སློབ་གྲྭ་ཁག

ཆེད་བརྗོད།

༄༅། །ཕྱོགས་བཞི་གངས་རིས་བསྐོར་བའི་ཆོས་ལྡན་གྱི་ཞིང་ཁམས་བོད་ནི། འཛམ་གླིང་སྤྱི་དང་ཁྱད་པར་གླིང་ཆེན་ཨཱེ་ཤིཡའི་ས་ཁམས་དང་རང་བྱུང་ཐོན་ཁུངས་གང་ནས་ཀྱང་གལ་འགངས་ཧ་ཅང་ཆེ་ཞིང༌། ཡུལ་དེར་གདོད་མ་ནས་འཚོ་ཞིང་གནས་པའི་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་ཁྱད་དུ་འཕགས་པའི་རིག་གཞུང་གིས་ཡོངས་སུ་ཕྱུག་པ་མ་ཟད། ལས་ལ་བརྩོན་ཞིང་ཆོས་སེམས་ཆེ་བ། ཤེས་རབ་དང་སྙིང་རྗེས་གཤིས་རྒྱུད་བརླན་པའི་བོད་མི་རིགས་འདིས། འདས་པའི་ལོ་རྒྱུས་ནང་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ལ་དངོས་པོ་དང་བསམ་བློའི་ལེགས་སྐྱེས་གྱ་ནོམ་པ་ཕུལ་ཡོད། ཉེ་བའི་དུས་རབས་འཛམ་གླིང་ནང་འཁྲུག་ཟིང་གི་རྦ་ཀློང་ཤུགས་ཆེར་འཕྱུར་བའི་འཕྲོད། ཆོས་ཁྲིམས་དར་ཡུགས་གཅིག་གིས་ཁྱབ་པའི་བོད་ཡུལ་ཁྱིམ་མཚེས་རྒྱ་དམར་གྱི་བཙན་འཛུལ་བྱ་ཡུལ་ཞིག་ཏུ་གྱུར་ཅིང༌། ཁྱད་པར་ལོ་རབས་ལྔ་པར་རྒྱ་ནག་གིས་བོད་ཧྲིལ་པོ་ཁྱུར་མེད་ཀྱིས་མི་སྤྱོད་ལས་འདས་པའི་སྲིད་བྱུས་རིམ་པ་ལག་ལེན་བསྟར་བའི་ཉེར་ལེན་གྱིས། སྔ་ན་མ་བྱུང་བའི་གོད་ཆག་ཆེན་པོ་བྱུང་ཞིང༌། བོད་མི་རྣམས་རང་ཡུལ་དུ་གནས་ཐབས་བྲལ་ཏེ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་གྱར། ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་གཞིས་བྱེས་གཉིས་སུ་ཆད་ནས་མི་ལོ་ ༥༠ ཧྲིལ་པོ་འཁོར་ཡོད།
    འདས་པའི་མི་ལོ་ལྔ་བཅུའི་བཙན་བྱོལ་གྱི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། ཕྱོགས་གཅིག་ནས་རྒྱ་ནག་གི་གདུག་རྩུབ་སྲིད་བྱུས་འོག་བོད་མི་རིགས་ཀྱི་ངོས་འཛིན་སྐད་ཡིག་རིག་གཞུང་དང༌། ཡུལ་གོམས་གཤིས་ལུགས། ཁོར་ཡུག་དངོས་ཆས་བཅས་སྣོད་བཅུད་གཉིས་ཀར་གཏོར་བཅོམ་ཚབས་ཆེན་ཐེབས་ཏེ་ཆགས་འཇིག་གི་སོ་མཚམས་སུ་གྱར་ཡོད། འོན་ཀྱང་འཇིག་རྟེན་ཞི་བདེའི་དེད་དཔོན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐབས་མཁས་ཀྱི་མཛད་བྱུས་དང༌། ཁོང་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་འདས་པའི་ལོ་ངོ་ ༥༠ རིང་བོད་མིའི་ཆོས་རིག་སྲུང་སྐྱོབ། བོད་དོན་བདེན་མཐའ་གསལ་ཐབས། འཇིག་རྟེན་ཀུན་ཁྱབ་ཀྱི་ལས་འགན་དུ་གྱུར་པའི་ཁོར་ཡུག་སྲུང་སྐྱོབ་དང་འཚེ་མེད་ཞི་བའི་ལྟ་སྤྱོད་ཉམས་ལེན་དར་སྤེལ་ཐད་སྐུ་ལས་གྲངས་མེད་བསྐྱོན་ཡོད་ལ་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་འཛམ་གླིང་སྟེང་སྐྱབས་བཅོལ་བའི་སྒྲིག་འཛུགས་ཇི་སྙེད་པའི་ཁྲོད་ནས་སྔ་ན་མ་བྱུང་བའི་གྲུབ་འབྲས་ཆེ་ཤོས་དང་ཚགས་ཚུད་ཤོས། འཐུས་སྒོ་ཚང་ཤོས་ཤིག་ཏུ་ངོས་འཛིན་ཆེ་མཐོང་དང་གདེང་འཇོག་ཆེན་པོ་ཐོབ་པ་ཀུན་གྱིས་མཐོང་ཆོས་ལགས།
    ཕྱི་ལོ་༡༩༦༠ ལོར་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མ་འོངས་རྒྱང་གཟིགས་ཀྱིས་མ་སུ་རིར་བོད་མིའི་སློབ་གྲྭ་ཐོག་མར་གསར་འཛུགས་གནང་བ་ནས་བཟུང༌། མི་འབོར་ཆིག་འབུམ་ཉེ་བ་ལས་མེད་པའི་བཙན་བྱོལ་བོད་མིར་སློབ་གྲྭ་ཁག་མང་གསར་འཛུགས་གནང་བའི་ནང༌། སྔོན་འགྲོ་ནས་གཞི་རིམ་གོང་མ་བར་གྱི་སློབ་མ་ཡོངས་ལ་སློབ་ཡོན་རྩ་ཆག་ངང་ཤེས་ཡོན་གྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་བ་མ་ཟད། ཉམ་ཐག་དང་བོད་ནས་ཕྱིས་སུ་འབྱོར་བའི་ཕྲུ་གུ་སྟོང་ཕྲག་མང་པོར་ཟས་གོས་གནས་མལ་སོགས་འཚོ་གྲོན་ནར་གཏོང༌། འཕྲོད་བསྟེན་དང་བདེ་དོན་སྤྱིར་གཟིགས་སྐྱོང༌། གཞི་རིམ་གོང་མ་སློབ་ཐོན་རྣམས་ལ་མཐོ་རིམ་སློབ་སྦྱོང་གི་མཐུན་རྐྱེན་རོགས་རམ་བཅས། སྐྱབས་བཅོལ་གྱི་ལོ་ངོ་ལྔ་བཅུའི་རིང་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་རྨང་གཞི་བརྟན་པོར་ཚུགས་པ་མ་ཟད་དུས་བསྟུན་གྲུབ་འབྲས་རླབས་ཆེན་བྱུང་ཡོད། དེང་སྐབས་ཁྱོན་ཡོངས་མི་འབོར་གྱི་ཡིག་རྨོངས་སེལ་ཚད་བརྒྱ་ཆ་ ༧༤་༥ ལ་སླེབས་པ་འདི་གནས་ཡུལ་རྒྱལ་ཁབ་རྒྱ་གར་ ༦༦ དང་བལ་ཡུལ་ ༥༣་༧༤ལས་ཀྱང་མཐོ་བའི་གྲུབ་འབྲས་ཆེན་པོ་བླངས་ཡོད།
    