ལེགས་བཤད་ཚལ་སློབ་གྲྭ།

[toc]

༡། འགོ་འཛུགས།

སྤོག་ར་གློ་སྒྲིག་བྱམས་པ་གླིང་ལེགས་བཤད་ཚལ་འབྲིང་རིམ་སློབ་གྲྭ་ནི། བཙན་བྱོལ་བོད་མིའི་གནས་འཁོད་བལ་ཡུལ་སྤོག་ར་ས་ཁུལ་དུ་གནས་པའི་གཞིས་ཆགས་ཁག་བཞིའི་ཡ་གྱལ་བྱམས་པ་གླིང་གཞིས་ཆགས་སུ་ཕྱི་ལོ་༡༩༧༩ ཟླ་༡ ཚེས་༡ ཉིན་འགོ་བཙུགས་ཡོད་ཅིང༌། སྐབས་དེར་དགེ་རྒན་༡ དང་སློབ་ཕྲུག་ཕོ་མོ་གྲངས་༢༤ ཡོད། ཕྱི་ལོ་༢༠༠༧ ཟླ་༡༠ ཚེས་༧ ནས་གཞུང་འབྲེལ་གངས་ཅན་བདེ་རྩ་ནས་དེ་སྔོན་བོད་གཞུང་རྣམ་རྒྱལ་མཐོ་རིམ་སློབ་གྲྭའི་རྩིས་དགེ་བྱམས་པ་བཟང་པོ་ལགས་བྱམས་གླིང་ལེགས་བཤད་ཚལ་སློབ་གྲྭའི་དགེ་ཆེའི་ལས་ཚབ་ཏུ་བསྐོ་གཏོང་བཀོད་མངགས་ཕེབས་པ་ནས་བཟུང༌། ད་ལྟ་སློབ་གྲྭ་འདིའི་དགེ་ཆེ་བྱམས་པ་བཟང་པོ་ལགས་ནས་གནང་མུས་ཡིན། ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིར་སྔོན་འགྲོ་ནས་འཛིན་རིམ་བདུན་པ་བར་ཡོད་ཅིང༌། ཁྱོན་བསྡོམས་དགེ་ལས་༢༠ དང༌། སློབ་ཕྲུག་ཕོ་མོ་གྲངས་༡༩༢ ཡོད།

