ཝ་ལུང་བསམ་འཕེལ་གླིང་ཉིན་སློབ།

[toc]

༡། འགོ་འཛུགས།

བལ་ཡུལ་བྱང་ཤར་མིའ་ཆི་རྫོང་(Mechi zone)ཁུལ་དུ་ཡོད་པའི་ཝ་ལུང་བསམ་འཕེལ་གླིང་ཉིན་སློབ་ནི། ཕྱི་ལོ་༡༩༧༢ ལོའི་ཟླ་༣ ཚེས་༡༠ ཉིན་གསར་འཛུགས་གནང༌། སྐབས་དེར་བོད་རིགས་སློབ་ཕྲུག་གྲངས་༡༥ དང༌། བལ་པོའི་དགེ་རྒན་༢ དང༌། བོད་དགེ་༡ བཅས་དགེ་རྒན་གསུམ་ཡོད་འདུག
ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིར་སློབ་ཕྲུག་༢༨ དང༌། དགེ་ཆེ་༡ དམའ་རིམ་དགེ་རྒན་༢ སྔོན་འགྲོའི་དགེ་རྒན་༢ བཅས་ཁྱོན་བསྡོམས་དགེ་རྒན་༥ བཅས་ཡོད།

༢། མཐུན་རྐྱེན་འཛུགས་སྐྲུན།

ཐོག་མར་སློབ་གྲྭ་འདི་བལ་ཡུལ་གངས་ཅན་བདེ་རྩ་ནས་ས་གནས་བལ་ཡུལ་རྫོང་གི་དཔོན་རིགས་ཀྱི་མཉམ་རོགས་འོག་གསར་འཛུགས་གནང་འདུག སྐབས་དེར་འཛིན་ཁང་ལས་ཤག་སོགས་ནི་ཤིང་ཁང་ཐེབས་ཆག་ཅིག་ལས་མེད་ཀྱང༌། ཕྱི་ལོ་༡༩༩༣ ལོར་ཨ་རིའི་བུད་མེད་ཅིག་གིས་རོགས་དངུལ་གནང་སྟེ་འཛིན་ཁང་༥ དང༌། ཡིག་ཚང་༡ དགེ་རྒན་ལས་ཤག་༡ འཕྲོད་བསྟེན་སྨན་ཁང་༡ མ་མ་ཁང་མིག་༡ བཅས་ཁྱོན་བསྡོམས་ཁང་པ་གྲངས་༣ ལ་ཁང་མིག་༩ ཡོད་པ་གསར་སྐྲུན་གནང་ཡོད།
སློབ་གྲྭ་འདིར་སྔོན་འགྲོ་དང༌། འཛིན་རིམ་དང་པོ་ནས་ལྔ་པ་བར་ཡོད་ཅིང༌། དཔེ་མཛོད་ནང་སློབ་དེབ་དང༌། ྋགོང་ས་མཆོག་གི་མཛད་རྣམ་ཕྱག་དེབ། དེ་བཞིན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་སྒྲུང་དེབ་སྣ་ཚོགས་ཡོད། འཛིན་ཆས་ནི་ལས་ཁང་ནང་མ་དེབ་ཤོག་སྨྱུག་སོགས་བླུགས་སྣོད་སྒམ་གཅིག ཅོག་ཙེ་བཞི། རྐུབ་བཀྱགས་ལྔ། སློབ་ཕྲུག་རྣམས་ཀྱིས་ཞབས་བྲོ་འཁྲབ་སྟོན་ཆེད་བལ་ཡུལ་གྱི་རོལ་ཆ་བཅས་ཡོད་པས། བལ་ཡུལ་གྱི་མཐའ་མཚམས་སློབ་གྲྭ་འདི་དག་འགྲིམ་འགྲུལ་དང་ཁོར་ཡུག་གནས་སྟངས་དབང་གིས་གཞི་རིམ་གྱི་ཆ་རྐྱེན་ཤིན་ཏུ་ཞན་པ། སློབ་དགེ་རག་དཀོན་པ་སོགས་ལ་བརྟེན་སློབ་གྲྭའི་མཐུན་རྐྱེན་ཡར་རྒྱས་དང་ཞིག་གསོ་རྒྱ་ཆེར་གནང་བར་དཀའ་ངལ་འཕྲད་མུས་ཡིན།