བོད་མི་རྣམས་བཙན་བྱོལ་དུ་སླེབས་ནས་མིག་མཐོང་ལག་ཟིན་དུ་ཡོད་པའི་གྲུབ་འབྲས་ཆེ་ཤོས་ཤིག་ནི་ཤེས་ཡོན་ཡིན་ཞིང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡར་རྒྱས་དང་བོད་ཀྱི་རྩ་དོན་སྒྲུབ་པའི་རྨང་གཞི་ནི་ཤེས་ཡོན་སློབ་སྦྱོང་གི་རྨང་གཞིར་རག་ལས་ཡོད། ཤེས་ཡོན་སློབ་སྦྱོང་གི་མ་ལག་སྲ་བརྟན་དང༌། བོད་མི་སྤྱི་ཡོངས་ཀྱི་ཤེས་ཡོན་གནས་ཚད་གོང་མཐོར་སོང་བ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དེའི་ནུས་པ་ཡར་རྒྱས་སོང་ཡོད་པས། གཞུང་སྒེར་སྒྲིག་འཛུངས་ཁག་ཏུ་རང་མིས་རང་ལས་ཀྱི་རྣམ་པ་ཀུན་གྱིས་མཐོང་ཆོས་སུ་ཡོད།
    ཕྱི་ལོ་ ༢༠༠༩ ལོར་འཛིན་སྐྱོང་བཀའ་ཤག་གི་བཀའ་དགོངས་བཞིན། བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དམིགས་བསལ་དུས་དྲན་སྲུང་བརྩིའི་ལས་རིམ་ཁྲོད། ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ལོ་རྒྱུས་དང༌། བོད་གཞུང་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལོ་རྒྱུས་ཞེས་པའི་ཕྱག་དེབ་གཉིས་རྩོམ་སྒྲིག་གིས་འདོན་སྤེལ་ཐུབ་པར་དགའ་པོ་བྱུང༌། ཕྱག་དེབ་འདི་གཉིས་བརྒྱུད་ནས་ང་ཚོས་འདས་པའི་ལོ་ངོ་ལྔ་བཅུའི་ནང་བོད་བསྟན་སྲིད་སྤྱི་དང་ཁྱད་པར་མི་རིགས་ཀྱི་སྲོག་རྩ་བདེན་དོན་འཐབ་རྩོད་ཀྱི་རྩ་བར་གྱུར་པའི་སྐད་ཡིག་དང་ཆོས་རིག་མི་ཉམས་རྒྱུན་འཛིན་སླད་རང་རིགས་སེར་སྐྱ་ཕོ་མོ་རྣམས་ཀྱི་ཞུམ་པ་མེད་པའི་བློ་སྟོབས་དང༌། གཡོ་བ་མེད་པའི་ཡིད་ཆེས། འགྲན་ཟླ་མེད་པའི་ཧུར་བརྩོན་བཅས་གསལ་པོར་མཐོང་ཐུབ་པས། ཁོང་རྣམ་པའི་སྙིང་སྟོབས་དང་ལྷག་བསམ། བསུབ་ཐབས་མེད་པའི་མཛད་རྗེས་དང་བཀའ་དྲིན་ལ་བསམ་ཤེས་ཀྱི་སྒོ་ནས་གུས་བཀུར་རྗེས་དྲན་དང་ཡི་རངས་བསྔགས་བརྗོད་ཞུ།
    མཐའ་དོན། འཕགས་མཆོག་ཕྱག་ན་པདྨོ་འཇིག་རྟེན་ཞི་བདེའི་དེད་དཔོན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ཚེ་ཧྲིལ་པོར་འཇིག་རྟེན་སྐྱེ་འགྲོ་སྤྱི་དང་ཁྱད་པར་བདག་ཅག་བོད་འབངས་རྣམས་དུས་མཐའི་སྡུག་བསྔལ་གྱི་རྒྱ་ལས་སྒྲོལ་བའི་ཐུགས་བསྐྱེད་བརྟན་པོས་སྐུ་ངལ་བརྒྱ་ཕྲག་བདག་གིར་བཞེས་པའི་རྨད་བྱུང་མཛད་འཕྲིན་ལ་ལག་ཟུང་ཐལ་མོ་སྦྱར་ནས་བཀའ་དྲིན་རྗེས་དྲན་ཞུ་ཞིང༌། མགོན་པོ་མཆོག་སྐུ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་པ་དང་ཐུགས་བཞེད་ལྷུན་གྱིས་གྲུབ་པ། འཁོར་བ་ཇི་སྲིད་མ་སྟོང་གི་བར་བདག་ཅག་རྣམས་ཐུགས་རྗེའི་ཀློང་ནས་མི་འདོར་བའི་གསོལ་འདེབས་ཞུ་རྒྱུ་དང༌། བོད་ཀྱི་བདེན་དོན་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འཛུགས་སྐྲུན་ལས་རིགས་ཐོག་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་རྒྱལ་སྤྱིའི་ཚོགས་སྒེར་ཁག་དང༌། ཁྱད་པར་བོད་མིར་གནས་གཞིས་འཚོ་ཐབས་སོགས་མཐུན་འགྱུར་གནང་མཁན་རྒྱ་བལ་འབྲུག་གསུམ་གྱི་གཞུང་མང་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། ཤེས་རིག་བཀའ་བློན་གྱིས། ཕྱི་ལོ་ ༢༠༡༠ ཟླ་༡ ཚེས་༥ ཉིན།   

རྩོམ་སྒྲིག་པའི་གཏམ།

༄༅། །ཕྱི་ལོ་༡༩༥༩ ལོར་བོད་དུ་དུས་འགྱུར་བྱུང་ནས་ྋགོང་ས་མཆོག་གིས་དབུས་པའི་བོད་གཞུང་མང་གཉིས་བཙན་བྱོལ་དུ་འབྱོར་ཏེ་ད་བར་མི་ལོ་༥༠ སོང་ཡོད། དུས་རབས་ཕྱེད་ཙམ་གྱི་ལོ་རྒྱུས་ཐུང་ངུ་འདི་ནི་བོད་གངས་ཅན་གྱི་ལོ་རྒྱུས་ཀྱི་ལེ་ཚན་གལ་ཆེན་ཞིག་ཡིན་ཡིན་པ་མ་ཟད། དུས་སྐབས་དེའི་རིང་བོད་གཞིས་བྱེས་གཉིས་ཀྱི་གནས་སྟངས་སྤྱི་དང༌། བྱེ་བྲག་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭས་གཙོས་པའི་ཕྱི་ནང་སྒྲིག་འཛུགས་ཁག་གི་འཕེལ་རིམ་གནས་སྟངས་རྣམས་ལོ་རྒྱུས་ཀྱི་ཟིན་ཐོར་འགོད་ཐབས་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ་གཤིས། ཕྱི་ལོ་༢༠༠༨ ཟླ་༦ ཚེས་༢༡ ཉིན་རང་གཞུང་བཀའ་ཤག་ནས། ཕྱི་ལོ་༢༠༠༩ ཟླ་༣ ཚེས་༡༠ ནས་༢༠༡༠ ཟླ་༣ ཚེས་༡༠ བར་ལོ་འཁོར་གཅིག་རིང་བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དམིགས་བསལ་དུས་དྲན་སྲུང་བརྩི་ཞུ་རྒྱུའི་བཀོད་ཁྱབ་དང་ལས་རིམ་ལམ་སྟོན་གནང་བ་ལྟར། ཕྱི་ལོ་༢༠༠༨ ཟླ་༧ ཚེས་༧ ཉིན་འདི་ག་ཤེས་རིག་ལས་ཁུངས་ནས་ཤེས་རིག་ལས་ཁུངས་མ་ལག་བཅས་ཀྱི་ལོ་རྒྱུས་དང༌། གཏན་ཉིན་སློབ་གྲྭ་སྤྱིའི་ལོ་རྒྱུས་བཅས་ཀྱི་ཕྱག་དེབ་གཉིས་ཕྱོགས་སྒྲིག་བྱ་སླད། ཁྱབ་ཁོངས་སློབ་གྲྭ་ཡོངས་ལ་རང་རང་གི་ལོ་རྒྱུས་རྩོམ་སྐུལ་དང་ལམ་སྟོན་ཞིབ་འཁོད་ཀྱིས། ཕྱི་ལོ་༢༠༠༨ ཟླ་༩ ཚེས་༡༥ ནང་ཚུད་ཕུལ་འབྱོར་དགོས་པའི་བརྡ་ཁྱབ་བཏང༌། ཕྱི་ལོ་༢༠༠༩ ཟླ་༥ བར་སློབ་གྲྭ་ཁག་ནས་ཕུལ་འབྱོར་བྱུང་བའི་ལོ་རྒྱུས་ཡོངས་རྫོགས་འདི་གར་འབྱོར་སོན་བྱུང་འཕྲལ། དེང་རབས་ཤེས་ཡོན་ཚན་པས་རྐང་འགན་བཞེས་པའི་ཐོག