དཔལ་འབྱོར་གླིང་མཉྫུ་ཤྲི་སློབ་གྲྭ།

[toc]

༡། འགོ་འཛུགས།

ཕྱི་ལོ་༡༩༥༩ ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས། བོད་ཀྱི་བསྟན་སྲུང་དང་བླངས་རུ་ཁག་གིས་བལ་ཡུལ་གློ་སྨོན་ཐང་དུ་ལོ་ངོ་༡༤ རིང་འཇབ་དམག་ལས་འགུལ་ནང་ཞུགས་རྗེས། ཕྱི་ལོ་༡༩༧༤ ལོར་བོད་མི་ཁག་ཅིག་བལ་ཡུལ་བྱང་ཁུལ་སྤོག་རར་གནས་གཞི་ཆགས་ཏེ་གདན་འཐག་གཙོས་པའི་འཚོ་ཐབས་འགོ་འཛུགས་གནང་བས། དཔལ་འབྱོར་གླིང་བོད་མིའི་སྡོད་སྒར་རམ་ལག་ཤེས་བཟོ་རིག་ལྟེ་གནས་ཞེས་པ་ཆགས།
སློབ་གྲྭ་འདི་ནི་དཔལ་འབྱོར་གླིང་ལག་ཤེས་བཟོ་རིག་ལྟེ་གནས་ནས་ཕྱི་ལོ་༡༩༧༧ ཟླ་༤ ཚེས་༡༣ ཉིན་ཤྲི་མཉྫུ་ཤྲི་དམའ་རིམ་སློབ་གྲྭ་(Shree Manjushree Primary School)གསར་འཛུགས་གནང༌། སྐབས་དེར་འཛིན་ཁང་གི་དམིགས་སྒོར་ས་འདམ་གྱི་སྤྱིལ་ཁང་ཞིག་ལས་མེད། སྡོད་སྒར་འདིའི་ཕྲུ་གུ་དང་མཉམ་དུ་བཙུན་ཆུང་ཁ་ཤས་བཅས་གྲངས་༣༥ འདུས་ནས་གཞི་རིམ་སློབ་སྦྱོང་སྤྲོད་འགོ་བརྩམས། གངས་ཅན་བདེ་རྩ་ཚོགས་པའི་སྒྲིག་གཞི་གཞིར་བཟུང་དགེ་རྒན་གཅིག་ཀྱང་བསྐོས་མེད་ཀྱང༌། དགེ་རྒན་གཅིག་གི་གསོལ་ཕོགས་ནར་གཏོང་གནང༌། དེར་བརྟེན་དཔལ་འབྱོར་གླིང་ལག་ཤེས་བཟོ་རིག་ལྟེ་གནས་ཀྱི་ལས་བྱེད་འཇིགས་མེད་བསྟན་འཛིན་ལགས་དང༌། རྟ་མགྲིན་ལགས། མིག་དམར་དགྲ་འདུལ་ལགས་གསུམ་ནས་ལྷག་བསམ་ཆེན་པོས་ཕྱི་ལོ་༡༩༨༠ བར་དགེ་རྒན་གྱི་ཐུགས་འགན་དང་བླངས་ཀྱིས་བཞེས་ཡོད།
ཕྱི་ལོ་༡༩༨༠ ལོར་སྐུ་ཞབས་བློ་བཟང་བསྟན་འཛིན་སློབ་གྲྭའི་འགན་འཛིན་ལ་བསྐོ་བཞག་གནང་སྟེ། སློབ་གྲྭའི་སློབ་ཚན་གཙོ་བོ་བོད་ཡིག་དང༌། ཨིན་ཇི། རྩིས་རིག་གསུམ་ཡིན། སྐབས་དེར་འཛིན་གྲྭ་གསུམ་ཡོད།
ཕྱི་ལོ་༡༩༨༣ ལོར་བློ་བཟང་བསྟན་འཛིན་ལགས་འཕོས་པའི་ཚབ་ཏུ་རྒན་ཆུང་ལགས་ཀྱིས་འགན་འཛིན་གྱི་ཐུགས་འགན་བཞེས། བལ་ཡུལ་དུ་གནས་སྡོད་བོད་མི་ཚོར་མཚོན་ན་བལ་པོའི་སྐད་ཤེས་རྒྱུ་གལ་ཆེན་ཡིན་པར་གཞིགས་ཏེ། སྐུ་ཞབས་སྦི་ཌུར་ཇོ་ཤི་(Mr. Bidur Joshi)དགེ་རྒན་དུ་བསྐོ་བཞག་གནང༌། དེ་ནས་སློབ་ཕྲུག་ཚོར་བལ་པོའི་སྐད་ཡིག་གི་སློབ་ཚན་འཕར་མ་སློབ་འགོ་བཙུགས།