ཕྱི་ལོ་༢༠༠༢ ལོར་གངས་ཅན་བདེ་རྩ་ནས་རོགས་རམ་འོག སློབ་མའི་སྡོད་ཁང་༡ ལ་ཁང་མིག་༣ ཡོད་པ་འཛུགས་སྐྲུན་གྲུབ་ཀྱང༌། ད་བར་ནང་གི་འཛིན་ཆས་ཆ་རྐྱེན་མེད་པར་སོང༌། ཁང་པ་དེར་གཞས་སྣ་འཁྲབ་སྟོན་སླད་བཀོལ་སྤྱོད་བྱེད་བཞིན་ཡོད།
སློབ་གྲྭ་འདི་ནས་འཛིན་གྲྭ་ལྔ་པ་ཐོན་རྗེས་སྤོག་རེ་བྷོང་གཏན་སློབ་ནང་སློབ་འཇུག་བྱེད་ཅིང༌། གཏན་སློབ་སློབ་མའི་ཟས་གོས་གནས་མལ་གྱི་སློབ་དོད་ཡོངས་རྫོགས་བལ་ཡུལ་གངས་ཅན་བདེ་རྩ་ནས་ནར་གཏོང་གནང་བཞིན་ཡོད།
སློབ་ཕྲུག་རྣམས་ལ་སློབ་དེབ་ཁོ་ན་ཙམ་མ་ཡིན་པར་སྔ་དགོང་དུས་ཚོད་འཆར་འགོད་ཀྱིས་སྦྱོང་བརྡར་ཁག་དང༌། དེ་འབྲེལ་གྱི་ནང་ཆོས། སྐྱབས་འགྲོ་སོགས་དང༌། བྱམས་པ་དང་སྙིང་རྗེ། བརྩེ་བ་སོགས་ཡ་རབས་བཟང་སྤྱོད་དང༌། བོད་ཀྱི་བྱུང་རབས་ལོ་རྒྱུས་སོགས་སློབ་སྟོན་གནང་བར་སློབ་ཕྲུག་རྣམས་ལ་གོ་རྟོགས་ཆེན་པོ་ཡོད་འདུག་ལ། ད་ལྟ་ཡང་སྔར་རྒྱུན་ལྟར་མ་ཉམས་རྒྱུན་འཛིན་གནང་བཞིན་ཡོད།
ཕྱི་ལོ་༢༠༠༩ ལོར་སློབ་གྲྭ་འདིར་ཁྱོན་བསྡོམས་སློབ་ཕྲུག་བུ་༡༩ དང་བུ་མོ་༣༠ བཅས་བསྡོམས་༤༩ ཡོད་པའི་ཁྲོད། བོད་རིགས་སློབ་ཕྲུག་༣༡ ཡོད། དེ་བཞིན་དགེ་རྒན་སྐྱེས་པ་༣ དང་བུད་མེད་༣ བཅས་༦ ཡོད་པ་ཚང་མ་བོད་རིགས་ཡིན།

༣། སློབ་འཇུག་དང་ཤེས་ཡོན་གནས་སྟངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། ཝ་ལུང་བསམ་གཏན་གླིང་ཉིན་སློབ་འདིར་སློབ་ཕྲུག་བུ་༡༤ དང་བུ་མོ་༡༤ བཅས་ཁྱོན་བསྡོམས་༢༨ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། བོད་རིགས་མ་ཡིན་པའི་སློབ་ཕྲུག་༦ ཡོད། ཁྱོན་བསྡོམས་དགེ་རྒན་༥ ཡོད།
ཕྱི་ལོ་༡༩༨༩ ལོ་ནས་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་སློབ་གྲྭ་འདིའི་སློབ་ཕྲུག་གྲངས་འབོར་འཕར་ཆག་རིམ་བྱུང་གི་གནས་སྟངས་གཤམ་གསལ།

