བལ་ཡུལ་རྣམ་རྒྱལ་མཐོ་རིམ་སློབ་གྲྭ།

[toc]

སྔོན་གླེང༌།

འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་བོད་བསྟན་སྲིད་བདེ་དོན་གྱི་ཆེད་དུ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་བསྒྱུར་ཞབས་སོར་བཀའ་དྲིན་ཆེ་བ་འཁོད་འཕྲལ། བོད་ཀྱི་ཆོས་དང་རིག་གཞུང༌། ཡུལ་གོམས་གཤིས་ལུགས། སྐད་ཡིག་བཅས་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་སླད་ཆོས་སྡེ་ཁག་དང༌། གཞིས་ཆགས། ལྷག་པར་དུ་བོད་རང་དབང་སླར་གསོའི་རྨང་གཞི་མ་འོངས་བོད་ཀྱི་སོན་རྩ་རང་རིགས་གཞོན་སྐྱེས་རྣམས་ལ་སྲོལ་རྒྱུན་གཙོར་བཟུང་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་ཚད་ལྡན་སྤྲོད་རྒྱུའི་ཆེད་རྒྱ་གར་གཞུང་གི་རོགས་རམ་འོག་བཙན་བྱོལ་བོད་མིའི་གཞི་རིམ་གཏན་ཉིན་སློབ་གྲྭ་མང་དག་གསར་འཛུགས་གནང་ཡོད། བལ་ཡུལ་ཁུལ་དུ་གནས་སྡོད་སྐྱབས་བཅོལ་བོད་མིའི་བུ་ཕྲུག་གིས་གཙོས་པའི་ཆོས་དང་རིག་གཞུང་གཅིག་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་དཔེར་ན། མུས་ཏང་དང༌། མ་ནང༌། ར་སུབ། སོ་ལུ་ཁུམ་བུ། སྤོག་ར། ཀཐ་མན་གྲུ་ནས་ཤར་པ་དང༌། རྟ་མང༌། གཉི་ཤང༌། དགུ་རོང༌། ར་ཡེ་སོགས་ཀྱི་སློབ་ཕྲུག་རྣམས་ལའང་སློབ་སྦྱོང་གི་མཐུན་རྐྱེན་གོ་སྐབས་བསྐྲུན་སླད་བོད་གཞུང་ཤེས་རིག་ལས་ཁུངས་ནས་གངས་ཅན་བདེ་རྩའི་འཛིན་སྐྱོང་འོག་དམའ་རིམ་དང་འབྲིང་རིམ་འཛིན་གྲྭ་བཅུ་པ་གང་རུང་བར་ཡོད་པའི་སློབ་གྲྭ་ཁྱོན་བསྡོམས་གྲངས་༡༢ གསར་འཛུགས་གནང་ཡོད། འོན་ཀྱང་འཛིན་གྲྭ་བཅུ་པ་ཐོན་རྗེས་སློབ་ཕྲུག་ཉུང་ཤས་ཤིག་སློབ་སྦྱོང་མུ་མཐུད་ཆེད་རྒྱ་གར་དུ་བསྐྱོད་བཞིན་པ་མ་གཏོགས། སློབ་ཕྲུག་མང་ཆེ་བ་ཁྱིམ་ཚང་ཕ་མའི་དཔལ་འབྱོར་གནས་སྟངས་ཞན་པའི་དབང་གིས་སློབ་སྦྱོང་མཇུག་སྐྱོང་མ་ཐུབ་པར་འཕྲོ་བརླག་འགྲོ་བཞིན་ཡོད་པར་འབྲེལ་ཡོད་ཕ་མ་དང་སྤྱི་ཚོགས་ཁྲོད་བློ་འཚབ་ཆེན་པོ་ཡོད།

རྒྱབ་ལྗོངས།

བོད་གཞུང་ཤེས་རིག་ལས་ཁུངས་ནས་ཐོག་མ་སློབ་གྲྭ་རྒྱག་ཡུལ་གྱི་ས་ཆ་སྤུས་གཟིགས་གནང་བ་དང༌། རྒྱལ་སྤྱིའི་ཨེ་སེ་ཨོ་ཨེ་སེ་(SOS)རོགས་ཚོགས་ནས་སློབ་ཁང་འཛིན་ཆས་དང་བཅས་པ་གསར་སྐྲུན་རོགས་རམ་གནང་སྟེ། ཕྱི་ལོ་༡༩༨༨ཟླ་༤ ཚེས་༢ ཉིན་བལ་ཡུལ་རྣམ་རྒྱལ་མཐོ་སློབ་གསར་དུ་དབུ་བརྙེས་ཤིང༌། སྐབས་དེར་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་དང༌། སློབ་ཕྲུག་ཁྱོན་བསྡོམས་གྲངས་༢༠༠ དང་དགེ་ལས་ཁྱོན་བསྡོམས་གྲངས་༡༠ བཅས་ཡོད། སློབ་གྲྭ་འདི་བཙུགས་པའི་འགོ་སྟོད་ཀྱི་ལོ་ཤས་རིང༌། སློབ་གྲྭའི་དཔལ་འབྱོར་གནས་སྟངས་ཞན་པའི་དབང་གིས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད་ནའང༌། སྐབས་དེའི་སློབ་གྲྭའི་དབུ་དགེ་ལས་བྱེད་རྣམས་ཀྱིས་ལྷག་བསམ་དང་སྙིང་སྟོབས་ཆེན་པོས་སྐུ་ངལ་འཛེམས་མེད་ངང་ཕྱག་ལས་གནང་བའི་ཐོག ཀ་ཐ་མན་གྲུར་གནས་སྡོད་རང་རིགས་གཏོང་ཕོད་ཅན་རྣམས་ཀྱིས་ཀྱང་སློབ་གྲྭའི་གནས་སྟངས་གཉན་འཕྲང་ཆེ་བའི་དུས་སྐབས་དེར་ཤིན་ཏུ་བསྔགས་འོས་པའི་དཔལ་འབྱོར་གྱི་མཐུན་རྐྱེན་རོགས་རམ་གནང་ཡོད་འདུག་པའི་ཉེར་ལེན་ལ་བརྟེན། དེང་སྐབས་སློབ་གྲྭ་འདིར་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༤༢༤ ཡོད་པ་དང༌། འཛིན་སྐྱོང་ལས་བྱེད་གྲངས་༧ དགེ་རྒན་གྲངས་༢༧ མ་བྱན་སོགས་སྤྱིར་བཏང་ལས་བྱེད་གྲངས་༢༠ བཅས་ཁྱོན་བསྡོམས་དགེ་ལས་གྲངས་༥༤ ཡོད།

སྒྲིག་འཛུགས་སྒྲོམ་གཞི།

ཕྱི་ལོ་༢༠༠༤ ལོར་དཔལ་ལྡན་བོད་གཞུང་ཤེས་རིག་ལས་ཁུངས་ནས་བལ་ཡུལ་ཁུལ་དུ་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་རྣམས་ད་ལྟ་རྒྱ་གར་ནང་ཡོད་པའི་བོད་ཁྱིམ་སློབ་གྲྭ་ལྟར། བལ་ཡུལ་གངས་ཅན་བདེ་རྩའི་འཛིན་སྐྱོང་འོག་རང་སྐྱོང་སྡེ་ཚན་ཞིག་ཏུ་ངོས་འཛིན་ཐག་གཅོད་ཀྱི་བཀའ་རྒྱ་ཕེབས་གསལ་བཞིན་འཛིན་སྐྱོང་གནང་མུས་རེད། ཚོགས་མི་བརྒྱད་ལས་གྲུབ་པའི་སློབ་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཡོད་པ་དེས། ལོ་རེར་ཐེངས་གཅིག་གམ་གཉིས་ཡང་ན་དགོས་གལ་ནམ་བྱུང་ལ་ལྷན་ཚོགས་བསྐྱངས་ཏེ། སློབ་གྲྭའི་ཁྱོན་ཡོངས་ཀྱི་འཛིན་སྐྱོང་ལས་དོན་ལ་རྟོག་ཞིབ་སྟངས་འཛིན་དང༌། དཔལ་འབྱོར་དང་འབྲེལ་བའི་གལ་ཆེའི་གནད་དོན་ཐག་གཅོད། ལོ་རེའི་སྔོན་རྩིས་འགྲོ་གྲོན་དང་འཆར་གཞི་བཀའ་འཁྲོལ། རྩིས་ཁྲ་དང་རྩིས་ཞིབ་སྙན་ཐོར་ཞིབ་འཇུག་མཇུག་གནོན་སོགས་གནང་བཞིན་ཡོད།