ཕྱི་ལོ་༢༠༠༩ ལོར་སློབ་གྲྭ་འདིར་ཁྱོན་བསྡོམས་སློབ་ཕྲུག་བུ་༤༢ དང་བུ་མོ་༢༢ བཅས་བསྡོམས་༦༤ ཡོད་པའི་ཁྲོད། བོད་རིགས་སློབ་ཕྲུག་༣༥ ཡོད། དགེ་རྒན་སྐྱེས་པ་༡ དང་བུད་མེད་༦ བཅས་༧ ཡོད་པ་ལས་༦ བོད་རིགས་ཡིན།

༢། མཐུན་རྐྱེན་འཛུགས་སྐྲུན།

སྐབས་དེར་སྤོག་ར་དཔལ་འབྱོར་གླིང་འདི་ཁུལ་གྱི་ཁྱིམ་ཚང་ཕ་མ་ཕལ་ཆེ་བ་དབུལ་ཕོངས་ཉམ་ཐག་ཞེ་གཅིག་ཡིན་སྟབས་དེབ་དང་སློབ་ཡོན་སྤྲོད་ཐུབ་ཀྱི་མེད་པས། དཔལ་འབྱོར་གླིང་ལག་ཤེས་བཟོ་རིག་ལྟེ་གནས་ནས་སློབ་གྲོན་ཆ་ཚང་ཐབས་འཚོལ་གནང་སྟེ། སློབ་ཕྲུག་ཚོར་འགྲོ་གྲོན་གཅིག་ཀྱང་སྤྲོད་མི་དགོས་པའི་ཐོག་ནས་སློབ་སྦྱོང་སྤྲད་ཡོད་ལ། ལྕམ་སྐུ་ཨེ་ནུ་ ཊེ་གར་སི་ཊེཌ་(Aino Tigerstead)ཡི་རོགས་སྐྱོར་འོག་འཛིན་ཁང་གསར་རྒྱག་དང་ཆབས་ཅིག་དགེ་རྒན་གཅིག་གི་གླ་ཕོགས་ཀྱང་གསོལ་སྩལ་གནང༌།
ལོ་དུས་རིམ་སོང་གིས་སློབ་ཕྲུག་ཚོའི་ཤེས་ཡོན་གོང་མཐོར་གཏོང་སླད་དགེ་རྒན་མང་པོ་བསྐོ་བཞག་གནང་བ་དང་ཆབས་ཅིག་སློབ་ཚན་ཡང་མང་དུ་བཏང༌། དགེ་རྒན་དང་ཕ་མའི་འབྲེལ་ལམ་ཟབ་ཏུ་གཏོང་སླད་དགེ་རྒན་ཕ་མའི་ཚོགས་ཆུང་གསར་འཛུགས་གནང་གལ་ཆེ་བར་གཞིགས་ཏེ། ཕྱི་ལོ་༡༩༨༥ ཟླ་༣ ཚེས་༢༡ ཉིན་ཕ་མ་ཚོས་འོས་ཤོག་འཕངས་ཏེ་དགེ་རྒན་ཕ་མའི་ཚོགས་ཆུང་ཐོག་མར་བཙུགས།
ཕྱི་ལོ་༡༩༨༦ ལོར་འཛིན་ཁང་༥ དང་ཡིག་ཚང་༡ བཅས་གསར་རྒྱག་གནང་བས་སློབ་ཕྲུག་ཚོ་འཛིན་རིམ་ལྔ་པ་བར་འགྲོ་ཐུབ་པ་བཟོས། དཔལ་འབྱོར་གླིང་ལག་ཤེས་བཟོ་རིག་ལྟེ་གནས་ཁང་གིས་སློབ་ཕྲུག་ཚང་མར་སྒྲིག་ཆས་གསར་བཟོས་གནང་སྟེ། ཕྱིས་སུ་སློབ་གྲྭའི་སྒྲིག་ཆས་དང་ཡིག་ཆས་ཀྱི་འགྲོ་གྲོན་གློ་སྒྲིག་འཛིན་སྐྱོང་ཚོགས་ཆུང་ནས་གནང་ལམ་བཏོད།
ཕྱི་ལོ་༡༩༨༩ ལོར་ཨིན་ལན་བོད་ཀྱི་རོགས་ཚོགས་(Help Tibet England) ནས་སྔོན་འགྲོའི་སྡེ་ཚན་(Kindergarden section)༢ དང་བྱིས་གསོ་ཁང་གི་སྡེ་ཚན་༡ བཅས་གསར་རྒྱག་ལ་རོགས་སྐྱོར་གནང་བ་དང༌། སྔོན་འགྲོའི་ཕྲུ་གུར་གཟིགས་སྐྱོང་གནང་མཁན་མ་ཚབ་རྒན་མོ་གཉིས་ཀྱང་བསྐོ་བཞག་གནང༌།