༢། མཐུན་རྐྱེན་འཛུགས་སྐྲུན།

ཕྱི་ལོ་༡༩༧༤ ལོར་ཧེ་ལི་ཊར་ཞེས་པའི་བལ་ཡུལ་སྤོག་རའི་ས་གནས་དེར་གློ་སྒྲིག་འཛུགས་ཀྱི་དམག་མི་རྣམས་གཏན་སྡོད་བྱ་ཡུལ་བྱམས་པ་གླིང་ཞེས་མིང་བཏགས་ཏེ་གཞིས་ཆགས་ཀྱི་འགོ་ཐོག་མར་ཚུགས་ཤིང༌། སྐབས་དེར་མི་མང་ལ་དཀའ་ངལ་ཛ་དྲག་ཆེ་སྟབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་བཙན་བྱོལ་བོད་གཞུང་གིས་དམིགས་བསལ་དགོངས་བཞེས་བཀའ་དྲིན་བསྐྱངས་པས་ཕྲུ་གུ་ལོ་ལྔའི་ཡན་ཆད་ཡོངས་རྫོགས་ཤེས་རིག་གིས་རྡ་ས་བོད་ཕྲུག་ཁྱིམ་སྡེའི་ཁོངས་སུ་སྔ་རྗེས་ཐེངས་གཉིས་སློབ་འཇུག་དགོངས་བཞེས་གནང་ཡོད། དེ་ནས་ལོ་རེ་བཞིན་སློབ་ཕྲུག་གྲངས་འབོར་འཕེལ་རྒྱས་སོང་བ་ལ་བརྟེན་ནས་ས་གནས་རང་དུ་གཞི་རིམ་གྱི་སློབ་གྲྭ་ཞིག་མེད་དུ་མི་རུང་བར་གཟིགས་ཏེ། སྐབས་དེར་ཕྱི་ནང་གི་མཐུན་རྐྱེན་གང་ཅིའི་ཐད་དཀའ་ངལ་སྣ་མང་ཞིག་འཕྲད་ཡོད་ནའང༌། ས་གནས་འགོ་འཁྲིད་པ་དང་སེར་སྐྱ་མི་མང་རྣམས་ཀྱིས་དཀའ་ངལ་འཛེམས་མེད་བགྱིས་པའི་འབྲས་བུར་ལེགས་གཤད་ཚལ་སློབ་གྲྭ་འདི་ཉིད་གསར་འཛུགས་ཐུབ་པ་བྱུང༌། སློབ་གྲྭ་འདིའི་འཛིན་ཁང་ལས་ཤག་དང་འཛིན་ཆས་སོགས་ཕྱིའི་མཐུན་རྐྱེན་གྱི་བྱུང་རིམ་མདོ་ཙམ་བཀོད་ན། ༡། ཕྱི་ལོ་༡༩༧༩ ལོར་སྔོན་འགྲོའི་འཛིན་ཁང་༢ དང་འཛིན་ཆས་གསར་བཟོ་གནང༌། ༢། ཕྱི་ལོ་༡༩༨༩ ལོར་(TDF, Belgium)རོགས་ཚོགས་ནས་གངས་ཅན་བདེ་རྩ་བརྒྱུད་འཛིན་ཁང་༢ དང་འཛིན་ཆས་གསར་སྒྲུབ་གནང༌། ༣། ཕྱི་ལོ་༡༩༨༤ ལོར་བྷེལ་ཇམ་རོགས་ཚོགས་(TDF, Belgium)ཀྱི་རོགས་རམ་འོག་འཛིན་ཁང་༢ དང་ཡིག་ཚང་༡ འཛིན་ཆས་དང་བཅས་གངས་ཅན་བདེ་རྩ་བརྒྱུད་གསར་བཞེངས་གནང༌། ༤། ཕྱི་ལོ་༡༩༨༥ ལོར་བྷེལ་ཇམ་རོགས་ཚོགས་(TDF, Belgium)ནས་གངས་ཅན་བདེ་རྩ་བརྒྱུད་ལོ་ལྟར། འཛིན་གྲྭ་རིམ་འཕར་བཞིན་འཛིན་རིམ་༢།༣།༤ བཅས་ཀྱི་འཛིན་ཁང་༢ དང༌། འཛིན་ཆས་ཁ་ཚང་བཅས་གསར་བསྒྲུབ་བྱས། ༥། ཕྱི་ལོ་༡༩༨༧ ལོར་བྷེལ་ཇམ་རོགས་ཚོགས་(TDF, Belgium)ནས་གངས་ཅན་བདེ་རྩ་བརྒྱུད་ལོ་ལྟར་འཛིན་གྲྭ་རིམ་འཕར་བཞིན་འཛིན་རིམ་༥།༦།༧ བཅས་ཀྱི་འཛིན་ཁང་༣ དང་འཛིན་ཆས་བཅས་གསར་བཟོ་གནང༌། ༦། ཕྱི་ལོ་༡༩༨༩ ལོའི་ལོ་མཇུག་ལ་བྷེལ་ཇམ་རོགས་ཚོགས་(TDF, Belgium)ནས་གངས་ཅན་བདེ་རྩ་བརྒྱུད་སློབ་གྲྭར་མཁོ་གནད་ཆེ་བའི་ཚོགས་ཁང་དང༌། དཔེ་མཛོད་ཁང༌། ཚན་རིག་བརྟག་དཔྱད་ཁང་བཅས་གསར་རྒྱག་གནང་བ་མ་ཟད། དགོས་ངེས་འཛིན་དངོས་དང་ཡོ་ཆས་གསར་སྒྲུབ་གནང༌། ༧། བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་མི་མང་རྣམས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་ཅིང་བོད་རིགས་གཅིག་མཚུངས་ཡིན་སྟབས། ཁོ་ཚོའི་ཕྲུ་གུ་ཚོའི་ཤེས་ཡོན་སློབ་སྦྱོང་ཆེད་སློབ་གྲྭའི་ནང་ཉལ་ཁང་འདང་ངེས་མེད་སྟབས། ཕྱི་ལོ་༡༩༩༤ ལོར་འཇར་མན་ཚོགས་པ་ཞིག་གི་རོགས་རམ་འོག་སློབ་ཕྲུག་ཉལ་ཁང་ཁང་མིག་༡༠ ཅན་ཞིག་གསར་རྒྱག་གནང༌། ༨། ཕྱི་ལོ་༡༩༩༧ ལོར་ཕ་རན་སིའི་བོད་སྐྱོར་རོགས་ཚོགས་(AET)ནས་གློ་སྒྲིག་ལས་ཁུངས་བརྒྱུད་གཏན་སློབ་ནང་ཕྱི་མིའི་སློབ་ཕྲུག་མང་བ་དང༌། ཉལ་ཁང་གི་དཀའ་ངལ་དངོས་འབྲེལ་འཕྲད་སྟབས་ཉལ་ཁང་ཁང་མིག་དྲུག་དང་གསང་སྤྱོད་༦ ཁྲུས་ཁང་༦ བཅས་གསར་བཞེངས་གནང༌། ༩། ཕྱི་ལོ་༡༩༩༦ ལོར་འཇར་མན་གྱི་སྐུ་ཞབས་ཌེ་ཊར་(Mr. Dieter)གྱི་རོགས་རམ་འོག་གཏན་སློབ་ཚོར་གསོལ་ཚིགས་ཁང་གསར་བཞེངས་གནང༌། ༡༠། ཕྱི་ལོ་༡༩༩༨ ལོར་འཇར་མན་གྱི་སྐུ་ཞབས་ཌེ་ཊར་(Mr. Dieter)གྱི་རོགས་རམ་འོག་གཏན་སློབ་ཀྱི་ཐབ་ཚང་དང་གཉེར་ཚང་མཉམ་དུ་གསར་བཞེངས་གནང༌། ༡༡། ཕྱི་ལོ་༢༠༠༩ ཟླ་༡༠ པའི་ནང་སློབ་གྲྭའི་ནང་གཏན་སྡོད་མཐུན་རྐྱེན་རོགས་རམ་ཆེད་འཇར་མན་གྱི་སྐུ་ཞབས་ཀལ་ཀོ་ལི་(Mr. Karl Koelle)དང༌། སྐུ་ཞབས་ཌེ་ཊར་(Mr. Dieter)གཉིས་བརྒྱུད་གཏན་སློབ་ཀྱི་ཐབ་ཚང་རྒྱ་བསྐྱེད་ཀྱིས་མཚོན་ལོ་མང་རིང་མཇུག་སྐྱོང་མ་ཐུབ་པའི་ཉི་འོད་སྤྱི་ཐབ་(Solar kitchen)ཀྱི་མཐུན་རྐྱེན་གསར་འཛུགས་ཀྱིས་མཇུག་སྐྱོང་མཐིལ་ཕྱིན་པ་གནང་བས། གསོལ་ཐབ་གསར་པ་བཀོལ་སྤྱོད་ཀྱིས་གང་ཅིར་སྟབས་བདེ་འཐུས་གཙང་བྱུང༌། ༡༢། ཕྱི་ལོ་༢༠༠༩ ཟླ་༡༠ པའི་ནང་ནེ་དར་ལན་ཌི་གོ་ལ་སྔོག་ཞིབ་ཐེབས་རྩ་(Global Exploration Fundation, Netherland)ཡི་རོགས་རམ་འོག་སློབ་གྲྭ་འདིའི་ཟློས་གར་རོལ་དབྱངས་ཁང་དང་དམིགས་བསལ་འཛིན་ཁང་བཅས་ཆེད་ཁང་མིག་གཉིས་ཅན་ཞིག་གསར་རྒྱག་ཐུབ་པ་བྱུང༌། སློབ་གྲྭ་འདིའི་དཔེ་དེབ་ཀྱི་ཆ་རྐྱེན་ཐད་སློབ་ཕྲུག་ཚོའི་གནས་བབ་དང་བསྟུན་ཏེ་སློབ་དེབ་དང་ཀློག་དེབ་འདྲ་མིན་མཁོ་སྒྲུབ་བྱེད་པ་དང༌། སློབ་དེབ་ནི་གཞི་རྩའི་ཆ་ནས་བོད་གཞུང་ཤེས་རིག་ལས་ཁུངས་ནས་གཏན་འབེབས་གནང་བའི་བོད་ཡིག་སློབ་དེབ་འཛིན་རིམ་དང་པོ་ནས་བདུན་པ་བར་དང༌། གཞན་ཨིན་བལ་གཉིས་ཀྱི་སློབ་དེབ་བལ་ཡུལ་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་གནང་ཡོད་པ་དེ་དག་སློབ་ཚན་གྱི་ཁྲིད་གཞི་བྱེད་མུས་ཡིན། འཛིན་རིམ་དང་པོ་ནས་བདུན་པ་བར་གྱི་སློབ་ཕྲུག་ཚོའི་ཆེད་དུ་སློབ་གྲྭའི་ནང་དཔེ་མཛོད་ཁང་ཞིག་དང༌། གཏན་སློབ་ཁང་བུ་དང་བུ་མོའི་ཉལ་ཁང་སོ་སོར་དཔེ་མཛོད་ཁང་ཆུང་ཆུང་རེ་ཡོད་པས། དེའི་ནང་བོད་བལ་ཨིན་གསུམ་གྱི་དཔེ་དེབ་སྣ་འཛོམས་བཀོད་སྒྲིག་བྱས་ཡོད། དེང་སྐབས་སློབ་གྲྭ་འདིའི་ཕྱིའི་མཐུན་རྐྱེན་དུ་འཛིན་གྲྭ་སྔོན་འགྲོ་ནས་འཛིན་རིམ་བདུན་པ་བར་གྱི་འཛིན་ཁང་ཆ་ཚང༌། དཔེ་མཛོད་ཁང་དང༌། ཚན་རིག་སློབ་ཁྲིད་ཁང༌། ཀམ་པུ་ཊར་སྦྱོང་བརྡར་འཛིན་ཁང༌། མཐུན་རྐྱེན་ཐོན་ཁུངས་སྡེ་ཚན། དགེ་ཆེའི་ཡིག་ཚང་དང་རྩིས་ཁང༌། དགེ་རྒན་ལྷན་འཛོམས་ཁང༌། མགྲོན་ཁང༌། སློབ་ཕྲུག་བུའི་ཉལ་ཁངདང༌། བུ་མོའི་ཉལ་ཁང༌། གསོལ་ཚིགས་ཁང༌། སྤྱི་ཐབ། གསང་སྤྱོད་དང་ཁྲུས་ཁང༌། རྩེད་ཐང༌། ལྕགས་རིའི་ཁོར་ཡུག་དང་བཅས་པ་འཛིན་གྲྭའི་གནས་ཚད་དང་འཚམས་པའི་གཞི་རིམ་གྱི་མཐུན་རྐྱེན་ཆ་ཚང་འཛོམས་ཡོད། ཕྱི་ལོ་༢༠༠༩ ལོར་སློབ་གྲྭ་འདིར་སློབ་ཕྲུག་བུ་༨༣ དང༌། བུ་མོ་༨༩ བཅས་༡༧༢ ཡོད་པའི་ཁྲོད། བོད་རིགས་སློབ་ཕྲུག་༧༠ བཅས་ཡོད་ལ། དགེ་རྒན་༡༣ དང༌། ལས་བྱེད་༨ བཅས་ཁྱོན་བསྡོམས་ལས་བྱེད་༢༡ ཡོད།