སློབ་གྲྭའི་དམིགས་ཡུལ།

རྣམ་རྒྱལ་མཐོ་རིམ་སློབ་གྲྭའི་དམིགས་ཡུལ་གཙོ་བོ་ནི། སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང༌། ཆོས་དང་རིག་གཞུང་གི་སློབ་སྦྱོང་ཚད་ལྡན་སྤྲོད་རྒྱུའི་ཐོག དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་ཆ་ལག་ཚང་ཞིང་སྤུས་ཚད་ལྡན་པ་ཞིག་སྦྱོར་སྤྲོད་ཡོང་ཐབས་སོགས་མདོར་ན་བོད་མི་མཚན་ཉིད་ཚང་བ་ཞིག་ཡོང་ཐབས་སུ་འབད་བརྩོན་ཞུ་རྒྱུ་ཡིན། སློབ་འཇུག བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་བརྒྱད་ནས་ཐོན་པའི་སློབ་ཕྲུག་ཡིན་ཕྱིན། སློབ་སྦྱོང་བཟང་ཞན་དང་ཡིག་རྒྱུགས་བརྒྱ་ཆ་མཐོ་དམན་ལ་མ་ལྟོས་པར་ལོ་ལྟར་སློབ་གྲྭ་འདིའི་འཛིན་རིམ་དྲུག་པ་དང༌། བརྒྱད་པ། དགུ་པ། བཅུ་གཅིག་བཅས་ཀྱི་ནང་ཐད་ཀར་སློབ་འཇུག་གནང་བཞིན་ཡོད་པ་དང༌། དེ་མིན་སྒེར་སློབ་ཁག་ནས་སློབ་གྲྭ་འདིར་འཛུལ་ཞུགས་བྱས་པའི་སློབ་ཕྲུག་རྣམས་ཀྱིས་བོད་ཡིག་དང༌། ཨིན་ཇི། ཨང་རྩིས་བཅས་སློབ་ཚན་གསུམ་ཐོག་ཚུད་རྒྱུགས་བཏང་སྟེ་སློབ་འཇུག་གནང་གི་ཡོད། ཕྱི་ལོ་༡༩༨༩ ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་རྣམ་རྒྱལ་མཐོ་སློབ་ཀྱི་སློབ་མའི་གྲངས་འབོར་འཕར་ཆག་གི་གནས་སྟངས་གཤམ་གསལ། དགེ་ལས་བསྐོ་བཞག་གནང་ཕྱོགས། སློབ་གྲྭའི་ནང་དགེ་ལས་ཀྱི་ས་མིག་སྟོང་པ་ཡོད་ཚེ་སློབ་གྲྭའི་ལས་ཁུངས་ནས་གཞུང་འབྲེལ་གསར་ཤོག་བརྒྱུད་གསལ་བསྒྲགས་དང་འབྲེལ་དགེ་རྒན་གྱི་འོས་ཆོས་ཚང་ཞིང་ཉམས་མྱོང་ལྡན་པ་རྣམས་འཛིན་གྲྭའི་ནང་སློབ་ཁྲིད་དང༌། ངོ་ཐུག་གི་ལམ་ནས་དྲག་འདེམས་ཀྱིས་མཐའ་མ་གངས་ཅན་བདེ་རྩ་ནས་བསྐོ་བཞག་ཡི་གེ་གནང་མུས་ཡིན། དགེ་ལས་ཀྱི་ཐོབ་ཐང་དང་ལས་འགན་སོགས་གངས་ཅན་བདེ་རྩ་ནས་གཏན་འབེབས་གནང་བའི་སྒྲིག་གཞི་ལྟར་ལག་བསྟར་གནང་བཞིན་ཡོད། གཏན་འབེབས་སློབ་ཚན་དང་ཟུར་སྦྱོང་རིག་གནས། བལ་ཡུལ་ཆེས་མཐོའི་འབྲིང་རིམ་ཤེས་ཡོན་ལྷན་ཁང་ནས་ངོས་འཛིན་དང་གཏན་འབེབས་གནང་བའི་སློབ་ཚན་དང༌། བོད་གཞུང་སློབ་གྲྭ་སྤྱི་མཚུངས་བཞིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་གཏན་འབེབས་གནང་བའི་བོད་ཡིག་སློབ་ཚན་བཅས་བསླབ་གཞི་གཙོ་བོར་བཟུང་ནས་སློབ་ཁྲིད་གནང་མུས་ཡིན། བར་ལམ་བལ་ཡུལ་གཞུང་ནས་འཛིན་རིམ་དགུ་པ་དང་བཅུ་པའི་གདམ་གའི་སློབ་ཚན་ནང་བོད་ཡིག་སློབ་ཚན་འཇོག་རྒྱུའི་ཆེད་སློབ་དེབ་རྩོམ་སྒྲིག་སྐོར་གྱི་གནས་ཚུལ་གསར་ཤོག་ཁག་ཏུ་གསལ་བསྒྲགས་སྤེལ་གསལ་ལྟར། བལ་ཡུལ་གངས་ཅན་བདེ་རྩ་ནས་བོད་ཡིག་སློབ་དེབ་ཚད་ལྡན་རྩོམ་སྒྲིག་དགོས་གལ་ཆེ་བར་གཟིགས་ཏེ། བལ་ཡུལ་བོད་ཡིག་རྩོམ་སྒྲིག་ཚོགས་ཆུང་ཞིག་ཟུར་འཛུགས་དང་འབྲེལ་སློབ་དེབ་རྩོམ་སྒྲིག་གིས་བོད་གཞུང་ཤེས་རིག་ལས་ཁུངས་སུ་སྤྱན་བསྟར་ལམ་སྟོན་བཀའ་སློབ་ཞུས་རྗེས་བལ་ཡུལ་གཞུང་ནས་སློབ་དེབ་པར་བསྐྲུན་གནང༌། དེ་ནས་ཕྱི་ལོ་༢༠༠༢།༢༠༠༣ སློབ་དུས་ནས་བཟུང་འཛིན་རིམ་བཅུ་པ་བར་ཡོད་པའི་གཞུང་སྒེར་སློབ་གྲྭ་ཁག་ཅིག་ནང་དངོས་སུ་སློབ་ཁྲིད་འགོ་འཛུགས་ཀྱིས་ལོ་ལྟར་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་པའི་གདམ་གའི་བོད་ཡིག་ཡིག་རྒྱུགས་བཏང་དང་གཏོང་བཞིན་ཡོད། བོད་ཡིག་སློབ་ཚན་འཕར་མ་ཞིག་སློབ་ ཁྲིད་ལག་བསྟར་བྱ་ཐུབ་བྱུང་བ་འདིས་སློབ་ཕྲུག་ཚོས་བོད་ཡིག་ལ་དོ་སྣང་དང་བོད་ཡིག་གནས་ཚད་ཡར་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད། སློབ་ཕྲུག་རྣམས་ལ་འཛིན་གྲྭའི་ནང་སློབ་ཚན་སློབ་ཁྲིད་ཀྱི་ཟུར་སྦྱོང་རིག་གནས་དཔེར་ན། ལོ་ལྟར་ཁང་ཚན་དང་འཛིན་གྲྭ་ནང་ཁུལ་བོད་ཨིན་བལ་བཅས་ཀྱི་སྐད་རིགས་གསུམ་གྱི་ཐོག་རྩོམ་ཡིག་འགྲན་བསྡུར། བོད་ཡིག་ཡིག་གཟུགས་འགྲན་བསྡུར། རི་མོ་འགྲན་བསྡུར་སོགས་ཤེས་ཡོན་དང་འབྲེལ་བའི་བྱེད་སྒོ་གོ་སྒྲིག་གནང་གི་ཡོད་པ་མ་ཟད། འདས་པའི་ལོ་ཤས་ནང་བལ་ཡུལ་སློབ་གྲྭ་ནང་ཁུལ་བོད་ཨིན་བགྲོ་གླེང་འགྲན་བསྡུར་དང༌། རྩོམ་ཡིག་འགྲན་བསྡུར། དྲི་བརྩད་འགྲན་བསྡུར་སོགས་ཀྱང་གོ་སྒྲིག་ཐེངས་འགའ་བྱུང་བར་འཛུལ་ཞུགས་ཀྱིས་བྱ་དགའ་གང་མང་ཐོབ་ཡོད།

སློབ་གྲྭ་གནས་སྤར་དང་དེའི་ཤུགས་རྐྱེན།

སློབ་གྲྭ་འདི་ཐོག་མ་ཕྱི་ལོ་༡༩༨༨ ལོར་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་ལས་མེད་ཀྱང༌། ཕྱི་ལོ་༡༩༨༩ ལོར་འཛིན་རིམ་དགུ་པ་དང༌། ཡང་ཕྱི་ལོ་༡༩༩༠ ལོ་འཛིན་རིམ་བཅུ་པ་བཅས་ལོ་རེ་འཛིན་རིམ་རེ་སྤར་ཐུབ་བྱུང་ཡོད། དུས་ཡུན་དེའི་རིང་སློབ་སྤྱི་གཉིས་འཕོ་འགྱུར་ཕྱིན་ཡོད་ཅིང༌། ཕྱི་ལོ་༡༩༨༨།༡༩༨༩ བར་སྐུ་ཞབས་བསོད་ནམས་སྟོབས་རྒྱལ་ལགས་སློབ་སྤྱིའི་ལས་གནས་སུ་ཕེབས་ཤིང༌། ཕྱི་ལོ་༡༩༩༠།༡༩༩༢ བར་སྐུ་ཞབས་ཟླ་བ་དོན་གྲུབ་ལགས་ཀྱིས་སློབ་སྤྱིའི་ཐུགས་འགན་བཞེས་ཡོད། དེ་ནས་ཕྱི་ལོ་༡༩༩༣ ལོ་བོད་གཞུང་ཤེས་རིག་ལས་ཁུངས་ནས་སྐུ་ཞབས་དབང་འདུས་ཕུན་ཚོགས་ལགས་སློབ་གྲྭའི་ངེས་སྟོན་པར་བསྐོ་བཞག་གནང་བས། ལོ་ཤས་ནང་སློབ་གྲྭའི་དཔལ་འབྱོར་གནས་སྟངས་ཀྱིས་མཚོན་ཕྲུ་གུའི་ཤེས་ཡོན་གཙོ་བོ་གྱུར་པའི་ཕྱི་ནང་མཐུན་རྐྱེན་ཡར་རྒྱས་ཤུགས་ཆེར་སོང་ཞིང༌། སློབ་ཕྲུག་རྣམས་འཛིན་རིམ་བཅུ་པ་སློབ་ཐོན་རྗེས་རྒྱ་གར་དུ་ཕེབས་མི་དགོས་པར་མུ་མཐུད་དུ་སློབ་སྦྱོང་སྤྲོད་ཐུབ་བྱུང་ན་དགེ་མཚན་ཆེ་བར་གཟིགས་ཏེ། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་འཁྲོལ་འོག་ཕྱི་ལོ་༡༩༩༥ ཟླ་༤ ཚེས་༢༧ ཉིན་རྒྱལ་སྤྱིའི་ཨེ་སེ་ཨོ་ཨེ་སེ་(SOS)ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Mr. Helmut Kutin)ལགས་ནས་འཛིན་རིམ་༡༢ བར་གནས་སྤར་བྱས་པའི་གཞུང་འབྲེལ་གསལ་བསྒྲགས་སྤེལ་ཞིང༌། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་ཚོང་འབྲེལ་དང་སྒྱུ་རྩལ་སྡེ་ཚན་ཁོངས་གཏོགས་ཀྱི་སློབ་ཕྲུག་རྣམས་སློབ་གྲྭ་འདིར་མུ་མཐུད་དེ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཡོད་པ་དང༌། དེ་མིན་ཚན་རིག་སྡེ་ཚན་ནང་སློབ་སྤྱོང་བྱ་འདོད་ཡོད་རིགས་རྣམས་རྒྱ་གར་མ་སུ་རི་གཏན་སློབ་ཁོངས་སུ་ཚུད་ཐབས་ལམ་སྟོན་རོགས་རམ་ཞུ་མུས་ཡིན། སློབ་གྲྭ་འདི་འཛིན་རིམ་བཅུ་གཉིས་བར་གནས་སྤར་ཐུབ་པར་བརྟེན་སློབ་ཕྲུག་རྣམས་འཛིན་རིམ་བཅུ་པ་ཐོན་རྗེས་བར་ལྡིང་དུ་མ་ལུས་པར་མུ་མཐུད་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བཟང་པོ་ཐོབ་སྟེ་ཕྲུ་གུ་དང་ཕ་མ་གཉིས་ཀའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད་པ་མ་ཟད། དམིགས་བསལ་རྒྱ་གར་དུ་ཡོད་པའི་སྐྱབས་བཅོལ་བོད་མིའི་སློབ་ཕྲུག་མང་བའི་སྐུ་ངལ་ཡོད་མུས་ཐོག་བལ་ཡུལ་སྐྱབས་བཅོལ་བོད་མིའི་སློབ་ཕྲུག་ཀྱང་སློབ་བཞེས་གནང་དགོས་པའི་སྐུ་ངལ་ཡང་སེལ་ཐུབ་པ་སོགས་ཀྱི་ཕན་ཐོགས་རྒྱ་ཆེར་བྱུང༌། ཡིག་རྒྱུགས་གྲུབ་འབྲས། ཕྱི་ལོ་༢༠༠༧ ལོའི་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་གཅིག་གི་ཡིག་རྒྱུགས་ནང་འཛུལ་ཞུགས་གནང་མཁན་སློབ་ཕྲུག་ཁྱོན་བསྡོམས་གྲངས་༩༩ བྱུང་ཡོད་པ་ནས། སློབ་ཕྲུག་གྲངས་༣༢ ཨང་དང་པོ་དང༌། སློབ་ཕྲུག་གྲངས་༦༦ ཨང་གཉིས་པ། བསྐྱར་རྒྱུགས་གཏོང་དགོས་པ་སློབ་ཕྲུག་གྲངས་༡ བཅས་སློབ་གྲྭའི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་༩༨་༩༩ ཡིན། ཕྱི་ལོ་༢༠༠༧ ལོའི་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་གཅིག་གི་ཡིག་རྒྱུགས་ནང་འཛུལ་ཞུགས་གནང་མཁན་སློབ་ཕྲུག་ཁྱོན་བསྡོམས་གྲངས་༥༠ བྱུང་ཡོད་པ་ནས། སློབ་ཕྲུག་གྲངས་༣༠ ཨང་དང་པོ་དང༌། སློབ་ཕྲུག་གྲངས་༢༠ ཨང་གཉིས་པའི་གྲས་སུ་ཡིག་རྒྱུགས་འཕྲོད་དེ་སློབ་གྲྭའི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་༡༠༠ ཡིན། སློབ་གྲྭ་འདིའི་ཕྱི་ལོ་༡༩༩༨ ནས་༢༠༠༨ བར་གཞི་རིམ་གོང་མ་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གནས་སྟངས་གཤམ་གསལ།