ལོ་རྒྱུས་བོད་སྒྱུར་དང༌། འདྲ་པར་དང་དཔྱད་གཞི་མཁོ་འདོན་བཅས་ཀྱི་ལས་རིམ་འགོ་འཛུགས་གནང༌། དེ་བཞིན་ཕྱི་ཟླ་༦ པའི་ནང་དངོས་གཞིའི་རྩོམ་སྒྲིག་དང་བསྐྱར་ཞིབ་གཏན་འབེབས་ཀྱི་རྐང་འགན་འདི་ག་རྩོམ་སྒྲིག་པར་འགན་བསྐུར་གནང་བར་རྟོག་ཞིབ་བྱས་དུས། སྤྱིར་བཏང་སློབ་གྲྭ་སོས་ཕུལ་བའི་ལོ་རྒྱུས་རྒྱས་བསྡུས་དང་རྣམ་པ་ཅི་རིགས་ཤིག་འདུག་ཀྱང༌། དེ་དག་ཕྱོགས་སྒྲིག་བྱས་པ་ཙམ་གྱིས་མི་འགྲིགས་པར་རྒྱུ་ཆ་འདེམས་སྒྲུག་དང༌། ནང་དོན་བཀོད་སྒྲིག གྲངས་ཐོ་ཞིབ་བཤེར། གསར་འཇུག་དང་ཁ་གསབ་སོགས་གཅིག་གྱུར་ཡོང་ཐབས་དང༌། ཁྱད་པར་འབྱུང་འགྱུར་དངོས་ཡོད་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཏུ་འགྱུར་བའི་འཕྲལ་ཕུགས་དམིགས་འདུན་ལེགས་འགྲུབ་ཡོང་རྒྱུར་ད་དུང་བསྐྱར་ཞིབ་དང་གསར་སྣོན་གང་ཙམ་དགོས་གལ་མཐོང་བས། རྒྱུན་ལྡན་ལས་ཟིང་གི་ཁྲོད་དུ་དངོས་གཞིའི་རྩོམ་སྒྲིག་གི་ལས་དོན་འདི་ཉིད་དང་དུ་བླངས་ནས་མཇུག་སྐྱོང་ཞུས་པ་ཡིན།
    སྐབས་འདིར་སློབ་ཁག་སོ་སོས་ཕུལ་བའི་ལོ་རྒྱུས་ཐོག་འདི་ག་རྩོམ་སྒྲིག་པས་འབྲེལ་ཡོད་སློབ་གྲྭ་ཁག་གི་དུས་དེབ་དང༌། ལས་བསྡོམས། ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ། གསར་ལམ། ནང་ཁུལ་ཡིག་ཆ་སོགས་དགོས་ངེས་ཀྱི་ནང་དོན་གསར་འཇུག་བྱས་ཏེ། ཕྱི་ལོ་༢༠༠༩ ཟླ་༧།༨ བར་འབྲེལ་ཡོད་སློབ་གྲྭ་ཁག་ལ་ཆེད་གཏོང་གིས་ཕྱི་ལོ་༢༠༠༩ ཟླ་༨ ཚེས་༣༠ སྔོན་བསྐྱར་ཞིབ་ཀྱིས་ཕྱིར་གཏོང་དགོས་པའི་བཀོད་ཁྱབ་བཏང༌།
    དེ་ལྟར་གཞི་རིམ་སློབ་གྲྭ་ཁག་ནས་བསྐྱར་ཞིབ་གྲུབ་པའི་ཟིན་བྲིས་ལ་འདི་ག་རྩོམ་སྒྲིག་པས་ཞིབ་བཤེར་གྱིས་དག་བཅོས་བྱས་པའི་ཐོག དེ་སྔ་སྒོ་བརྒྱབ་ཟིན་པའི་སློབ་གྲྭ་ཁག་དང༌། སྒེར་སྐྱོང་སློབ་ཁག་གཞན་ཟུར་བཀོད་དང་བཅས་གསར་སྣོན། སློབ་གྲྭ་སོ་སོའི་འདས་པའི་འཕེལ་རིམ་དང་ད་ལྟའི་གནས་སྟངས་མཚོན་པའི་འདྲ་པར་གསར་རྙིང་གསར་འཇུག་བཅས། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ལོ་རྒྱུས་འདི་ཉིད་ཕྱོགས་བསྒྲིགས་ཀྱིས་མཐའ་མའི་དཔར་གཞི་བཟོ་འགོད་བྱས།