ཕྱི་ལོ་༡༩༩༡ ཟླ་༧ ཚེས་༡༥ ཉིན་སློབ་གྲྭའི་འཛིན་སྐྱོང་ཚགས་ཚུད་གཏོང་སླད་གཞིས་ཆགས་ལས་ཁང་ནས་སློབ་གྲྭའི་འཛིན་སྐྱོང་འགན་འཁུར་ཡོངས་རྫོགས་གློ་སྒྲིག་བདེ་དོན་ལས་ཁུངས་ལ་རྩིས་སྤྲོད་གནང༌། དེ་ནས་བཟུང་སློབ་གྲྭའི་འགྲོ་གྲོན་ཡོངས་རྫོགས་གློ་སྒྲིག་ལས་ཁུངས་ནས་ཐབས་འཚོལ་གྱིས་གཏོང་མུས་ཡིན། སློབ་གྲྭའི་འཛིན་སྐྱོང་ལས་དོན་ཆེད་འཛིན་སྐྱོང་ཚོགས་ཆུང་ཞིག་ཡོད་པ་དེའི་ནང་ཚོགས་མི་ལྔ་ཡོད་པ་དེའི་ཁོངས་གློ་སྒྲིག་བདེ་དོན་གྱི་ཚོགས་གཙོ། གཞིས་འགོ། དགེ་རྒན་ཆེན་མོ་དང་དགེ་རྒན་ཕ་མའི་ཚོགས་ཆུང་བཅས་ཡིན། སློབ་གྲྭའི་འཛིན་སྐྱོང་ཡར་རྒྱས་གཏོང་ཕྱོགས་ལ་ཟླ་རེར་ཚོགས་འདུ་རེ་ཚོགས་བཞིན་ཡོད།
ཕྱི་ལོ་༡༩༩༥ ལོར་སྐུ་ཞབས་ཌེ་ཝིད་ ཨེ་ཌིཡི་ནི་(David Adean)ནས་ཨིན་ཡུལ་ནས་དང་བླངས་དགེ་རྒན་གནང་བར་ཡོང་མཁན་དེའི་རོགས་སྐྱོར་འོག་སློབ་གྲྭའི་དཔེ་མཛོད་ཁང་གསར་རྒྱག་ཐུབ་པ་བྱུང༌། དེ་ནི་སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་གཏོང་སླད་བཟོས། ཊ་རེཀ་ཨེཌ་(Trek Aid)རོགས་ཚོགས་ནས་ཌེ་ཝིད་བརྒྱུད་དཔེ་མཛོད་ལ་དགོས་ངེས་ཀྱི་འཛིན་ཆས་དང་དེབ་རོགས་རམ་གནང༌།
ཕྱི་ལོ་༡༩༩༦ ལོར་ལྕམ་སྐུ་ཨི་མ་ཁར་ཊར་(Emma Carter)ནས་རོགས་དངུལ་གནང་སྟེ་དཔེ་མཛོད་ཀྱི་སྟེང་དུ་ཁང་མིག་འཕར་མ་ཞིག་བརྒྱབས། དེ་སྔའི་ཡིག་ཚང་དེ་གཉེར་ཁང་ལ་བསྒྱུར་ཏེ་ཁང་མིག་གསར་པ་དེར་ཡིག་ཚང་བཟོས།
ཕྱི་ལོ་༡༩༩༩ ལོར་ལྕམ་སྐུ་ཨེ་མིའ་ཌོག་ལཱ་སེ་(Amy Douglas)དང་ལྕམ་སྐུ་ས་རཱ་ལོང་གྷེར་(Sarah Longar)གཉིས་ཀྱིས་རོགས་རམ་འོག་སིལ་སྤོལ་རྩེད་ཐང་འཐུས་ཚང་ཞིག་བཟོས། ཁོང་གཉིས་ཀྱང་ཨིན་ཡུལ་ནས་དང་བླངས་དགེ་རྒན་གནང་བར་ཡོང་མཁན་རེད།