ཕྱི་ལོ། ༡༠ པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ། ༡༢ པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ།
༡༩༩༨ ༦༢ ༦༢་༠༠
༡༩༩༩ ༥༠ ༨༢་༠༠ ༣༠ ༩༣་༣༣
༢༠༠༠ ༤༣ ༩༣་༠༢ ༢༨ ༩༢་༨༥
༢༠༠༡ ༣༥ ༨༥་༧༠ ༥༩ ༩༦་༦༡
༢༠༠༢ ༤༢ ༡༠༠་༠༠ ༦༤ ༩༦་༨༧
༢༠༠༣ ༦༥ ༩༥་༣༨ ༤༡ ༡༠༠་༠༠
༢༠༠༤ ༣༡ ༨༠་༦༥ ༧༧ ༨༤་༤༢
༢༠༠༥ ༣༥ ༡༠༠་༠༠ ༨༣ ༩༧་༢༠
༢༠༠༦ ༦༦ ༩༥་༤༥ ༦༠ ༩༨་༣༣
༢༠༠༧ ༧༤ ༡༠༠་༠༠ ༥༠ ༡༠༠་༠༠
༢༠༠༨ ༦༦ ༩༦་༩༧ ༩༨ ༨༧་༧༦
༢༠༠༩ ༦༣ ༡༠༠་༠༠ ༨༧ ༩༨་༨༥