    ཕྱི་ལོ་༢༠༠༩ ཟླ་༡༠ ཚེས་༢༨ ཉིན་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ལོ་རྒྱུས་འདི་ཉིད་ཀྱི་དཔར་རྩ་ལེགས་གྲུབ་བྱུང་སྟེ། དཔར་རྩའི་ངོ་བཤུས་དེབ་གཟུགས་བདུན་གསར་སྐྲུན་གྱིས་འབྲེལ་ཡོད་གོང་རིམ་དང༌། བོད་ཁྱིམ་གཉིས། སམ་བྷོ་ཊ། གངས་ཅན་བདེ་རྩ་བཅས་ལ་ཆེད་གཏོང་དང༌། དེ་བྱིངས་སློབ་གྲྭ་གཞན་ལ་རང་རང་དང་འབྲེལ་ཡོད་དཔར་རྩའི་ངོ་བཤུས་བཅས་མཐའ་མའི་བསྐྱར་ཞིབ་དང་མོས་མཐུན་ཞུས། ཕྱི་ཟླ་༡༡ ཚེས་༢༠ ནང་ཚུད་དགོས་ངེས་བསྐྱར་ཞིབ་མཇུག་སྐྱོང་དགོས་པའི་བརྡ་ཁྱབ་བཏང༌། མཐར་ཕྱི་ལོ་༢༠༠༩ ཟླ་༡༢ ཚེས་༢༥ ཉིན་བར་ཁུངས་སོ་སོ་ནས་བསྐྱར་ཞིབ་དགོངས་འཆར་འབྱོར་དོན་བཞིན་མཐའི་མའི་བསྐྱར་ཞིབ་ཀྱིས་མཇུག་བསྡུས་ཏེ་དཔར་རྩ་གཏན་འབེབས་བྱས་པ་ཡིན།
    བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭའི་ལོ་རྒྱུས་དཔེ་དེབ་འདི་ཉིད་ཀློག་སྐབས་དམིགས་བསལ་ཐུགས་སྣང་དགོས་པའི་གནད་དོན་གཤམ་གསལ།

  1. འདིར་འཁོད་སློབ་གྲྭའི་ལོ་རྒྱུས་ཀྱི་གཞི་རྩ་ཕལ་ཆེ་བ་འབྲེལ་ཡོད་སློབ་གྲྭ་རང་ནས་བསྡུ་རུབ་བྱས་པའི་ལོ་རྒྱུས་མ་དཔེ་ལ་ཆ་འཇོག་བྱས་ཡོད།
  2. སློབ་གྲྭ་ཁག་ནས་བཏང་བའི་ལོ་རྒྱུས་ཁྲོད་ཧེ་བག་དང་དོགས་གནས་རྣམས་ལ་འདི་ནས་འབྲེལ་ཡོད་ཡིག་ཆ་དང་མི་སྣ་བརྩད་ཞིབ་ཀྱིས་ཞུ་དག་གང་ནུས་བྱས་ཡོད།
  3. སློབ་གྲྭ་ཁག་ཅིག་ནས་གཞི་རིམ་ཆ་རྐྱེན་སོགས་རྒྱུ་མཚན་གང་རུང་ལ་བརྟེན་ནས་སྔ་མོའི་ཡིག་ཆ་དམ་ཉར་མ་ཐུབ་པ་དང༌། ད་ཡོད་དགེ་ལས་ཕལ་ཆེ་བ་གསར་སྐྱེས་ཡིན་སྟབས་སྔ་མོའི་གནས་ཚུལ་ཞིབ་ཕྲ་འདྲི་བརྩད་བྱ་ཡུལ་དཀོན་པ་བཅས། སློབ་གྲྭ་ཁག་ཅིག་གི་ལོ་རྒྱུས་དེ་ཙམ་འདོད་བློ་ཁེངས་པ་ཞིག་རྩོམ་སྒྲིག་མ་ཐུབ་པས། འབྲེལ་ཡོད་མྱོང་རྒྱུས་ཅན་ཚོས་ཡིག་ངག་གང་རུང་ཐོག་ཁ་སྐོང་བྱུང་ཚེ་ཕྱིས་སུ་གསར་འཇུག་བྱ་རྒྱུ་ཡིན།