ཕྱི་ལོ་༢༠༠༠ ལོར་སྔོན་འགྲོའི་འཛིན་གྲྭར་འགྲོ་མཁན་བོད་ཕྲུག་ཚོའི་སློབ་སྦྱོང་གནད་སྨིན་ཡོང་སླད་སྔོན་འགྲོའི་དགེ་རྒན་གཞོན་མ་ཞིག་གསར་བསྐོ་གནང༌། ཕྱི་ལོ་༢༠༠༥ ལོར་རྒྱལ་སྤྱིའི་ཨོ་ཀན་ཌན་(Ockenden International)དང་གློ་སྒྲིག་བདེ་དོན་ཐུན་མོང་ནས་རྒྱུ་སྦྱོར་གྱིས་ཚོགས་ཁང་ཆུང་ངུ་༡ དང་ཁང་མིག་འཕར་མ་༢ གསར་རྒྱག་གནང༌། སྔ་དགོང་ཞལ་འདོན་གནང་བའི་སྐབས་དང་རིག་གཞུང་འཁྲབ་སྟོན་སྦྱོང་བརྡར་བྱེད་པའི་སྐབས་གནམ་གཤིས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན་ཚོགས་ཁང་ཆུང་ངུ་དེས་ཕན་ཐོགས་ཆེན་པོ་བྱུང༌། ཁང་མིག་གཞན་གཉིས་དེ་ཚན་རིག་ཚོད་ལྟ་ཁང་དང་ཀམ་པུ་ཊར་སྦྱོང་བརྡར་ཁང་དུ་བཀོལ་སྤྱོད་བྱེད་མུས་ཡིན།
སློབ་གྲྭ་འདིར་ད་བར་དགེ་ཆེ་རིམ་ཕེབས་ཀྱི་མཚན་གཞུང་དང་ལས་དུས་གཤམ་གསལ།
ཨང༌། དགེ་ཆེའི་མཚན། དུས་ཐོག་དུས་ཡུན།
༡། བློ་བཟང་བསྟན་འཛིན། ༡༩༨༠ ༡༩༨༣
༢། རྒན་རྒན་ཆུང༌། ༡༩༨༣ ༡༩༨༦
༣། ཐུབ་བསྟན་ཚེ་རིང༌། ༡༩༨༦ ༡༩༨༨
༤། པདྨ་འབྱོར་ལྡན། ཟླ་ཤས་རིང༌།
༥། བཀྲ་ཤིས་དབང་འདུས། ༡༩༨༨ ༡༩༨༩
༦། ངག་དབང༌། ༡༩༨༩ ༡༩༩༢
༧། ནོར་བུ་དབང་འདུས། ༡༩༩༢ ༡༩༩༥
༨། བསྟན་པ་དར་རྒྱས། ༡༩༩༥ ༢༠༠༨
༩། ཉི་མ་ཆོས་འཛོམས། ༢༠༠༨
ཕྱི་ལོ་༢༠༠༧ ལོར་ཨིན་ལན་དུ་དང་བླངས་དགེ་རྒན་བྱས་མྱོང་བའི་སྐུ་ཞབས་བྷེན་ཇ་མེན་ མེ་ཡེར་(Mr. Benjamin Meyer)གྱིས་སློབ་གྲྭ་འདིའི་སློབ་ཕྲུག་ཚོའི་འཐུང་ཆུའི་འཕྲོད་བསྟེན་གྱི་དགོས་མཁོ་དགོངས་གཟིགས་ཀྱིས་འཐུང་ཆུ་གཙང་བཟོའི་འཕྲུལ་ཆས་(Eurogurd)རྟགསར་འཛུགས་གནང་བས། སློབ་ཕྲུག་ཚོའི་རྒྱུན་གཏན་འཕྲོད་བསྟེན་ལ་ཕན་ཐོགས་བྱུང༌།
དེང་སྐབས་སློབ་གྲྭ་འདིར་གཞི་རིམ་ཤེས་ཡོན་སློབ་སྦྱོང་སྦྱོར་སྤྲོད་ཀྱི་མཐུན་རྐྱེན་ཆ་ཚང་ལྡན་ཡོད། ཕྱི་ལོ་༢༠༠༦།༢༠༠༧ ལོར་སློབ་གྲྭ་འདིར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༦༡ ཡོད་པའི་ཁོངས་ནས་བོད་པའི་ཕྲུ་གུ་༣༣ དང་ས་གནས་ཡུལ་མིའི་ཕྲུ་གུ་༢༨ ཡོད། ཕྱི་ལོ་༢༠༠༧།༢༠༠༨ ལོར་སློབ་ཕྲུག་གྲངས་༦༢ དང་དམའ་རིམ་དགེ་རྒན་༦། བྱིས་གསོའི་སྡེ་ཚན་དུ་སྔོན་འགྲོའི་དགེ་རྒན་༡ དང་མ་ཚབ་༢ བཅས་ཡོད།