བལ་ཡུལ་རྒྱལ་ཡོངས་ཀྱི་སློབ་གྲྭ་རྩེ་ཕུད་ལ་ངོས་འཛིན།

དེ་ཡང་ཕྱི་ལོ་༢༠༠༣ ལོར་བལ་ཡུལ་བདུན་རེའི་གསར་ཤོག་(SAPTAHIK)རྩོམ་སྒྲིག་ཁང་གིས་བལ་ཡུལ་ཆེས་མཐོའི་འབྲིང་རིམ་སློབ་གྲྭ་ཞིག་ལ་དགོས་ངེས་ཀྱི་ཕྱི་ནང་མཐུན་རྐྱེན་ཚད་ལྡན་ཡོད་པའི་ཐོག འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་བཅས་སོ་སོའི་ནང་ཉུང་མཐར་སློབ་ཕྲུག་གྲངས་༨༢ རེ་དགོས་པ་སོགས་ཀྱི་ཆ་རྐྱེན་ཚང་བའི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་ལོ་གཉིས་རེའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཕྱོགས་བསྡོམས་ཀྱིས་རྩེ་ཕུད་སློབ་གྲྭ་བཅུའི་མཚན་གཞུང་འདེམས་སྒྲུག་བྱས་པའི་ཁྲོད། བལ་ཡུལ་རྒྱལ་ཡོངས་ནང་གོང་གསལ་ཆ་རྐྱེན་ལྡན་པའི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་གྲྭ་ཁྱོན་བསྡོམས་གྲངས་༨༥༦ ཡོད་པའི་ཁྲོད། འདས་པའི་ལོ་གཉིས་ནང་བལ་ཡུལ་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཕྱོགས་བསྡོམས་ཀྱིས་རྩེ་ཕུད་སོན་པའི་སློབ་གྲྭ་བཅུའི་མཚན་གཞུང་གསར་ཤོག་ཏུ་གསལ་བསྒྲགས་སྤེལ་བའི་ནང༌། བལ་ཡུལ་རྣམ་རྒྱལ་མཐོ་སློབ་རྩེ་ཕུད་ཨང་བཞི་པ་སོན་ཡོད། ཕྱི་ལོ་༢༠༠༥ ལོར་སློབ་གྲྭའི་ཡིག་རྒྱུགས་གྲུབ་འབྲས་ལེགས་ཀྱང་གོང་གསལ་སློབ་ཕྲུག་གི་གྲངས་ཚད་མ་ལོངས་པའི་རྐྱེན་གྱིས་རྣམ་རྒྱལ་མཐོ་སློབ་སོགས་རྩེ་ཕུད་སློབ་གྲྭ་གཞན་དང་ཁག་ཅིག་ཀྱང་ཐེངས་འདིའི་རྩེ་ཕུད་སློབ་གྲྭ་བཅུའི་གྲས་སུ་ཚུད་ཐུབ་བྱུང་མེད་ཅེས་གསར་ཤོག་རྩོམ་སྒྲིག་པས་འགྲེལ་བརྗོད་གནང་ཡོད། ཕྱི་ལོ་༢༠༠༦ ལོར་བལ་ཡུལ་རྒྱལ་ཡོངས་ནང་གོང་གསལ་ཆ་རྐྱེན་ལྡན་པའི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་གྲྭ་ཁྱོན་བསྡོམས་གྲངས་༡༠༡༨ ཡོད་པའི་ཁོངས་ནས་ལོ་གཉིས་ཀྱི་བལ་ཡུལ་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཕྱོགས་བསྡོམས་ཀྱིས་རྩེ་ཕུད་སློབ་གྲྭ་བཅུའི་མཚན་གཞུང་གསར་ཤོག་ནང་གསལ་བསྒྲགས་སྤེལ་བའི་ནང༌། བལ་ཡུལ་རྣམ་རྒྱལ་མཐོ་སློབ་རྩེ་ཕུད་ཨང་དང་པོ་སོན་ཡོད། ཡང་ཉེ་ཆར་ཕྱི་ལོ་༢༠༠༨ ཟླ་༧ ཚེས་༣ འཁོད་པའི་བལ་ཡུལ་རྒྱལ་ཡོངས་བདུན་རེའི་གསར་ཤོག་(SAMAYA)ཞེས་པའི་ནང་གནས་ཚུལ་ཐོན་གསལ། རྣམ་རྒྱལ་མཐོ་སློབ་ལ་ཡིག་རྒྱུགས་འཕྲོད་པའི་རྩེ་ཕུད་ཆེས་མཐོའི་འབྲིང་རིམ་སློབ་གྲྭ་ཞེས་འགོ་བརྗོད་དུ་འཁོད་པའི་ནང༌། བྱབྱའདས་པའི་ལོ་གསུམ་གྱི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་འཛིན་གྲྭ་སོ་སོའི་ནང་ཉུང་མཐར་སློབ་ཕྲུག་གྲངས་༣༠ རེ་དང༌། ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་༧༠ ལྷག་གྲུབ་འབྲས་སོན་པའི་རྒྱལ་ཡོངས་ཆེས་མཐོའི་འབྲིང་རིམ་སློབ་གྲྭ་མཚན་གཞུང་ཀ་ཁའི་རིམ་པ་ལྟར་བསྒྲིགས་ཡོད། འོན་ཀྱང་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ནས་འཛིན་གྲྭ་གང་རུང་གཅིག་གི་ཡིག་རྒྱུགས་གྲུབ་འབྲས་ཧ་ཅང་ལེགས་ཀྱང་གཅིག་ཤོས་གཏན་འབེབས་བརྒྱ་ཆ་༧༠ ཚད་གཞི་ལས་དམའ་བ་ཡོད་པའི་ཆེས་མཐོའི་འབྲིང་རིམ་སློབ་གྲྭའི་མཚན་གཞུང་འདིར་བཀོད་མེད།བྱབྱ ཅེས་གསལ་བཤད་བྱས་པའི་གཤམ་དུ་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་ལོ་གསུམ་གྱི་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་སོན་པའི་སློབ་གྲྭའི་མཚན་གཞུང་དང་བརྒྱ་ཆ་བཅས་བཀོད་པ་ཙམ་ལས་ཨང་དང་པོ་དང་གཉིས་པ་གང་ཡང་བྲིས་མེད་མོད། འོན་ཀྱང་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་ལོ་གསུམ་གྱི་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་སོན་པའི་སློབ་གྲྭའི་མཚན་གཞུང་བརྒྱ་ཆའི་གོ་རིམ་སྒྲིག་སྐབས། བལ་ཡུལ་རྣམ་རྒྱལ་མཐོ་སློབ་རྩེ་ཕུད་ཨང་དང་པོ་སོན་ཡོད། གཞི་རིམ་མཐུན་རྐྱེན་ཡར་རྒྱས་ཀྱི་བྱུང་རིམ། སློབ་གྲྭ་འདི་ཐོག་མར་འགོ་འཛུགས་སྐབས་འཛིན་ཁང་དང་ཕྲུ་གུའི་ཉལ་ཁང་སྟེང་ཤོད་ཅན་གྱི་ཁང་ཆེན་༡ དང༌། ལས་ཤག་གཅིག་ཐོག་ཅན་ཁང་མིག་པ་༢ ནང་མི་ཡོད་པའི་ལས་ཤག་༣ བཅས་ལས་མེད། སློབ་གྲྭ་འདི་འཛིན་རིམ་བཅུ་གཉིས་ལ་གནས་སྤར་བྱས་རྗེས་སློབ་ཕྲུག་དང་དགེ་ལས་ཀྱི་གྲངས་འབོར་ཡང་རིམ་འཕར་བྱུང་བར་བརྟེན། རྒྱལ་སྤྱིའི་ཨེས་ཨོ་ཨེས་རོགས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀུ་ཊིན་(Mr. Helmut Kutin)ལ་རེ་སྐུལ་ཞུས་དོན་ལྟར། སློབ་ཕྲུག་གྲངས་༡༠༠ ཙམ་ཤོང་པའི་བུ་རྒན་པའི་ཉལ་ཁང་ཐོག་བརྩེགས་གཉིས་ཅན་ནང་ཆས་དང་བཅས་པ་གསར་རྒྱག་གནང་སྟེ། ཕྱི་ལོ་༡༩༩༧ ཟླ་༣ ཚེས་༢༧ ཉིན་རྒྱལ་སྲས་ལཱག་ཤི་མི་དེ་ཝི་ཤཱ་དང༌། ཚོགས་གཙོ་སྐུ་ཞབས་ཀུ་ཊིན་(Late Princess Sharada Rajaya Laxmi Devi Sha, Mr. Helmut Kutin) བོད་གཞུང་ཤེས་རིག་བཀའ་བློན་ལྕམ་སྐུ་རིན་ཆེན་མཁའ་འགྲོ་ཆོས་རྒྱལ་བཅས་ཀྱིས་དབུ་འབྱེད་ལེགས་པར་བསྐྱངས། ཕྱི་ལོ་༢༠༠༡ ལོ་ཇི་ལྟར་རེ་བསྐུལ་ཞུས་དོན་ལྟར་རྒྱལ་སྤྱིའི་ཨེས་ཨོ་ཨེས་རོགས་ཚོགས་ནས་ལས་ཁུངས་དང༌། ཀམ་པུ་ཊར་སྦྱོང་བརྡར་ཁང༌། ཚོགས་ཁང་སོགས་ཡོད་པའི་ཁང་པ་ཐོག་བརྩེགས་༣ ཅན་འཛིན་ཆས་དང་བཅས་པ་གསར་སྐྲུན་གནང༌། སློབ་ཕྲུག་རྣམས་ཀྱི་ཉལ་ཆས་དགུན་ཁའི་གུང་གསེང་དང་སྟབས་བསྟུན་གྱིས་ལོ་ལྟར་ཉམས་གསོ་བྱས་ཏེ་ལོ་མང་སོང་ཞིང༌། ཕྱི་ལོ་༢༠༠༧ ལོར་ཉལ་ཁེབས་དང་འབོལ་གདན་སྔས་མགོ་བཅས་པ་ཆ་ཚང་སྔར་ལས་རྒྱུ་ཆ་ལེགས་པ་བརྗེ་ལེན་བྱས་པ་དང༌། བུ་དང་བུ་མོའི་ཞལ་ལག་མཆོད་ཁང་ནང་ཅོག་ཙེ་དང་ཞབས་སྟེགས་ཀྱང་ལོ་ངོ་བཅོ་བརྒྱད་ལྷག་ཙམ་གྱི་རིང་བེད་སྤྱད་བྱས་ཏེ་བསྐུལ་ཟད་དུ་སོང་ཡོད་སྟབས། ཅོག་ཙེ་དང་ཞབས་སྟེགས་ཆ་ཚང་རྒྱུ་ཆ་སྤུས་ལེགས་གསར་ཉོ་ཐུབ་པ་བྱུང་ཡོད། སློབ་གྲྭའི་གསོལ་ཐབ་ཁང་ལ་མཐུན་རྐྱེན་དང་གཙང་སྦྲ་དགོས་གལ་ཤིན་ཏུ་ཆེ་བར་བརྟེན། ཕྱི་ལོ་༢༠༠༧ ལོ་སློབ་གྲྭའི་ཐབ་ཚང་ཐབ་ཆས་དང་བཅས་པ་དེང་དུས་དང་མཐུན་པ་གསར་སྐྲུན་བྱས་ཡོད། སློབ་གྲྭའི་ནང་སློབ་ཕྲུག་གི་གྲངས་འབོར་འཕར་བཞིན་པར་བརྟེན་འཐུང་ཆུའི་དཀའ་ངལ་ཡོང་རྒྱུར་ངེས་པས། སློབ་གྲྭའི་གཞུང་ཆུ་སྔར་ཡོད་ཐོག་ས་འོག་གི་ཆུ་སློབ་ཕྲུག་ཚོར་ནམ་དགོས་བེད་སྤྱོད་གཏོང་ཆོག་པ་བཟོས། བལ་ཡུལ་ནང་གློག་ཤུགས་མ་འདང་བའི་དཀའ་ངལ་ཡོད་པའི་རྐྱེན་གྱིས་གློག་ཤི་བའི་གནས་ཚུལ་རྒྱུན་མཐུད་ཡོང་མུས་ལ་བརྟེན། སློབ་ཕྲུག་གི་ཉལ་ཁང་དང་འཛིན་ཁང་ཙམ་ཁྱབ་ཐུབ་པའི་སྐམ་གློག་འཕྲུལ་འཁོར་ཆུང་ཆུང་ཞིག་ད་བར་བེད་སྤྱོད་བྱས་ཡོད་ཀྱང༌། ཕྱི་ལོ་༢༠༠༨ ལོ་སློབ་གྲྭའི་འཛིན་ཁང་དང༌། སློབ་ཕྲུག་གི་ཉལ་ཁང༌། ལས་ཤག་སོགས་ཆ་ཚང་ལ་གློག་ཤུགས་ཁྱབ་ཐུབ་པའི་སྐམ་གློག་གི་མཐུན་རྐྱེན་ལེགས་སྒྲུབ་ཀྱིས་གོང་འཁོད་དཀའ་ངལ་གཙང་སེལ་ཐུབ་པ་བྱུང་ཡོད། སློབ་གྲྭའི་ནང་ལོ་རེར་ཁང་ཚན་ནང་ཁུལ་གྱི་གླུ་གར་འགྲན་བསྡུར། གཞུང་འབྲེལ་དང་སློབ་གྲྭའི་དུས་དྲན་མཛད་སྒོ་སོགས་ཀྱི་འཁྲབ་སྟོན་སྐབས་སུ་འཁྲབ་ཆས་དང༌། རྒྱན་ཆ། རོལ་ཆ་སོགས་གཡར་སྤྱོད་བྱེད་མ་དགོས་པ་ཆ་ཚང་སློབ་གྲྭ་རང་ངོས་ནས་འདང་ངེས་མཁོ་སྒྲུབ་བྱས་ཡོད། འཛིན་གྲྭའི་ནང་སློབ་ཕྲུག་རྣམས་ཀྱི་ཅོག་ཙེ་དང་ཞབས་སྟེགས་ཆ་ཚང་གསར་བཟོ་བརྗེ་ལེན་བྱ་རྒྱུ་འགོ་འཛུགས་བྱས་ཏེ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་ཅོག་ཙེ་དང་ཞབས་སྟེགས་སྤུས་ལེགས་གསར་བཟོ་གྲུབ་སྟེ་དངོས་སུ་བེད་སྤྱོད་བྱེད་བཞིན་པ་དང༌། ལྷག་འཕྲོས་ཀྱང་རིང་མིན་གང་མགྱོགས་འགྲུབ་ཉེར་ཡོད།