  4. ལོ་རྒྱུས་ཀྱི་གནས་སྟངས་ངོ་མ་ཉར་ཚགས་དང༌། མ་འོངས་དཔྱད་ཞིབ་ཀྱི་དགོས་མཁོར་གཞིགས་ཏེ་སློབ་ཁག་ཕལ་ཆེ་བར་འདས་པའི་ལོ་ངོ་༢༡ རིང་གི་སློབ་ཕྲུག་གྲངས་འབོར་གནས་སྟངས་དང༌། ཕྱི་ལོ་༢༠༠༧ ལོའི་སློབ་ཕྲུག་ཕོ་མོ་དང༌། བོད་རིགས་དང་ཡུལ་མིའི་ཕྲུག་གྲངས། དགེ་ལས་ཀྱི་གྲངས་འབོར་བཅས་ཞིབ་ཕྲ། འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་ཡིག་རྒྱུགས་གྲུབ་འབྲས་གནས་སྟངས་རེའུ་མིག་བཅས་འདི་གའི་གསོག་ཉར་ཡིག་ཆ་གཞིར་བཞག་ཐོག་བཀོད་ཡོད་ནའང༌། དགེ་སློབ་ཀྱི་གྲངས་འབོར་སོགས་གྲངས་ཐོ་ཁག་ཅིག་དུས་རྒྱུན་འཕོ་འགྱུར་འགྲོ་མུས་དང༌། ཁུངས་སོ་སོ་ནས་གྲངས་ཐོ་བསྡུ་བའི་དུས་སྐབས་འདྲ་མིན། གྲངས་ཐོའི་འབྱུང་ཁུངས་ཡིག་ཆ་འདྲ་མིན་སོགས་ལ་བརྟེན་ནས་དོགས་གནས་ཡོད་པ་རེ་འགའ་ཐོན་པར་གང་ཐུབ་ཞིབ་བཤེར་བྱས་ཀྱང༌། ད་དུང་ངེས་པ་མ་རྙེད་པ་རེ་ཟུང་ལྷག་པ་ཤེས་ལས་ཀྱི་སྔར་བསྒྲགས་ཡིག་ཆ་ཚད་འཛིན་བྱས་ཡོད།
  5. སློབ་གྲྭ་ཁག་གི་འདྲ་པར་མང་པོ་ཞིག་ལ་འགྲེལ་བརྗོད་དང་ལོ་དུས་འཁོད་མེད་པའམ། ཡོད་ཀྱང་དོགས་གཞི་ཅན་ཀྱི་རིགས་སྐབས་བབས་མི་སྣ་མྱོང་རྒྱུས་ཅན་གང་མང་ལ་འདྲི་ཞིབ་ཅི་ནུས་ཞུས་ཀྱང༌། ངོས་འཛིན་མ་ཐུབ་པ་མང་དག་ཅིག་བྱུང་བ་རྣམས་ལོ་རྒྱུས་ཀྱི་རིན་ཐང་དེ་ཙམ་མེད་གཤིས་བར་འཇུག་ཞུས་མེད།
  6. ལོ་རྒྱུས་ཀྱི་དོན་སྙིང་ལ་དམིགས་ཏེ་སྔོན་ཆད་སྒོ་བརྒྱབ་ཟིན་པའི་སློབ་གྲྭ་ཁག་གི་ལོ་རྒྱུས་ཀྱང་གང་ནུས་ཀྱིས་འཚོལ་ཞིབ་ཀྱིས་ཟུར་བཀོད་བྱས་ཡོད་ཀྱང༌། ད་དུང་ཆད་ལུས་བྱུང་བའི་སློབ་གྲྭ་ཡོད་ངེས་ལགས་ན། ཆད་ལུས་བྱུང་རིགས་ལ་དགོངས་སེལ་དང་སྦྲགས་གནས་ཚུལ་མཁྱེན་རྒྱུས་ཅན་ཚོས་ཁ་སྐོང་གི་དགོངས་འཆར་འབུལ་གནང་ཡོང་བ་ཞུ།
  7. བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་འདས་པའི་ལོ་ངོ་ལྔ་བཅུའི་ལོ་རྒྱུས་འབྲི་དགོས་ན། ད་ལྟ་རང་གཞུང་གི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་༧༧ ཁོ་ནའི་ལོ་རྒྱུས་མ་ཡིན་པར། བོད་མི་སྐྱབས་བཅོལ་བ་སྤྱིའི་གཞི་རིམ་སློབ་གྲྭའི་ལོ་རྒྱུས་གནས་སྟངས་བསྡུ་གལ་ཆེ་བར་བརྟེན། བོད་མི་སྐྱབས་བཅོལ་བའི་ཆེད་དུ་འཛུགས་སྐྱོང་བྱས་པའི་སློབ་ཁག་གཞན་ཅི་ཡོད་ཀྱི་ལོ་རྒྱུས་གནད་བསྡུས་ཙམ་ཟུར་བཀོད་བྱས་ཡོད་ནའང༌། སློབ་ཁག་དེ་དག་ལ་ད་བར་འབྲེལ་འདྲིས་དེ་ཙམ་མེད་སྟབས་ཆད་ལུས་དང་ཧེ་བག་བྱུང་ན་དགོངས་སེལ་ཞུ།