༣། སློབ་འཇུག་གནས་སྟངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། བལ་ཡུལ་དཔལ་འབྱོར་གླིང་སློབ་གྲྭ་འདིར་སློབ་ཕྲུག་བུ་༣༤ དང་བུ་མོ་༢༧ བཅས་ཁྱོན་བསྡོམས་༦༡ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། སློབ་ཕྲུག་དེ་དག་ཁྲོད་བོད་རིགས་མ་ཡིན་པའི་སློབ་ཕྲུག་༢༧ དང༌། ཁྱོན་བསྡོམས་དགེ་ལས་༦ བཅས་ཡོད།
ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་དཔལ་འབྱོར་གླིང་མཉྫུ་ཤྲི་སློབ་གྲྭའི་སློབ་ཕྲུག་གྲངས་འབོར་འཕར་ཆག་གི་གནས་སྟངས་གཤམ་གསལ།

དེ་བཞིན་ཕྱི་ལོ་༢༠༠༩ ལོར་སློབ་གྲྭ་འདིའི་སྔོན་འགྲོ་འོག་མའི་ནང་སློབ་མ་༧ ཡོད་པ་དང༌། སྔོན་འགྲོ་གོང་མར་སློབ་མ་༧ འཛིན་རིམ་དང་པོར་སློབ་མ་༡༡ འཛིན་རིམ་གཉིས་པར་སློབ་མ་༩ འཛིན་རིམ་གསུམ་པར་སློབ་མ་༩ འཛིན་རིམ་བཞི་པར་སློབ་མ་༣ འཛིན་རིམ་ལྔ་པར་སློབ་མ་༤ བུ་བཅོལ་ཁང་གི་ཕྲུ་གུ་༡༤ བཅས་ཁྱོན་བསྡོམས་སློབ་མ་༥༠ ཡོད།
སློབ་གྲྭ་འདི་ནས་མཐར་ཕྱིན་སློབ་མ་ཇི་ཙམ་གསོ་སྐྱོང་བྱས་པའི་གྲངས་འབོར་ནི། ཕྱི་ལོ་༡༩༨༧ ནས་ཕྱི་ལོ་༢༠༠༨ བར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༢༠༧ ཐོན་ཡོད་ཅིང༌། གནས་ཡུལ་དང་སློབ་གྲྭའི་མཐུན་རྐྱེན་ལ་གཞིགས་ན་གང་ལེགས་བྱུང་ཡོད། སློབ་ཐོན་མ་ཐུབ་པའི་སློབ་ཕྲུག་ལྷག་མ་རྣམས་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ནས་སློབ་གྲྭ་བསྐྱུར་དགོས་བྱུང་ཡོད། ཁ་ཤས་ནི་རིག་སྟོབས་ཞན་པས་སློབ་མཇུག་མ་འཁྱོལ་བ་དང་ཡང་བྱུང་ཞིང༌། ཁ་ཤས་ནི་རབ་ཏུ་བྱུང་ནས་ཆོས་སྡེ་ཁག་ཏུ་འཛུལ་ཞུགས་བྱས་པ་ཡང་ཡོད།
ཕྱི་ལོ་༢༠༠༩ ལོར་ལོ་འཁོར་ཡིག་རྒྱུགས་སུ་ཞུགས་པའི་སློབ་ཕྲུག་༥༠ ནང༌། སློབ་ཕྲུག་༤༥ ཡིག་རྒྱུགས་འཕྲོད་པ་དང༌། ༥ མ་འཕྲོད་པ་བཅས་རྒྱུགས་འཕྲོད་བརྒྱ་ཆ་༩༠ ཡིན།
སློབ་གྲྭ་འདིར་བོད་གཞུང་ཤེས་རིག་ལས་ཁུངས་དང༌། སྤྱི་འཐུས། གངས་ཅན་བདེ་རྩ། བལ་ཡུལ་སྐུ་ཚབ་དོན་གཅོད་རྣམ་པ་བཅས་དུས་དུས་སུ་འཚམས་གཟིགས་སུ་ཕེབས་ཏེ་ཕན་ནུས་ལྡན་པའི་བཀའ་སློབ་ལམ་སྟོན་གནང་བ་ཁག་དགེ་རྒན་དང་སློབ་ཕྲུག་ཚོའི་ཤེས་ཡོན་དང་ཀུན་སྤྱོད་ཡར་རྒྱས་གཏོང་བར་ཕན་ཐོགས་ཆེན་པོ་བྱུང༌།