༣། སློབ་འཇུག་དང་མཐར་ཕྱིན་སློབ་ཕྲུག་གྲངས་འབོར།

བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་གྱི་སྡོམ་ཐོ་ལྟར་ན། ལེགས་བཤད་ཚད་སློབ་གྲྭ་འདིར་སློབ་ཕྲུག་བུ་༡༠༦ དང་བུ་མོ་༡༡༣ བཅས་༢༡༩ ཡོད་པའི་ནང་གཏན་སློབ་གྲངས་༡༡༩ དང༌། ཉིན་སློབ་གྲངས་༡༠༠ ཡོད་ཅིང༌། བོད་རིགས་མ་ཡིན་པའི་སློབ་ཕྲུག་༡༡༦ ཡོད། དགེ་རྒན་༡༡ དང་ལས་བྱེད་༨ བཅས་ཁྱོན་བསྡོམས་དགེ་ལས་༡༩ ཡོད། ཕྱི་ལོ་༡༩༨༩ ནས་ཕྱི་ལོ་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ། ཕྱི་ལོ་༡༩༨༩ ལོ་ནས་བཟུང་ཕྱི་ལོ་༢༠༠༩ བར་འཛིན་གྲྭ་མཐའ་འཁྱོལ་བའི་སློབ་ཕྲུག་ཁྱོན་བསྡོམས་༣༢༥ བྱུང་ཡོད་པ་ལོ་རེའི་ཐོན་གྲངས་གཤམ་གསལ། བལ་ཡུལ་ལེགས་བཤད་ཚལ་དམའ་འབྲིང་སློབ་གྲྭའི་མཐར་ཕྱིན་ཕྲུག་གྲངས་རེའུ་མིག 