༤། ཤེས་ཡོན་དང་སློབ་ཐོན།

ས་གནས་སུ་བལ་ཡུལ་དངོས་(Read Nepal) ཞེས་པའི་ཚོགས་པའི་ལེ་ལེབ་གཱ་འབུ་སའི་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་ཟབ་སྦྱོང་ཐེངས་བཞི་ཙམ་གོ་སྒྲིག་གནང་ཡོད་པ་དང༌། དེ་བཞིན་ཡུལ་སྐོར་ཕེབས་པའི་ཨ་རིའི་མི་ཞིག་གིས་ཕྱི་ལོ་༢༠༠༨ ལོའི་ཟླ་༥ ཚེས་༡༨ ཉིན་སློབ་ཕྲུག་ཚོར་སྒྲིག་ཆས་རོགས་རམ་གནང་སོན་བྱུང་བས་སྒྲིག་ཆས་ཆ་ཚང་ལེགས་གྲུབ་བྱུང༌།
བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་རྒྱུར་གནས་ཡུལ་རྒྱལ་ཁབ་ཀྱི་སྲིད་བྱུས་སྟངས་འཛིན་དང་སློབ་གྲྭའི་གཞི་རིམ་མཐུན་རྐྱེན་དང་ཁོར་ཡུག་བཅས་པའི་དབང་གིས་ཧ་ཅང་དཀའ་ནའང༌། སྲིད་བྱུས་གསར་པའི་ངོ་སྤྲོད་བྱུང་བ་ནས་བཟུང་རྒྱུན་ལྡན་སློབ་སྟོན་ལག་ལེན་ཁྲོད་ཤེས་ཡོན་སྲིད་བྱུས་གསར་པའི་ནང་གསལ་ལམ་སྟོན་ཁག་ལག་བསྟར་ཅི་ནུས་ཞུས་མུས་ཡིན་ནའང༌། འདས་པའི་ལོ་ངོ་གསུམ་བཞིའི་གནས་སྟངས་ལ་ཞིབ་འཇུག་བྱས་ཚེ་ད་བར་དམིགས་བསལ་གྲུབ་འབྲས་འདི་ཐོན་མངོན་གསལ་བྱུང་མེད།

ཝ་ལུང་བསམ་འཕེལ་གླིང་སློབ་གྲྭའི་འདས་པའི་ལོ་ངོ་༡༠ རིང་སློབ་ཕྲུག་སྤྱི་ཡོངས་ཀྱི་ལོ་འཁོར་ཡིག་རྒྱུགས་གནས་སྟངས་རེའུ་མིག
ལོ་དུས། རྒྱུགས་ཞུགས། རྒྱུགས་འཕྲོད་པ། མ་འཕྲོད་པ། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༩ ༢༤ ༡༩ ༥ ༧༩་༡༠
ཕྱི་ལོ་༢༠༠༠ ༢༩ ༢༥ ༤ ༨༦་༢༠
ཕྱི་ལོ་༢༠༠༡ ༢༩ ༢༥ ༤ ༨༦་༢༠
ཕྱི་ལོ་༢༠༠༢ ༢༤ ༡༧ ༧ ༧༠་༨༣
ཕྱི་ལོ་༢༠༠༣ ༢༧ ༡༧ ༡༠ ༦༢་༩༦
ཕྱི་ལོ་༢༠༠༤ ༢༧ ༡༧ ༡༩ ༦༢་༩༦
ཕྱི་ལོ་༢༠༠༥ ༢༧ ༡༧ ༡༠ ༦༢་༩༦
ཕྱི་ལོ་༢༠༠༦ ༢༨ ༢༣ ༥ ༨༢་༡༤
ཕྱི་ལོ་༢༠༠༧ ༣༨ ༣༠ ༨ ༧༨་༩༤
ཕྱི་ལོ་༢༠༠༨ ༢༨ ༢༣ ༥ ༨༢་༡༤

༥། དམིགས་བསལ་དཀའ་ངལ།

ཝ་ལུང་བསམ་འཕེལ་གླིང་ས་ཁུལ་འདི་མཐའ་མཚམས་ལུང་ཁུག་ས་ཐག་རིང་ས་ཞིག་ཡིན་སྟབས། གཞུང་འབྲེལ་མི་སྣ་ཕེབས་དཀའ་བ་དང་ལམ་གྲོན་སོགས་ཀྱིས་རྐྱེན་པས་ཤེས་ཡོན་ཡར་རྒྱས་དང་འབྲེལ་བའི་བཀའ་སློབ་དང་ལས་རིམ་ལག་བསྟར་གནང་དཀའ་བའི་གནས་སུ་ཡོད།