དཔེ་མཛོད་དང་ཀམ་པུ་ཊར་སྦྱོང་བརྡར་ཁང༌།

སློབ་གྲྭའི་དཔེ་མཛོད་ཁང་དུ་བོད་ཨིན་བལ་བཅས་སྐད་རིགས་གསུམ་ཐོག་དཔེ་དེབ་ཁྱོན་བསྡོམས་གྲངས་༧༠༠༠ ལྷག་དང༌། སྐད་རིགས་གསུམ་གྱི་ཉིན་རེའི་གསར་ཤོག དུས་དེབ་དང་གཟུགས་མཐོང་བརྙན་འཕྲིན་སོགས་ཀྱི་མཐུན་རྐྱེན་ཆ་ཚང་བསྐྲུན་ཡོད། དམིགས་བསལ་འཛིན་གྲྭ་མཐོ་རིམ་གྱི་སློབ་ཕྲུག་ཚོར་སློབ་ཚན་དང་འབྲེལ་བའི་ཟུར་བལྟའི་དཔེ་དེབ་མི་ཉུང་བ་ཡོད་པ་མ་ཟད། སློབ་ཕྲུག་དང་དགེ་རྒན་ལ་མཁོ་བའི་དཔེ་དེབ་ལོ་ལྟར་གསར་པ་མངགས་ཉོ་གནང་བཞིན་ཡོད། སློབ་ཕྲུག་རྣམས་འཛིན་གྲྭ་རེས་མོས་ཀྱིས་དཔེ་མཛོད་ཁང་དུ་འཁྲིད་དེ་དཔེ་དེབ་ཀློག་པའི་གོ་སྐབས་འདང་ངེས་སྤྲོད་པ་དང༌། དགེ་ལས་སློབ་ཕྲུག་རྣམས་ཀྱིས་དཔེ་མཛོད་ཁང་བེད་སྤྱོད་གཏོང་རྒྱུ་གལ་ཆེ་བའི་འབོད་སྐུལ་ཡང་ཡང་གནང་མུས་ཡིན། སློབ་གྲྭའི་ཀམ་པུ་ཊར་སྦྱོང་བརྡར་སྡེ་ཚན་ནང་ད་ལྟའི་ཆར་གློག་ཀླད་ཐོན་གསར་ཁྱོན་བསྡོམས་གྲངས་༢༡ ཡོད། འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་སློབ་གྲྭ་གཞན་དང་སྤྱི་མཚུངས་ལྟར་ཀམ་པུ་ཊར་སློབ་ཁྲིད་དང་ཆབས་ཅིག་ཡིག་ཚད་ཀྱང་གཏོང་བཞིན་ཡོད། ཆོས་ཕྱོགས་ཀྱི་བྱེད་སྒོ། བདུན་ཕྲག་རེའི་རེས་གཟའ་ལྷག་པ་ནམ་ཡིན་ལ་སློབ་གྲྭའི་ཆོས་དགེ་ནས་སློབ་ཕྲུག་རྣམས་ལ་སྐྱབས་འགྲོ་ལས་འབྲས། ཕྱག་མཆོད་འབུལ་ཚུལ། བསང་གསོལ། རླུང་རྟ། ཆང་རག་དང་ཐ་མག་གི་ཉེས་དམིགས། ཡ་རབས་སྤྱོད་བཟང་སོགས་དང་འབྲེལ་བའི་འཆད་འཁྲིད་འགྲེལ་བཤད་དང༌། རེས་གཟའ་སྤེན་པ་ནམ་ཡིན་ལ་དེའི་སྐོར་དྲི་བ་དྲིས་ལན་གནང་གི་ཡོད། སློབ་ཕྲུག་ནས་གཞུང་ཆེན་ཀློག་རྒྱུའི་གོམས་གཤིས་འཇགས་ཐབས་སོགས་སུ་དམིགས་ཏེ་ལོ་ལྟར་ས་ག་ཟླ་བའི་རིང་འབུམ། ཉི་ཁྲི་དང༌། བརྒྱད་སྟོང་ཚར་རེ་དག་སྒྲོག་ཞུ་བཞིན་པ་མ་ཟད། སྟོན་པའི་དུས་ཆེན་རྣམ་བཞི་ལ་ཆོས་དགེ་ནས་དུས་ཆེན་ངོ་སྤྲོད་དང་འབྲེལ་དགེ་ལས་སློབ་ཕྲུག་ཡོངས་ནས་བླ་མ་མཆོད་པའི་སྒོ་ནས་གསོལ་ཚོགས་འབུལ་བཞིན་ཡོད། ལོ་གཅིག་ནང་ཆོས་ལུགས་རིས་མེད་ཀྱི་མཁན་པོ་བླ་སྤྲུལ་དགེ་བཤེས་ཚད་ལྡན་གང་མང་གདན་ཞུས་ཀྱིས་དགེ་སློབ་ཡོངས་ལ་བླང་དོར་བཀའ་སློབ་ཞུ་རྒྱུ་དང༌། དེ་བཞིན་སློབ་ཕྲུག་རྣམས་བལ་ཡུལ་ནང་པའི་གནས་ཁྱད་པར་ཅན་དཔེར་ན། སྟག་མོ་ལུས་སྦྱིན། གླང་རི་ལུང་བསྟན། ཡང་ལེ་ཤོད་སོགས་དང༌། རིས་མེད་དགོན་སྡེ་ཚད་ལྡན་ཁག་ལ་གནས་མཇལ་དང་འབྲེལ་གནས་བཤད་བཅས་གོ་སྒྲིག་གནང་བཞིན་ཡོད། སློབ་ཕྲུག་རྣམས་ཀྱིས་ཉིན་ལྟར་སྔ་དགོང་ཞལ་འདོན་ཆག་མེད་འདོན་བཞིན་པའི་ཐོག བོད་གཞུང་ཆོས་རིག་ལས་ཁུངས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་སོགས་ཀྱི་བཀའ་རྒྱ་ནམ་ཕེབས་ཆད་མེད་གསོག་སྒྲུབ་ཞུས་ཏེ་དུས་ཐོག་ཏུ་སྒྲུབ་ཐོ་འབུལ་མུས་ཡིན། ཟློས་གར་དང་འབྲེལ་བའི་རིག་གཞུང་འཁྲབ་སྟོན། བོད་གཞུང་ཤེས་རིག་ལས་ཁུངས་ནས་གཏན་འབེབས་གནང་བའི་ཟློས་དགེའི་ལམ་སྟོན་དཔེ་དེབ་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་སློབ་ཁྲིད་གནང་བཞིན་པའི་ཐོག སློབ་ཕྲུག་རྣམས་ཀྱིས་བོད་གཞས་ལ་དོ་སྣང་དང་དབྱིངས་ཞུགས་ཐབས་སུ་སྒྲ་སྡུད་འཁོར་ལོ་དང་གཟུགས་མཐོང་བརྙན་བེད་སྤྱོད་གཏོང་བ། གཞན་ཡང་རྒྱུན་ལྡན་མཉམ་གཞས་དང༌། འཁྲབ་གཞས། རོལ་ཆ་སོགས་ཀྱི་སྦྱོང་བརྡར་སྤྲོད་བཞིན་ཡོད། ལོ་རེའི་ནང་ཁང་ཚན་ནང་ཁུལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རོལ་ཆ་འགྲན་བསྡུར་དང༌། གཏམ་བརྗོད་འགྲན་བསྡུར། རྐང་བྲོ་གླུ་གཞས་འགྲན་བསྡུར་གོ་སྒྲིག་གནང་བ་དང༌། དེ་བཞིན་ལོ་འཁོར་རེར་སློབ་ཚན་གཞན་དང་སྤྱི་མཚུངས་འབྲི་རྒྱུགས་དང༌། ངག་རྒྱུགས། འཁྲབ་གཞས། རོལ་ཆ། མཉམ་གཞས་སོགས་ཤེས་ཡོན་དང་རིག་རྩལ་བཅས་ཀྱི་ལམ་ནས་ཡིག་ཚད་ཀྱང་གཏོང་གི་ཡོད།

ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་གནས་ཚུལ་རགས་བསྡུས།

༡། རིགས་ལམ་སློབ་སྤེལ། བོད་གཞུང་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་གི་འབྲེལ་ཡོད་སློབ་དགེ་རྣམས་ལ་རིགས་ལམ་ཟབ་སྦྱོང་གནང་བ་དང་སྦྲགས་བཀའ་ཁྱབ་གནང་དོན་ལྟར། ཕྱི་ལོ་༢༠༠༤ ཟླ་༣ ཚེས་ ༡༠ ནས་བཟུང་འཛིན་རིམ་དྲུག་པ་དང༌། བདུན་པ། བརྒྱད་པ་བཅས་ཀྱི་འཛིན་གྲྭའི་ནང་རིགས་ལམ་སློབ་ཁྲིད་དང་འབྲེལ་ཕྱི་དྲོ་ཆུ་ཚོད་ཕྱེད་རིང་འཛིན་གྲྭ་རེས་མོས་ཀྱིས་ཐོག་མར་ཐལ་མོ་བརྡབ་སྟངས་དང༌། ལུས་ངག་གི་རྣམ་འགྱུར་སྟོན་སྟངས་ནས་འགོ་བཙུགས་ཏེ་རྟགས་གསལ་གཏོང་སྟངས་སློབ་སྟོན་གནང་སྟེ། སློབ་གྲྭའི་གུང་གསེང་དང་སྟབས་བསྟུན་གྱིས་ཉེ་འཁོར་དགོན་སྡེ་ཆེ་ཁག་ཏུ་བསྐྱོད་དེ་གྲྭ་བཙུན་རྣམས་ཀྱི་ལྷན་དུ་སློབ་ཕྲུག་རང་རང་གི་འདོད་བློ་ལྟར་བརྗོད་གཞི་འདྲ་མིན་ཐོག་རྩོད་པའི་བགྲོ་གླེང་བྱས་ཏེ་ཕན་ཐོགས་རྒྱ་ཆེ་བྱུང་ཡོད། ལོ་རེར་དགོན་སྡེ་ཁག་ནས་གཟུར་དཔང་གདན་ཞུས་ཀྱིས་སློབ་ཕྲུག་ནང་ཁུལ་རིགས་ལམ་བགྲོ་གླེང་འགྲན་བསྡུར་གོ་སྒྲིག་གནང་དང་གནང་མུས་ཡིན་པ་དང༌། ཕྱི་ལོ་༢༠༠༨ ལོ་ནས་བཟུང་འཛིན་རིམ་དགུ་པ་དང་བཅུ་པ་གཉིས་ལ་ཡང་རིགས་ལམ་གསར་འཛུགས་གནང་ཡོད། སློབ་ཕྲུག་རྣམས་ཀྱི་འབྲི་རྒྱུགས་དང༌། ངག་རྒྱུགས། རྩོད་རྒྱུགས་བཅས་གསུམ་གྱི་ལམ་ནས་ལོ་ཕྱེད་དང་ལོ་འཁོར་ཡིག་རྒྱུགས་གཏོང་གི་ཡོད་པ་དང༌། རིགས་ལམ་སློབ་ཁྲིད་འགོ་བཙུགས་པ་ནས་བཟུང་སློབ་ཕྲུག་ཚོས་ནང་ཆོས་ཐོག་གོ་རྟོགས་གཏིང་ཟབ་ཕྱིན་ཡོད་པ་མ་ཟད། སེམས་ལ་དྲན་རྒྱུ་རྒོད་པོ་དང༌། ངག་ལྕེ་བདེ་པོ། ཡིད་སྤོབས་ལྡན་པ། དེ་སྔ་མི་གཞན་གྱིས་སྐད་ཆར་ཉན་རྐྱང་མ་ཡིན་པར། བརྟག་ཞིབ་དང་བསམ་གཞིགས། དོགས་འདྲི་བྱ་རྒྱུ་སོགས་ཀྱི་གོམས་གཤིས་བཟང་པོ་འཇགས་པ་མངོན་སུམ་དུ་མཐོང་ཐུབ། ༢། ལུས་སྦྱོང༌། བོད་གཞུང་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༨ ནས་༢༥ བར་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་དང་མཐུན་པའི་བོད་ཀྱི་སྲོལ་རྒྱུན་རྣལ་འབྱོར་གྱི་ལུས་སྦྱོང་ཡོ་གའི་སྐོར་ཟབ་སྦྱོང་གོ་སྒྲིག་གནང་བར་སློབ་གྲྭ་འདིའི་འབྲེལ་ཡོད་སློབ་དགེ་ངོ་བཅར་ཞུས་ཏེ་ཟབ་སྦྱོང་ནས་ཕྱིར་འབྱོར་འཕྲལ། ཕྱི་ལོ་༢༠༠༨ཟླ་༤ ཚོས་༡ ནས་བཟུང་བདུན་རེའི་རེས་གཟའ་སྤེན་པ་ཕུད་དེ་མིན་ཉིན་ལྟར་སྔ་དྲོ་དབུགས་སྦྱོང་(Pranayam)ནང་ནས་གཙོ་བོ་བདུད་རྩི་འབེབས་སྦྱོང༌།(Bhastrika pranayam) དབུགས་ལེན་གཟི་འབར།( kapal-Bhati) ཕྱིའི་རླུང་སྦྱོང་(Bahya Pranayam) གཏོང་ལེན་རླུང་སྦྱོང་(Anulom-vilom) བུང་བའི་སྙན་འཇོ།(Bhramri Pranayam) ཨོྃ་ཡིག་བྱིན་འབེབས་(Omkar)བཅས་སློབ་ཕྲུག་ཡོངས་ལ་ལུས་སྦྱོང་གི་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་དང༌། དེ་བཞིན་སློབ་གྲྭ་གུང་གསེང་དང་འཛིན་གྲྭ་གྲོལ་མཚམས་བཅས་སུ་ཁང་ཚན་ནང་ཁུལ་རྩེད་རིགས་འགྲན་བསྡུར་དང༌། མཆོང་རྒྱུག་འཕེན་གསུམ་གྱི་སློབ་གྲྭའི་ལོ་འཁོར་རྩེད་འགྲན་བཅས་གོ་སྒྲིག་ལག་བསྟར་གནང་མུས་ཡིན། ༣། སློབ་གྲྭའི་སློབ་ཡོན་དང་རྒྱུན་གྲོན། རྣམ་རྒྱལ་མཐོ་རིམ་སློབ་འབྲིང་འདིར་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་གི་ཕ་མ་ཉམ་ཐག་ཡིན་ཕྱིན་འདི་ནས་རིགས་རུས་དབྱེ་འབྱེད་མེད་པར་འབྲེལ་ཡོད་ཚོགས་སྐྱིད་སོགས་ནས་རྒྱབ་གཉེར་ཕྱག་བྲིས་ཚད་ལྡན་ཡོད་རིགས་ལ་སློབ་སྦྱོང་མཇུག་འཁྱོལ་མ་ཐུབ་ཀྱི་བར་སློབ་ཡོན་སྦྱིན་བདག་ཐབས་འཚོལ་གནང་དང་གནང་བ་དང༌། ཕྲུ་གུའི་སློབ་ཡོན་ཕ་མ་རང་ཉིད་ནས་གནང་མཁན་ཉུང་ཤས་ལས་མེད། སློབ་གྲྭ་འདི་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སློབ་གྲྭ་ཞིག་ཡིན་པར་བརྟེན་སློབ་ཕྲུག་རྣམས་ལ་ཟས་གོས་གནས་མལ་དོད་སྣེ་སེལ་ཙམ་མ་གཏོགས་བསྡུ་ལེན་གནང་གི་མེད་ཅིང༌། སློབ་གྲྭའི་རྒྱུན་གྲོན་ཆ་ཚང་སློབ་གྲྭའི་ངེས་སྟོན་པས་ཐབས་འཚོལ་གནང་དགོས་པའི་འགན་འཁྲི་ཡོད་པ་བཞིན་ཐབས་ཤེས་འབད་བརྩོན་གནང་སྟེ། ད་བར་ྋསྤྱི་ནོར་ྋགོང་ས་མཆོག་གི་བླ་ན་མེད་པའི་ཐུགས་རྗེ་བཀའ་དྲིན་གྱིས་སློབ་གྲྭའི་ནང་དཔལ་འབྱོར་གྱི་དཀའ་ངལ་མེད་པར་སློབ་ཕྲུག་ཚོར་མཐུན་རྐྱེན་གང་ལེགས་སྤྲོད་ཐུབ་པ་བྱུང་ཡོད། ༤། གཙུག་ལག་སློབ་གྲྭའི་སློབ་ཡོན། རང་གཞུང་ཤེས་ལས་ཁུངས་སུ་འཛིན་གྲྭ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཚོར་སློབ་ཡོན་རོགས་རམ་སྐྱབས་འཇུག་ཡོང་བའི་འབོད་སྐུལ་ཞུས་དོན་བཞིན། ཕྱི་ལོ་༡༩༩༧ ནས་བཟུང་ལོ་ལྟར་སློབ་ཕྲུག་གྲངས་༡༠ ལ་མཐོ་རིམ་གཙུག་ལག་སློབ་གྲྭར་བསྐྱོད་རྒྱུའི་སློབ་ཡོན་དང༌། སློབ་ཕྲུག་གྲངས་༥ ལ་ལས་རིགས་སྦྱོང་བརྡར་ནང་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་གནང་རྒྱུ་ཞལ་བཞེས་བཟང་པོ་ཐོབ་དོན་བཞིན་ད་བར་སློབ་ཡོན་གནང་དང་གནང་མུས་ཡིན། སློབ་གྲྭ་འདིས་རེ་སྐུལ་ཞུས་དོན་ལྟར་ཨ་རི་དང་ཧི་མ་ལ་ཡ་བའི་ཐེབས་རྩ་ཚོགས་པ་(American Himalayan Foundation) ནས་ལོ་ལྟར་སློབ་ཕྲུག་གྲངས་༥ ལ་མཐོ་རིམ་གཙུག་ལག་སློབ་གྲྭར་བསྐྱོད་རྒྱུའི་སློབ་ཡོན་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་དོན་ལྟར་ཕྱི་ལོ་༢༠༠༠ ནས་བཟུང་ད་བར་མུ་མཐུད་དུ་སློབ་ཡོན་རོགས་རམ་གནང་བཞིན་ཡོད། མདོར་ན་འཛིན་གྲྭ་བཅུ་གཉིས་ཐོན་པའི་སློབ་ཕྲུག་མུ་མཐུད་དུ་སློབ་སྦྱོང་བྱ་འདོད་མེད་པ་རེ་ཟུང་ཕུད་དེ་མིན་སློབ་ཕྲུག་ཆ་ཚང་ལ་ད་བར་སློབ་ཡོན་ཕུལ་ཐུབ་པ་བྱུང་ཡོད། ༥། སློབ་གྲྭ་ཕན་ཚུན་དབར་གྱི་འབྲེལ་ལམ། བལ་ཡུལ་ས་མཚམས་ཁུལ་གྱི་མ་ནང་(Manang)སློབ་གྲྭས་གཙོས་པའི་སློབ་གྲྭ་ཁག་ཅིག་གི་རོགས་སྐྱོར་ཚོགས་པ་(Nepal Initiative Schongua-Gernany)ནས་ཕྱི་ལོ་༢༠༠༦ ལོར་སློབ་གྲྭའི་ངེས་སྟོན་པ་སྐུ་ཞབས་དབང་འདུས་ཕུན་ཚོགས་མཆོག་ལ་འཇར་མན་(Germany)དུ་མགྲོན་འབོད་གནང་དོན་ལྟར་ངོ་བཅར་གནང་སྟེ། སྐྱབས་བཅོལ་བོད་མིའི་སློབ་གྲྭའི་གནས་སྟངས་སྤྱི་དང༌། ཉམ་ཐག རྒན་འཁོགས་སོགས་ཀྱི་དཀའ་ངལ་གནས་ཚུལ་འགྲེལ་བརྗོད་ཞིབ་ཕྲ་ཞུ་རྒྱུའི་གོ་སྐབས་བཟང་པོ་བྱུང་ཡོད་པ་མ་ཟད། ཞོར་འཕྲོས་སུ་སློབ་གྲྭ་འདིའི་གནས་སྟངས་དང་འཛིན་རིམ་བཅུ་གཉིས་ཐོན་རྗེས་མཐོ་རིམ་གཙུག་ལག་སློབ་གྲྭའི་སློབ་ཡོན་དཀའ་ངལ་སྐོར་བཀའ་བསྡུར་ལྷུག་པོ་བྱུང་བར་དགོངས་བཞེས་གནང་སྟེ། སློབ་ཕྲུག་གྲངས་༡༠ ལ་ལག་ཤེས་སློབ་སྦྱོང་ཆེད་སློབ་ཡོན་ལོ་ལྟར་གནང་རྒྱུའི་ཞལ་བཞེས་གནང་སྟེ། ད་བར་མུ་མཐུད་གནང་མུས་ཡིན། ཡང་སློབ་གྲྭ་ཕན་ཚུན་དབར་མི་རིགས་སོ་སོའི་སྐད་ཡིག་དང༌། རིག་གཞུང༌། གོམས་གཤིས་སོགས་ཀྱི་ཤེས་ཡོན་དང་ཉམས་མྱོང་བརྗེ་རེས་ཆེད་སློབ་ཕྲུག་དང་དགེ་རྒན་ཕན་ཚུན་ཕར་འགྲོ་ཚུར་འོང་གནང་རྒྱུའི་འཆར་གཞི་གཏན་འཁེལ་གནང་དོན་བཞིན། དེ་འཕྲལ་འཇར་མན་(Germany)སློབ་གྲྭ་དེའི་སློབ་ཕྲུག་༢ སློབ་གྲྭ་འདིར་བཏང་འབྱོར་བྱུང་སྟེ། ཟླ་བ་གཉིས་རིང་གཙོ་བོ་སློབ་གྲྭའི་ནང་སློབ་ཕྲུག་སྤྱི་བྱིངས་ལྟར་སྔ་དྲོ་མལ་ས་ནས་བཞེངས་པ་ནས་ཕྱི་དྲོ་མ་གཟིམ་བར་གྱི་སློབ་གྲྭའི་སྒྲིག་འཛུགས་ནང་སྡོད་རྒྱུའི་གོམས་གཤིས་འཇགས་ཐབས་འབད་བརྩོན་གནང་བ་མ་ཟད། དམིགས་བསལ་བོད་ཀྱི་སྐད་ཡིག་དང༌། གོམས་གཤིས། བོད་དོན་དང་འབྲེལ་བའི་སྐོར། དེ་བཞིན་བོད་ཀྱི་རོལ་ཆ་སྦྱོང་བརྡར་སོགས་ཀྱི་ཉམས་མྱོང་བསགས་ཏེ་ཕྱིར་ལོག་ཞིང༌། འདི་ནས་ཀྱང་སྐབས་དེར་སློབ་ཕྲུག་གཅིག་གོང་གསལ་(German) སློབ་གྲྭ་དེར་བཏང་བས་ཕན་ཚུན་གཉིས་ཀར་ཕན་ཐོགས་གྲུབ་འབྲས་གང་ལེགས་བྱུང་བའི་ཚོར་སྣང་བྱུང་ཡོད་པར་བརྟེན། ཕྱི་ལོ་༢༠༠༨ ཟླ་༥ པའི་ཟླ་མཇུག་ཏུ་སླར་ཡང་སློབ་གྲྭའི་དགེ་རྒན་ཞིག་དང་སློབ་ཕྲུག་གཅིག་བཅས་འཇར་མན་(German)གྱི་གོང་གསལ་སློབ་གྲྭ་དེར་བསྐྱོད་ཐུབ་བྱུང་ཡོད་པ་མ་ཟད། མ་འོངས་པར་ཡང་མུ་མཐུད་དུ་ལས་འཆར་སྤེལ་རྒྱུ་ཡིན། ༦། ཤེས་ཡོན་ལྟ་སྐོར། འཛིན་རིམ་བཅུ་གཉིས་པའི་སློབ་ཕྲུག་རྣམས་འདས་པའི་ལོ་ཤས་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཨག་ར་གྲོང་ཁྱེར་ནང་གནའ་བོའི་ལོ་རྒྱུས་ལྡན་པའི་སྙན་གྲགས་ཅན་གྱི་ས་ཁུལ་ཁག་ཅིག་དང༌། བཙན་བྱོལ་བོད་གཞུང་གི་བསྟི་གནས་བཞུགས་སྒར་རྡ་ས། རྡོར་གླིང་སོགས་སུ་ཤེས་ཡོན་ལྟ་སྐོར་དུ་བསྐྱོད་ཡོད་ཅིང༌། སློབ་ཕྲུག་རྣམས་ཤེས་ཡོན་ལྟ་སྐོར་དུ་བསྐྱོད་རྒྱུར་དགའ་ མོས་ཆེ་བ་མ་ཟད། ཕན་ཐོགས་ཀྱང་ཆེན་པོ་བྱུང་ཡོད་པས་མ་འོངས་པར་ཡང་མུ་མཐུད་འཁྲིད་རྒྱུའི་འཆར་གཞི་སྒྲིག་བཞིན་ཡོད། ༧། རྣམ་རྒྱལ་སློབ་ཕྲུག་ཚོགས་པ།(Namgyal students council) རྣམ་རྒྱལ་སློབ་ཕྲུག་ཚོགས་པའི་ནང་རྒྱུན་ལས་འཐུས་མི་གྲངས་༣༧ ཡོད་པ་དང༌། སློབ་གྲྭའི་ངེས་སྟོན་པ་ནི་ཚོགས་པ་དེའི་སློབ་སྟོན་པ་ཡིན། ཚོགས་པ་འདིའི་འཐུས་མི་རྣམས་འཛིན་རིམ་བཅུ་གཉིས་པའི་སློབ་ཕྲུག་ནང་ནས་འོས་འདེམས་བྱེད་སྲོལ་ཡོད། ཚོགས་པ་དེས་སློབ་ཕྲུག་དང༌། དགེ་རྒན། འཛིན་སྐྱོང་བཅས་ཀྱི་དབར་འབྲེལ་མཐུད་ཀྱི་ལས་དོན་བསྒྲུབ་རྒྱུ་དང༌། ཚོགས་པ་དེར་ནང་གསེས་ཤེས་རིག་སྡེ་ཚན་དང༌། ཆོས་སྲིད་སྡེ་ཚན། རྩེད་རིགས་སྡེ་ཚན་བཅས་སྡེ་ཚན་གསུམ་དུ་བགོས་ཡོད། སྡེ་ཚན་དེ་དག་ནས་ལོ་རེར་འཛིན་གྲྭ་ནང་ཁུལ་ཤེས་ཡོན་དང༌། རྩེད་སྣ། རི་མོ་སོགས་ཀྱི་འགྲན་བསྡུར་སྣ་ཚོགས་གོ་སྒྲིག་བྱེད་བཞིན་ཡོད་པ་མ་ཟད། བོད་དོན་ཐོག་དམིགས་བསལ་དོ་སྣང་དང་ཤེས་འདོད་ཡོད་པའི་སློབ་ཕྲུག་ལྔ་བཅུ་སྐོར་ལ་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་ཟབ་སྦྱོང་གང་མང་གོ་སྒྲིག་བྱས་ཡོད། དེ་བཞིན་སློབ་གྲྭའི་ནང་དུས་ཆེན་དང་མཛད་སྒོ་སོགས་ཀྱི་གྲ་སྒྲིག་གི་ལས་དོན་ལའང་འགན་འཁུར་ཆ་ཚང་བྱེད་ཀྱི་ཡོད། ༨། རྣམ་རྒྱལ་ཁོར་ཡུག་ཚོགས་པ།(Namgyal Green Club) རྣམ་རྒྱལ་ཁོར་ཡུག་ཚོགས་པའི་ནང་རྒྱུན་ལས་འཐུས་མི་གྲངས་༡༢ དང༌། ཚོགས་མི་གྲངས་༢༠༥ སློབ་སྟོན་པ་དགེ་ལས་༢ བཅས་ཡོད། ཚོགས་པ་འདིས་རྒྱུན་ལྡན་སློབ་གྲྭའི་འཛིན་ཁང་གཙང་མ་ཉར་རྒྱུ་དང་འཛིན་ཆས་བདག་ཉར། སློབ་གྲྭའི་ཕྱི་ནང་གཙང་སྦྲ། མེ་ཏོག་དང་ཤིང་སྣ་འདེབས་འཛུགས། ཚལ་ཞིང་འདེབས་ལས་སོགས་གནང་མུས་ཡིན་པ་མ་ཟད། བལ་ཡུལ་བཆོད་རྟེན་བྱ་རུང་ཁ་ཤོར་དང༌། འཕགས་ཤིང་མཆོད་རྟེན། སློབ་གྲྭའི་ཉེ་འགྲམ་གྱི་ཧིན་དུའི་ལྷ་ཁང༌། མཆོད་རྟེན་ཚེ་རིང་རྒན་གསོ་ཁང༌། སྣེ་ལེན་ཁང༌། ས་གནས་དབང་པོ་སྐྱོན་ཅན་གྱི་སྡོད་གནས་སོགས་སུ་ལོ་ལྟར་སྤྱི་ཚོགས་ནང་གཙང་སྦྲ་འཕྲོད་བསྟེན་ཐད་མ་བསྐུལ་དང་བླངས་ཀྱི་ཞབས་ཞུ་སྒྲུབ་བཞིན་ཡོད་པ་དང༌། གཞན་ཡང་སློབ་གྲྭའི་ནང་གུང་གསེང་དང་སྟབས་བསྟུན་གྱིས་འཛིན་གྲྭའམ་ཁང་ཚན་ནང་ཁུལ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སོགས་ཀྱི་གོ་སྒྲིག་གནང་སྟེ་བྱ་དགའ་གསོལ་རས་ཀྱང་འབུལ་མུས་ཡིན། ༩། ཉམ་ཐག་རོགས་སྐྱོར། རང་ཅག་སྐྱབས་བཅོལ་བོད་མི་རྣམས་གནས་ཡུལ་བལ་ཡུལ་གཞུང་མང་གི་བཀའ་དྲིན་ཆ་ཤས་གསབ་ཐབས་དང༌། མི་རིགས་ཕན་ཚུན་དབར་མཐུན་འབྲེལ་དམ་ཟབ་ཡོང་སླད་སློབ་གྲྭའི་ཉེ་འཁོར་གྲོང་གསེབ་ཀྱི་ཡུལ་མི་རྣམས་ལ་རོགས་ཕན་གང་ཐུབ་ཞུ་བཞིན་ཡོད། དེ་ཡང་ས་གནས་གཞོན་སྐྱེས་ཚོགས་པ་(club)ཞིག་ཡོད་པར་ཁོང་ཚོའི་ལས་ཁུངས་ཆེད་ཅོག་ཙེ་དང་ཞབས་སྟེགས་འགའ་ཤས་ཞལ་འདེབས་ཕུལ་བ་མ་ཟད། ལོ་ལྟར་རྩེད་ཆས་ཀྱི་མཐུན་རྐྱེན་སོགས་རོགས་རམ་ཞུ་མུས་ཡིན། སློབ་གྲྭའི་ཉེ་འཁོར་གྲོང་གསེབ་ཀྱི་ཡུལ་མི་ཉམ་ཐག་དང༌། རྒན་འཁོགས། དབང་པོ་སྐྱོན་ཅན་ཁག་ཅིག་བཅས་ལ་བཟའ་བཅའི་རིགས་སྦྱིན་པ་དང༌། དེ་བཞིན་ཁྱིམ་ཚང་ནང་བུ་ཕྲུག་མང་བའི་དཀའ་ངལ་ཡོད་རིགས་ལ་གྱོན་ཆས་ཆ་ཚང་རེ་བཅས་ད་བར་ལོ་གཉིས་བསྟུད་མར་རོགས་རམ་ཞུས་ཡོད། ལྷག་པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༠ ཕེབས་པའི་ལོ་འཁོར་གཅིག་རིང་དམིགས་བསལ་མཆོད་སྦྱིན་རྒྱ་མི་ཆུང་བ་བཏང་བ་ལས། སློབ་གྲྭའི་ཉེ་འགྲམ་དུ་ཡུལ་མི་ལྟ་རྟོག་རོགས་རམ་བྱེད་མཁན་གཅིག་ཀྱང་མེད་པའི་ཨ་མ་རྒན་མོ་ཞིག་ཡོད་པར་སྡོད་ཁང་གསར་རྒྱག་དང༌། གདན་དང་མལ་ཆས། ཉིན་རེའི་ཁ་ཟས་བཅས་མ་འཆི་བར་རོགས་རམ་བྱ་རྒྱུའི་ཁས་ལེན་བརྟན་པོ་ཞུས་ཡོད་པ་ལྟར་མུ་མཐུད་རོགས་སྐྱོར་དང་གཟིགས་སྐྱོང་གནང་བཞིན་ཡོད། དེ་མཚུངས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༣ དང་༧༤ བཞེས་པའི་སྐུའི་འཁྲུངས་སྐར་དུས་དྲན་གྱི་ཉིན་མོར། མགོན་པོ་གང་ཉིད་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་སོགས་སྒོ་དུ་མར་དམིགས་ཏེ་སློབ་གྲྭའི་ཉེ་འགྲམ་གོ་ཀར་ཎའི་གྲོང་གསེབ་ཏུ་ཡུལ་མིའི་དབང་པོ་སྐྱོན་ཅན་གྱི་སློབ་ཕྲུག་༡༠༠ སྐོར་ཞིག་ཡོད་པར་འབྲས་དང་ལྡ་ལི། སྣུམ་སོགས་ཟླ་གཅིག་རིང་འདང་བའི་བཟའ་བཅའི་རིགས་སྦྱིན་པ་དང༌། ཉིན་གུང་ཤ་མེད་ཞལ་ལག་རྒྱས་པ་བཅས་ད་བར་ལོ་གཉིས་བསྟུད་མར་ཕུལ་བར་ཤིན་ཏུ་དགའ་ཚོར་ཆེན་པོ་བྱུང་ཡོད། ཡང་ན་ཡ་པ་ཏི་(Nayapati)གྲོང་གསེབ་ཏུ་ས་གནས་བུད་མེད་ལས་མེད་རིགས་ལ་ལག་ཤེས་སློབ་སྦྱོང་སྤྲོད་ཡུལ་གྱི་འཚེམ་ཁང་ཞིག་ཡོད་པ་དེའི་དགེ་རྒན་ལ་གླ་ཕོགས་འབུལ་མ་ཐུབ་པའི་རྐྱེན་གྱིས་ལོ་ཤས་སྔོན་ཙམ་དུ་འཚེམ་ཁང་སྒོ་རྒྱག་དགོས་བྱུང་འདུག་པར། སློབ་གྲྭ་འདིས་གནས་ཚུལ་ཤེས་རྟོགས་བྱུང་འཕྲལ། ལོ་གཅིག་གི་དགེ་རྒན་གྱི་གླ་ཕོགས་སློབ་གྲྭ་ནས་རོགས་རམ་ཞུ་རྒྱུའི་ཁས་ལེན་བྱས་འཕྲལ་འཚེམ་ཁང་སླར་ཡང་སྒོ་ཕྱེ་ཐུབ་བྱུང་སྟེ་གྲོང་གསེབ་དེའི་བུད་མེད་༣༠ ཙམ་ལ་འཚེམ་བཟོ་སློབ་སྦྱོང་མུ་མཐུད་སྤྲོད་ཐུབ་པ་བྱུང་ཡོད།