སློབ་ལོ། ཐོན་ཐེངས། ཕྲུག་གྲངས།
༡༩༨༨  ༡༩༨༩ དང་པོ།
༡༩༨༩  ༡༩༩༠ གཉིས་པ། ༡༠
༡༩༩༠  ༡༩༩༡ གསུམ་པ།
༡༩༩༡  ༡༩༩༢ བཞི་པ།
༡༩༩༢  ༡༩༩༣ ལྔ་པ། ༡༤
༡༩༩༣  ༡༩༩༤ དྲུག་པ། ༡༠
༡༩༩༤  ༡༩༩༥ བདུན་པ། ༡༤
༡༩༩༥  ༡༩༩༦ བརྒྱད་པ། ༡༤
༡༩༩༦  ༡༩༩༧ དགུ་པ། ༡༢
༡༩༩༧  ༡༩༩༨ བཅུ་པ། ༡༧
༡༩༩༨  ༡༩༩༩ བཅུ་གཅིག་པ། ༡༥
༡༩༩༩  ༢༠༠༠ བཅུ་གཉིས་པ། ༡༥
༢༠༠༠  ༢༠༠༡ བཅུ་གསུམ་པ། ༡༥
༢༠༠༡  ༢༠༠༢ བཅུ་བཞི་པ། ༡༧
༢༠༠༢  ༢༠༠༣ བཅོ་ལྔ་པ། ༡༦
༢༠༠༣  ༢༠༠༤ བཅུ་དྲུག་པ། ༢༤
༢༠༠༤  ༢༠༠༥ བཅུ་བདུན་པ། ༢༠
༢༠༠༥  ༢༠༠༦ བཅོ་བརྒྱད་པ། ༢༥
༢༠༠༦  ༢༠༠༧ བཅུ་དགུ་པ། ༡༥
༢༠༠༧  ༢༠༠༨ ཉི་ཤུ་པ། ༢༡
༢༠༠༨  ༢༠༠༩ ཉེར་གཅིག་པ། ༢༩
  ཁྱོན་བསྡོམས།     ༣༢༥

