་གངས་ཅན་བདེ་རྩའི་གོ་སྒྲིག་འོག་བལ་ཡུལ་རྒྱལ་ཡོངས་བོད་ཡིག་ཡིག་རྒྱུགས་བཏང་དང་གཏོང་བཞིན་པ་མ་ཟད། ཕྱི་ལོ་༢༠༠༩ ལོའི་འཛིན་རིམ་བཅུ་པའི་བོད་ཡིག་རྒྱལ་ཡོངས་ནང་སློབ་མ་ཉི་མ་རྡོ་རྗེ་ལ་བརྒྱ་ཆ་༧༧ ལྷག་དང་ཨང་རིམ་གསུམ་པའི་བྱ་དགའ་ལེགས་གསོལ་ཐོབ། དེང་སྐབས་སློབ་མ་དེ་བཞུགས་སྒར་དྷ་སྟེང་བོད་ཁྱིམ་དུ་ཚན་རིག་སློབ་སྦྱོང་བྱ་མུས་ཡིན། སློབ་དགེ་སྒེར་ལ་དམིགས་བསལ་གྲུབ་འབྲས་དང་བྱ་དགའ་བྱུང་མེད་ཀྱང༌། ཕྱི་ལོ་༢༠༠༩ ཟླ་༥ ཚེས་༦ ཉིན་གཅིག་གི་རིང་སྤོག་ར་ཡུལ་ལྗོངས་སུ་ཡོད་པའི་མ་ཎི་པལ་སྦྱོང་བརྡར་སྨན་ཁང་དུ་སློབ་དགེ་རྣམས་ལ་ཛ་དྲག་སྨན་བཅོས་ཀྱི་ཟབ་སྦྱོང་ཐོབ་སྟེ་དགེ་རྒན་རྣམས་ལ་ལག་ཁྱེར་སྩལ་གནང་བྱུང༌། རྒྱལ་སྤྱིའི་ཨེས་ཨོ་ཨེས་སྒྲིག་འཛུགས་ནས་སྲིད་ཇུས་སྣ་ཚོགས་ཆེད་བཙུགས་གནང་བའི་ནང་ཤེས་ཡོན་སྲིད་ཇུས་སྡེ་ཚན་ནང་སྤོག་ར་ཨེས་ཨོ་ཨེས་སློབ་གྲྭའི་སློབ་སྤྱི་ཚེ་རིང་དོན་གྲུབ་ལགས་ཀྱིས་ཨེ་ཤ་ཡའི་གླིང་ཕྲན་ཁུལ་གྱི་ཨེས་ཨོ་ཨེས་སློབ་གྲྭའི་མགྲིན་ཚབ་པ་བྱས་ནས་ཨཕ་རི་ཀའི་ཡུལ་གྲུ་བྷི་ནན་དང་ལྷོ་ཨ་མི་རི་ཀའི་ཡུལ་གྲུ་པེ་ར་གྷོ་ཡེ་(Paragua)ཁུལ་གཉིས་སུ་ཨེས་ཨོ་ཨེས་བུ་ཕྲུག་ཁྱིམ་སྡེའི་ཤེས་ཡོན་སྲིད་ཇུས་ཟབ་སྦྱོང་ཐོག་ངོ་བསྐྱོད་བཅར་ཞུགས་མཛད། སློབ་ཁག་གཞན་དང་མཚུངས་པར་སློབ་གྲྭ་འདིར་དགེ་རྒན་ཕ་མའི་འཐུས་ཚོགས་ཤིག་བཙུགས་ཡོད་པས། སློབ་གྲྭ་དང་དགེ་རྒན། ཁྱིམ་བདག་ཕ་མ་བཅས་དབར་བགྲོ་གླེང་དང་མཉམ་འབྲེལ་གྱིས་དཀའ་རྙོག་སེལ་ཐབས་བྱེད་ཀྱི་ཡོད། ལོ་རེའི་ཟླ་དྲུག་ཡིག་ཚད་གྲུབ་རྗེས་དགེ་རྒན་ཕ་མའི་ཚོགས་ཆེན་བསྐངས་ཚོགས་ཀྱིས་སློབ་མའི་ཤེས་ཡོན་ཡར་རྒྱས་ལ་ཁྱིམ་ཚང་ཕ་མའི་ངོས་ནས་རོགས་འདེགས་ཞུ་མུས་ཡིན།

༤། ཨེས་ཨོ་ཨེས་ལས་རིགས་སྦྱོང་བརྡར་ཁང།

ཨེས་ཨོ་ཨེས་ལས་རིགས་སྦྱོང་བརྡར་ཁང་ནི་ཕྱི་ལོ་༡༩༧༨ ལོར་གསར་འཛུགས་གནང་ཞིང༌། ཐོག་མར་ཤིང་བཟོ་དང་ཚ་ལའི་མཐུད་སྦྱོར་(Welding)ལས་རིགས་གཉིས་ལས་མེད། དེ་རྗེས་རིམ་བཞིན་གློག་ལས་དང༌། དཀྲུག་རྒྱག(Turner) གློག་ཆས། ཀམ་པུ་ཊར་དང་རྩིས་དྲུང་སྦྱོང་བརྡར། མོ་ཊར་འཕྲུལ་ལས་བཅས། ད་ལྟ་ལས་རིགས་སྡེ་ཚན་ཁག་འདྲ་མིན་བདུན་ཡོད། ལས་རིགས་སྦྱོང་བརྡར་ཁང་འདི་ཐོག་མར་སྤོག་ར་ཨེས་ཨོ་ཨེས་བོད་ཕྲུག་ཁྱིམ་སྡེའི་བོད་ཕྲུག་སློབ་སྦྱོང་རྗེས་མ་ཟིན་པའམ་ལག་ཤེས་སྦྱོང་འདོད་ཅན་རྣམས་ལ་ཆེད་དམིགས་གསར་འཛུགས་གནང་བ་ལྟར། ད་བར་གོང་གསལ་ལས་རིགས་ཁག་ནས་ཐོན་པའི་གཞོན་སྐྱེས་མང་དག་ཅིག་སྤྱི་ཚོགས་ནང་གོ་འཕེར་ཐོན་པའི་ཞབས་ཞུ་སྒྲུབ་མུས་ཡིན་ཞིང༌། ལས་རིགས་སྦྱོང་བརྡར་ཁང་འདི་བལ་ཡུལ་རྒྱལ་ཡོངས་ཨེས་ཨོ་ཨེས་ཁྱབ་ཁོངས་ཀྱི་འཛིན་སྐྱོང་སྟངས་འཛིན་འོག་ཡོད་སྟབས་ལོ་རེའི་དངུལ་རྩིས་དང༌། ལས་བསྡོམས་སོགས་བལ་ཡུལ་ཨེས་ཨོ་ཨེས་ལས་ཁུངས་ཨ་མར་རྩིས་འབུལ་ཞུ་བཞིན་ཡོད། ཕྱི་ལོ་༢༠༠༨ ལོར་སྦྱོང་བརྡར་ཁང་འདིར་སློབ་ཕྲུག་བུ་མོ་༡༧ དང་བུ་༣༦ བཅས་ཁྱོན་བསྡོམས་སློབ་ཕྲུག་གྲངས་༥༣ ཡོད་པའི་ནང༌། བོད་རིགས་༧ དང། དེ་བྱིངས་ཚང་མ་ཡུལ་མིའི་ཕྲུ་གུ་ཡིན། ལས་རིགས་སྦྱོང་བརྡར་ཁང་ནང་སློབ་སྟོན་དགེ་རྒན་གྲངས་༡༦ དང༌། ལས་བྱེད་༡༠ བཅས་ཁྱོན་བསྡོམས་དགེ་ལས་༢༦ ཡོད། སྤོག་ར་ཨེས་ཨོ་ཨེས་བོད་ཕྲུག་ཁྱིམ་སྡེས་ཆེད་དུ་བཙུགས་པའི་འཕྲོད་བསྟེན་སྨན་ཁང་ཆུང་ངུ་ཞིག་ཡོད་ཀྱང། ནད་གཞི་ཆེ་ཁག་རིགས་ཡུལ་མིའི་སྨན་ཁང་ཏུ་བསྟེན་གཏུགས་བྱས་དང་བྱེད་མུས་ཡིན། རྒྱལ་སྤྱིའི་ཨེས་ཨོ་ཨེས་ཚོགས་པའི་སྒྲིག་གཞི་ལྟར་སྤོག་ར་ཨེས་ཨོ་ཨེས་བོད་ཁྱིམ་ནང་མ་ཚབ་བགྲེས་ཡོལ་རྣམས་ལ་རྒན་གསོ་ཁང་གི་སྡོད་ཁང་དང་འབྲེལ་མཐུན་རྐྱེན་ཡོད་བཞིན་ལ། ད་ལྟའི་ཆར་ཨ་མ་རྒན་ཡོལ་དུ་སོང་བ་༢ ཡོད།

༥། མི་སྣ་འཚམས་གཟིགས།

སྤྱིར་སློབ་གྲྭ་འདིར་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང༌། ཁྱད་པར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་དང་དྲུང་ཆེ། དྲུང་འཕར་གཙོས་པའི་འབྲེལ་ཡོད་ལས་བྱེད་རྣམས་དུས་ཡུན་ངེས་མེད་ནང་འཚམས་གཟིགས་གནང་མུས་ཀྱང༌། སློབ་གྲྭའི་མགོ་ཁོངས་དང་སྦྱིན་བདག་གཙོ་བོ་ཨེས་ཨོ་ཨེས་ཡིན་སྟབས་དེ་འབྲེལ་འགོ་ལས་དང་སྐུ་མགྲོན། སྦྱིན་བདག་སོགས་ཀྱིས་འཚམས་གཟིགས་ཆད་མེད་གནང་བཞིན་ཡོད། འདིར་ཕྱི་ལོ་༢༠༠༨ ལོ་ཁོ་ནར་བྱུང་བའི་འཚམས་གཟིགས་གལ་ཆེན་འགའ་དཔེ་མཚོན་དུ་བཀོད་པ་གཤམ་གསལ། ཕྱི་ལོ་༢༠༠༨ ཟླ་༥ ཚེས་༤ སློབ་གྲྭ་འགོ་འཛུགས་ཉིན། སུད་སི་ཨེས་ཨོ་ཨེས་འགན་འཛིན་ལྕམ་སྐུ་ཀི་རི་སི་ཊིན་(Mrs. Cristine)གཞི་རིམ་འོག་མའི་སློབ་ཆུང་ལ་འཚམས་གཟིགས་གནང༌། ཁོང་གིས་གལ་ཆེའི་གསུང་བཤད་གནང་བ་དང་གསར་དུ་འདེམས་ཐོན་བྱུང་བའི་དགེ་རྒན་ཕ་མའི་འཐུས་མི་ཚོར་མཇལ་དར་བསྒྲོན། ཟླ་༦ ཚེས་༤ ཉིན། བལ་ཡུལ་གཞུང་བྱིས་པ་ཡར་རྒྱས་ལས་འཛིན་ལྕམ་སྐུ་ཤུ་སི་མ་པོག་རེལ་ལགས་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་གཞི་རིམ་གོང་མའི་སློབ་ཕྲུག་ཚོར་བྱིས་པ་སྲུང་སྐྱོབ་ཀྱི་སྲིད་བྱུས་སྐོར་བལ་སྐད་ཐོག་གསུང་བཤད་དྲིལ་བསྒྲགས་གནང༌། ཚོགས་འདུའི་དེའི་ནང་དགེ་ལས་༥༦ ཙམ་ཚོགས་ཞུགས་བྱས། གསུང་བཤད་གྲུབ་རྗེས་བལ་སྐད་དང་ཨིན་སྐད་ཐོག་དྲི་བ་དྲིས་ལན་ཡང་གནང༌། ཟླ་༩ ཚེས་༡༡ ཉིན་རྒྱལ་སྤྱིའི་ཨེས་ཨོ་ཨེས་གཙོ་འཛིན་སྐུ་ཞབས་ཧེལ་མུཏ་ཀུ་ཊན་(Mr. Helmut Kutin)དང༌། ཨེ་ཤ་ཡ་སྡེ་ཚན་འགན་འཛིན་ལྕམ་སྐུ་ཤུ་བྷ།(Miss M.Shubha) འཇར་མན་ཨེས་ཨོ་ཨེས་དོ་དམ་འགན་འཛིན་ཌོག་ཊར་ཀའེ་ཝོར་ཝེཀ་(Dr.Kay Vorwerk) ཨོ་སི་ཊི་རི་ཡ་ཨེས་ཨོ་ཨེས་དོ་དམ་འགན་འཛིན་སྐུ་ཞབས་ཀི་རི་སི་ཊན་མོ་སར།(Mr.Christian Moser) ཨོ་སི་ཊི་རི་ཡ་ཨེས་ཨོ་ཨེས་ལས་རོགས་ལྕམ་སྐུ་མི་ཅི་ལ་ཤེལ་ཀེར་(Mrs.Michaela Schalk) བལ་ཡུལ་གཞུང་ཨེས་ཨོ་ཨེས་འགན་འཛིན་སྐུ་ཞབས་པར་དྷན་ནན་ག་(Mr.S.S.Pradhananga)བཅས་སློབ་གྲྭར་འཚམས་གཟིགས་བསྐྱངས་པར་སྣེ་ལེན་གཟབ་རྒྱས་ཀྱིས་འཛིན་རིམ་བརྒྱད་པའི་སློབ་མའི་འཁྲབ་སྟོན་གཟིགས་འབུལ་ཞུས། དེ་རྗེས་སྐུ་ཞབས་ཧེལ་མུཏ་ཀུ་ཊན་གྱིས་སློབ་མ་ཚོས་བོད་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་གང་ལེགས་བྱས་པར་བསྔགས་བརྗོད་གནང༌། ཕྱི་ལོ་༢༠༠༨ ཟླ་༡༠ ཚེས་༢༠ ཉིན་འཕྲོད་བསྟེན་མི་རྗེ་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་འདི་ག་སྤོག་རར་གཞུང་འབྲེལ་འཚམས་གཟིགས་ཞབས་སོར་འཁོད་དེ་འདི་སློབ་ཏུ་དགེ་སློབ་ཡོངས་ལ་བསྩལ་བའི་བཀའ་སློབ་སྙིང་དོན་ཤེས་ཡོན་གྱི་གནས་ཚད་གོང་མཐོར་བཏང་སྟེ་མི་རིགས་ཀྱི་ཞབས་འདེགས་བསྒྲུབ་རྒྱུ་དང༌། དེ་ལྟར་སྒྲུབ་མཁན་དགེ་ལས་ཀུན་ལ་རྗེས་སུ་ཡི་རང་དང་སླད་སྙིང་སྟོབས་ཞུམ་མེད་དགོས་གལ་དྲན་སྐུལ་དང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་ཞེས་བཀའ་བསྩལ། ཕྱི་ལོ་༢༠༠༩ ཟླ་༦ ཚེས་༢༤ རེས་གཟའ་ལྷག་པའི་ཉིན་བོད་མི་མང་སྤྱི་འཐུས་རྒྱལ་ནོར་ཚེ་དབང་མཆོག་འདི་གའི་གཞིས་ཆགས་ཁག་ལ་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་ཆེད་ཕེབས་ཞོར་དུ་སློབ་གྲྭ་འདིར་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་༡་༣༠ ནས་༣་༣༠ བར་འཚམས་གཟིགས་གནང༌། སློབ་གྲྭའི་དགེ་སློབ་ཡོངས་ནས་བཀྲ་ཤིས་མཇལ་དར་ཐོགས་ཏེ་ཚོགས་ཁང་དུ་གདན་འདྲེན་ཞུས། སྤྱི་འཐུས་རྒྱལ་ནོར་ཚེ་དབང་མཆོག་ནི་བཙན་བྱོལ་བོད་མིའི་ཁྲོད་སྤྱི་སྒེར་གྱི་ལས་དོན་ཐོག་ཐུགས་འཁུར་ཆེན་པོས་རོགས་རམ་གནང་མཁན་ཞིག་ཡིན་ལ། ཁོང་གིས་ལོ་ལྟར་ཉམ་ཐག་བོད་ཕྲུག་བཅུ་གྲངས་ལྷག་ལ་སློབ་ཡོན་རོགས་རམ་གནང་དང་གནང་བཞིན་ཡོད་པས་ཉེ་སྔོན་བོད་གཞུང་གིས་ལེགས་གསོལ་ཀྱང་སྩལ་འདུག དེར་ཁོང་གིས་ཐུགས་སྣང་ཆེན་པོས་དགེ་སློབ་ཡོངས་ལ་དེང་དུས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་མཛད་ཕྱོགས་སྐོར་ངོ་སྤྲོད་དང༌། གཙོ་བོ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་བཀའ་དྲིན་དང་དམ་པ་མཁས་དབང་གྷ་མ་ཨི་ནར་གྱི་ལྷག་བསམ་གཞེན་སྐུལ་གྱི་ཉེར་ལེན་ལས་ཨེས་ཨོ་ཨེས་སློབ་གྲྭའི་ཕྱིའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་དེ་དག་ནང་དགེ་སློབ་ཡོངས་ཀྱིས་ཆུད་ཟོས་སུ་མ་ཕྱིན་པར་བེད་སྤྱོད་ལེགས་གཏོང་དང༌། ལྷག་པར་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་ཐུན་མིན་སྐད་ཡིག་རིག་གཞུང་གི་རིན་ཐང་ངོ་མ་ཤེས་པའི་སྒོ་ནས་འབྱུང་འགྱུར་སྤྱི་སྒེར་ལས་དོན་ཡང་དག་པར་བསྒྲུབ་ཐུབ་པ་བྱ་རྒྱུ་དང༌། ཕྱོགས་གཞན་ནས་བཙན་བྱོལ་བོད་གཞུང་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱ་རྒྱུ་ཤིན་ཏུ་གལ་ཆེན་ཡིན། ཁོང་ཉིད་ཆུང་དུས་སློབ་སྦྱོང་གི་མཐུན་རྐྱེན་ཧ་ཅང་ཞན་པས་རྡོ་ལེབ་སྟེང་ས་སྨྱུག་གིས་བྲིས་པ་དང་མཚན་མོར་ཟླ་འོད་ལས་ཡི་གེ་འབྲི་ཀློག་བྱས། དཔེ་ཁུག་དང་འབྲི་དེབ་ཅེས་པ་རྒྱུན་རིང་མཐོང་མྱོང་མ་བྱུང་ཞེས་སོགས་སྒོ་གསུམ་གཡོ་འགུལ་ཐེབས་པའི་བཀའ་སློབ་ཟབ་ཅིང་རྒྱས་པ་གནང༌།