སློབ་མའི་ཤེས་ཡོན་སྤྱི་དང༌། དམིགས་བསལ་བོད་ཀྱི་སྐད་ཡིག་རིག་གཞུང་བཅས་ཡར་རྒྱས་ལས་རིམ་སྐོར།

༡༽ འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་འཛིན་གྲྭ་སོ་སོའི་ནང་ལོ་ཕྱེད་དང་ལོ་འཁོར་ཡིག་རྒྱུགས་སློབ་ཕྲུག་རྩེ་ཕུད་གསུམ་ལ་མཇལ་དར་ཨ་ཤེ་དང་བྱ་དགའ་གསོལ་རས་ལོ་ལྟར་འབུལ་བཞིན་ཡོད། ༢༽ གཞི་རིམ་བར་མའི་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་སྡེ་ཚན་གསུམ་དུ་བགོས་ཏེ། ལོ་ཕྱེད་དང་ལོ་འཁོར་ཡིག་རྒྱུགས་སོ་སོའི་སྐབས་སུ་སྡེ་ཚན་རེའི་ནང་བརྒྱ་ཆ་མཐོ་ཤོས་ལོན་མཁན་གསུམ་རེར་དམིགས་བསལ་མཇལ་དར་ཨ་ཤེ་དང་དངུལ་རྐྱང་སྒོར་༥༠༠ རེ་འབུལ་བཞིན་ཡོད། ༣༽ བོད་གཞུང་ཤེས་རིག་ལས་ཁུང་ནས་ལོ་ལྟར་བུ་དང་བུ་མོ་རྩེ་ཕུད་རེ་ལ་བྱ་དགའ་གསོལ་རས་གནང་བ་ཕུད། དེ་འཕྲོས་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་ལས་སློབ་ཕྲུག་ཕུལ་བྱུང་རེར་སློབ་གྲྭ་ནས་དམིགས་བསལ་མཇལ་དར་ཨ་ཤེ་དང་གཟེངས་རྟགས། དངུལ་རྐྱང་སྒོར་༥༠༠ ཕྱག་འཁྱེར་བཅས་འབུལ་མུས་ཡིན། ༤༽ འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱལ་ཡོངས་བོད་ཡིག་ཡིག་རྒྱུགས་སོ་སོའི་ནང་བརྒྱ་ཆ་མཐོ་ཤོས་ལོན་མཁན་སློབ་ཕྲུག་རེ་ལ་དམིགས་བསལ་མཇལ་དར་ཨ་ཤེ་དང་དངུལ་རྐྱང་སྒོར་༥༠༠ རེ་འབུལ་མུས་ཡིན། ༥༽ སློབ་གྲྭའི་སྔ་དྲོའི་འདུ་འཛོམས་ཀྱི་སྐབས་སུ་རེས་གཟའ་ཉི་མ་ནམ་ཡིན་ལ་སློབ་དགེ་རེས་མོས་ཀྱིས་བརྗོད་གཞི་རང་མོས་ཐོག་སྤྱིར་བཏང་ཤེས་བྱ་སོགས་དང་འབྲེལ་བའི་སྐོར་གྱི་གསུང་བཤད་དང༌། དེ་མིན་རེས་གཟའ་ཟླ་བ་ནས་རེས་གཟའ་པ་སངས་བར་ཉིན་ལྟར་སློབ་ཕྲུག་གསུམ་ལས་གཅིག་གིས་ཨིན་སྐད་དང་བལ་སྐད་གང་རུང་ཞིག་གི་ཐོག་གསུང་བཤད་གནང་རྒྱུ་དང༌། དེ་འཕྲོས་སློབ་ཕྲུག་གཉིས་ཀྱིས་བོད་སྐད་ཐོག་གསུང་བཤད་གནང་རྒྱུའི་གོ་སྐབས་ཕུལ་ཡོད། བོད་སྐད་ཐོག་དམིགས་བསལ་ྋགོང་ས་མཆོག་གི་བཀའ་སློབ་དང༌། བོད་དོན་སྐོར། ཆོས་དང་རིག་གཞུང༌། གོམས་གཤིས་སོགས་དང་འབྲེལ་བའི་སྐོར་གསུང་བཤད་གནང་གི་ཡོད། ༦༽ འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་ཚོས་བོད་ཡིག་སློབ་དེབ་སློབ་ཕྲུག་རང་ངོས་ནས་ཉོ་མ་དགོས་པར་སློབ་གྲྭ་བལ་ཡུལ་མཆོད་རྟེན་དུ་ཡོད་པའི་རང་གཞུང་ཤེས་རིག་དེབ་ཁང་ནས་བླུ་ཡོན་ཞུས་ཏེ་སློབ་ཕྲུག་ཚོར་ལོ་ལྟར་སྔ་གཡར་གནང་མུས་ཡིན། ༧༽ འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་ཕྲུག་རྣམས་ལ་ཨིན་བོད་ཤན་སྦྱར་ཚིག་མཛོད་དང༌། འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་ལ་དག་ཡིག་གསར་བསྒྲིགས་སློབ་གྲྭ་རང་གཞུང་ནས་རིན་མེད་ལོ་ལྟར་སྔ་གཡར་གནང་མུས་ཡིན། ༨༽ སློབ་གྲྭ་རང་ངོས་ནས་བརྡ་སྤྲོད་པའི་རྩ་བ་ཕྱོགས་བསྡེབས་དེབ་ཆུང་ཞིག་དཔར་བསྐྲུན་གྱིས་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་ལ་འགྲེམས་སྤེལ་གནང་སྟེ། ཉིན་ལྟར་ཕྱི་དྲོའི་ཞལ་འདོན་མཇུག་ཏུ་འདོན་བཞིན་ཡོད། ༩༽ མ་འོངས་པར་སློབ་ཕྲུག་རྣམས་སློབ་གྲྭ་ཐོན་ཏེ་སྤྱི་ཚོགས་ནང་ཕེབས་སྐབས་སུ་རྒྱུན་ལྡན་རང་གཞན་བསོད་ནམས་གསོག་ཆེད་ཞལ་འདོན་གསུང་རྒྱུ་དང་བསང་གསོལ་གཏོང་རྒྱུར་དཀའ་ངལ་མེད་པ་ཕན་ཐོགས་ཡོང་རྒྱུ་སོགས་སུ་དམིགས་ཏེ། འདི་ལོ་བསང་གསོལ་གསེར་སྐྱེམས་འཕྲིན་བཅོལ་བཅས་ཀྱི་ཕྱོགས་བསྡེབས་དེབ་ཆུང་ཞིག་གཞུང་དགོན་བསམ་གཏན་གླིང་གི་མཁན་རིན་པོ་ཆེ་མཆོག་ལ་དགོངས་སྐོར་ཞུས་ཏེ་པར་འགྲེམས་ཀྱིས། སློབ་གྲྭའི་སློབ་ཕྲུག་དང་ལས་བྱེད་རྣམས་ཀྱིས་ཟླ་རེའི་ཚེས་བཅོ་ལྔ་ནམ་ཡིན་ལ་བསང་གསོལ་གཏོང་རྒྱུའི་ལམ་སྲོལ་གསར་གཏོད་གནང་བ་དང༌། དེ་བཞིན་ཀ་ཐ་མན་གྲུ་ཁུལ་གྱི་སློབ་གྲྭ་དང༌། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག དགོན་སྡེ་ཁག་ཅིག་བཅས་ལའང་རིན་མེད་ཐོག་འགྲེམས་སྤེལ་གནང་ཡོད། ༡༠༽ སློབ་གྲྭའི་དཔེ་མཛོད་ཁང་དུ་བོད་ཡིག་གསར་ཤོག་ཁག་ཅིག་མངགས་ཉོ་གནང་བཞིན་ཡོད་པའི་ཐོག སློབ་ཕྲུག་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་འཛིན་གྲྭ་སྡེ་ཚན་རེ་རེར་བོད་ཡིག་གསར་ཤོག་བང་ཆེན་དང༌། དུས་བབ། གཉན་ཆེན་ཐང་ལྷ། ལྷོ་ཕྱོགས་ཕོ་ཉ། བོད་མིའི་རང་དབང༌། ཤེས་བྱ་གསར་དེབ་སོགས་དམིགས་བསལ་མངགས་ཉོ་གནང་སྟེ་གོང་གསལ་གསར་ཤོག་སློབ་གྲྭར་འབྱོར་རིམ་བཞིན་སྐབས་འཕྲལ་འབྲེལ་ཡོད་བོད་དགེ་ནས་འཛིན་གྲྭ་སོ་སོར་འགྲེམས་སྤེལ་དང་སྦྲགས་སློབ་ཕྲུག་ཚོར་ངེས་པར་ཀློག་འཇུག་གི་ཡོད། མདོར་ན་སློབ་གྲྭ་འདི་བཙུགས་པ་ནས་ད་བར་ལོ་ངོ་༢༠ སོང་རིང་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་པ་སྡེ་ཚན་༡༨ ཡིག་རྒྱུགས་བཏང་ཟིན་པའི་ཁྲོད་སློབ་ཕྲུག་གྲངས་༨༠༩ སློབ་མཐར་ཕྱིན་ཡོད་པ་དང༌། བལ་ཡུལ་རྒྱལ་ཡོངས་འཛིན་གྲྭ་བཅུ་གཉིས་སྡེ་ཚན་༡༢ ཡིག་རྒྱུགས་བཏང་བའི་ཁྲོད་སློབ་ཕྲུག་གྲངས་༦༢༣ སློབ་མཐར་ཕྱིན་ཡོད་པ་ལས་སློབ་ཕྲུག་ཁག་ཅིག་ད་ལྟ་རྒྱ་བལ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སློབ་སྦྱོང་མུ་མཐུད་གནང་བཞིན་ཡོད་པ་དང༌། ཡང་འགའ་ཤས་སློབ་སྦྱོང་ཆ་ཚང་མཐའ་འཁྱོལ་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་རང་གི་ལས་རིགས་སྣ་ཚོགས་སུ་ཞུགས་ཏེ་བོད་གཞུང་དམངས་ཀྱི་ཞབས་འདེགས་ཞུ་བཞིན་ཡོད་དོ། །