༤། ཤེས་ཡོན་སྲིད་བྱུས་ལག་བསྟར།

བལ་ཡུལ་ནང་ཐོག་མར་སློབ་གྲྭ་གསར་འཛུགས་གནང་དུས་ནས་རྩ་བའི་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་སློབ་གྲྭ་སྤྱི་ཁྱབ་ལ་སྩལ་བའི་བཀའ་སློབ་ལམ་སྟོན་གྱི་དགོངས་དོན་སྙིང་བཅངས་ཀྱིས། སློབ་གྲྭ་འདི་ཉིད་ཟུར་དུ་འཛུགས་དགོས་དོན་ཡང་བོད་མིའི་ཐུན་མིན་སྐད་ཡིག་གིས་གཙོས་པའི་ཆོས་དང་རིག་གཞུང་གོམས་གཤིས་བཟང་པོ་མི་ཉམས་རྒྱུན་འཛིན་གནང་རྒྱུ་དོན་གྱི་སྙིང་པོ་ཡིན་པས། ཡུལ་དུས་གནས་བབ་དང་མཐུན་པའི་སློབ་ཚན་དང་སློབ་དེབ་བསྐྱར་ཞིབ་རིམ་པ་ལག་བསྟར་གནང་ཡོད། འོན་ཀྱང༌། བློ་ཕམ་པ་ཞིག་ལ། ཕྱི་ལོ་༢༠༠༤ ལོར་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནི་ད་བར་སློབ་གྲྭ་འདིར་ལག་བསྟར་ཆ་ཚང་ཞིག་བྱུང་ཐུབ་མེད། རྒྱུ་མཚན་ནི་གནས་ཡུལ་རྒྱལ་ཁབ་ཀྱི་དམིགས་བསལ་ཁོར་ཡུག་འོག་བོད་མིའི་སློབ་གྲྭ་སྤྱི་ཁྱབ་ལ་བྱུང་བའི་དཀའ་ངལ་ཞིག་ཡིན། འོན་ཀྱང༌། ཤེས་ཡོན་སྲིད་བྱུས་ནང་ཤེས་ཡོན་ལམ་ལུགས་དང་སྒྲོམ་གཞི་ལས་ཤེས་ཡོན་གྱི་ངོས་འཛིན་དང༌། ལྟ་སྟངས། གདེང་འཇོག ལག་བསྟར་གནང་ཕྱོགས་བཅས་གལ་ཆེན་ཡིན་པ་མངོན་གསལ་ལྟར། ཉེ་བའི་ལོ་བཅུའི་ནང༌། བོད་གཞུང་ཤེས་རིག་ལས་ཁུངས་ནས་རྒྱ་གར་དང་བལ་ཡུལ་གཉིས་ཀར་སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང་རིམ་པ་གོ་སྒྲིག་འཛུགས་སྐྱོང་གནང་བ་མ་ཟད། ལྷག་པར་ཕྱི་ལོ་༢༠༠༦།༠༧ ལོར་བལ་ཡུལ་སློབ་གྲྭའི་འགོ་ལས་རྣམས་བཞུགས་སྒར་དྷ་སར་བསྡུ་སྐོང་གིས་དཔལ་ལྡན་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་གཙོས་པའི་དབུ་འཁྲིད་དང་མཁས་དབང་རྣམ་པས་སྲིད་བྱུས་སྐོར་ཟབ་ཁྲིད་བཀའ་སློབ་ཞིབ་རྒྱས་གནང་བའི་དགོངས་དོན་ལྟར། སློབ་གྲྭའི་ནང་ཁུལ་སྲིད་བྱུས་དགོངས་དོན་བགྲོ་གླེང་ཞིབ་རྒྱས་ངང་དགེ་རྒན་རང་ངོས་ནས་ལག་བསྟར་གང་ཐུབ་ཞུ་མུས་ཡིན།

༥། གཞུང་འབྲེལ་འཚམས་གཟིགས་སྐོར།

ལེགས་བཤད་ཚལ་སློབ་གྲྭ་འགོ་བཙུགས་པ་ནས་ད་ལྟའི་བར་བཙན་བྱོལ་བོད་གཞུང་ནས་དགོངས་བཞེས་ཟབ་མོ་གནང་སྟེ། སློབ་ཕྲུག་ཚོའི་ཤེས་ཡོན་འཕེལ་རྒྱས་འབྱུང་ཐབས་ལ་དམིགས་ཏེ་གཟིགས་སྐོར་དུ་ཕེབས་པ་དང༌། བཀའ་སློབ་ལམ་སྟོན་རིམ་པར་གནང་མཁན་ཨ་མ་རྗེ་བཙུན་པདྨ་མཆོག་དང༌། ཤེས་རིག་བཀའ་བློན་ཟུར་བ་རིན་ཆེན་མཁའ་འགྲོ། ད་ལྟའི་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག སྐབས་སོ་སོའི་བོད་མི་མང་སྤྱི་འཐུས་ཁག གངས་ཅན་བདེ་རྩའི་འགན་འཛིན་འཕྲིན་ལས་རྣམ་རྒྱལ། བྷེལ་ལྗམ་ཊིཌིཨེཕ་རོགས་ཚོགས་ཀྱི་ཨ་མ་ཁིརིསིཊེན་ཝར་སྦག་ལགས་སོགས་ཀྱིས་ཤེས་ཡོན་གོང་འཕེལ་གཏོང་རྒྱུའི་ཐད་ལ་བཀའ་སློབ་ཟབ་མོ་རིམ་པར་བསྩལ་བ་ལ་བརྟེན་ནས་སློབ་ཕྲུག་ཚོར་ཕན་འབྲས་གང་ལེགས་ཐོབ་ཡོད།