  8. ཆོས་སྡེ་ཁག་གིས་འཛུགས་སྐྱོང་གནང་བའི་གཞི་རིམ་སློབ་གྲྭ་རྣམས་སྒྲིག་ཁུངས་སོ་སོའི་ལོ་རྒྱུས་སུ་གཏོགས་པས་དེབ་འདིར་ཟུར་བཀོད་ཞུས་མེད།
  9. བར་འཇུག་འདྲ་པར་ཁ་ཤས་སྤུས་གཙང་མེད་ནའང༌། ལོ་རྒྱུས་ཀྱི་རིན་ཐང་བསམས་ནས་བདམས་བཀོད་ཞུས་པ་བཅས།

    ལོ་རྒྱུས་ཀྱི་དཔེ་དེབ་འདི་ལྟ་བུ་ཞིག་རྩོམ་སྒྲིག་བྱ་བར་དཔྱད་གཞིའི་ཡིག་ཚགས་སྣ་མང་བཀླག་བལྟ་དགོས་པའི་ཐོག རྒྱ་བལ་འབྲུག་གསུམ་གྱི་གཞི་རིམ་སློབ་གྲྭའི་དམིགས་བསལ་གནས་སྟངས། སློབ་གྲྭ་མི་འདྲ་བ་ཁག་གི་རྒྱུན་ལྡན་ཤེས་ཡོན་ལས་རིམ་དང་འགོ་ལས་གསར་རྙིང་བཅས་ལ་མྱོང་འདྲིས། ཁྱད་པར་རྩོམ་སྒྲིག་གི་དུས་ཡུན་འདང་ངེས་བཅས་ཆ་རྐྱེན་མི་ཉུང་བ་ཞིག་འཛོམས་དགོས་ནའང༌། འདས་པའི་ཆར་བོད་མིའི་གཞི་རིམ་སློབ་གྲྭའི་ཤེས་ཡོན་ལོ་རྒྱུས་ཀྱི་དཔྱད་གཞིར་ཕན་པའི་ཡིག་ཚགས་ཧ་ཅང་ཉུང་ཞིང༌། ཅུང་ཟད་ཡོད་པ་རྣམས་ཀྱང་གནས་ཚུལ་བསྡུས་དྲགས་པའའམ་ཆ་ལག་མ་ཚང་བ་བཅས་ཕྱིས་འབྱུང་རྩད་ཞིབ་པ་རྣམས་ལ་སྐུ་ངལ་འཕྲད་ངེས་པ། ལྷག་པར་བཙན་བྱོལ་སྤྱི་ཚོགས་ཁྲོད་སྔར་གྱི་ཤེས་མྱོང་ལྡན་པའི་རྒན་རབས་པ་དག་ཉུང་དུ་སོང་སྟེ་མི་རབས་རྒན་གཞོན་བརྗེ་འགྱུར་གྱི་སོ་མཚམས་སུ་སླེབས་པས་ད་ལྟ་ལོ་རྒྱུས་ཉར་ཚགས་མ་ཐུབ་ཚེ་དུས་ཀྱི་ཆོས་ཉིད་དུ་འགྲོ་རྒྱུ་ཉག་ཅིག་བཅས་ལ་བརྟེན། ཤེས་མྱོང་དང་མཐུན་རྐྱེན་འཛོམས་མིན་ལ་མ་བལྟོས་པར་དུས་ཡུན་རིང་པོ་མ་འགོར་བར་རྩོམ་སྒྲིག་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ་གཤིས། སློབ་གྲྭ་སོ་སོའི་ལོ་རྒྱུས་སྤྱི་བམ་ཙམ་མ་ཡིན་པར། འཛུགས་སྐྲུན་གྱི་དུས་རིམ་དང་འཕོ་འགྱུར། ཤེས་ཡོན་ལས་རིམ། དགེ་ལས་སློབ་ཕྲུག་གི་གྲངས་འབོར། ཤེས་ཡོན་གྲུབ་འབྲས། གཞུང་འབྲེལ་འཚམས་གཟིགས་གནས་སྟངས་སོགས་ཕྱོགས་དུ་མའི་གནས་སྟངས་བསྡུ་རུབ་ཀྱིས། ད་རེས་ཀྱི་རྩོམ་སྒྲིག་འདིས་འབྱུང་འགྱུར་ལོ་རྒྱུས་དཔྱད་ཞིབ་སྐབས་ཕན་ཐོགས་ཅུང་ཟད་ཡོང་བའི་རེ་འདུན་བཅངས་ཏེ་གལ་གནད་ཆེ་བའི་གནས་ཚུལ་གང་ཐུབ་འགོད་པའི་འབད་རྩོལ་ཞུས་ཡོད།
    ལོ་རྒྱུས་འདི་ཉིད་རྩོམ་སྒྲིག་གི་སྐབས་སུ་དཀའ་ངལ་དང་དོགས་གནས་མི་ཉུང་བ་ཞིག་ལ་གདོང་ལེན་བྱ་དགོས་བྱུང༌། འདིར་མཁྱེན་ལྡན་ཀློག་པ་པོ་རྣམས་ཀྱིས་དམིགས་བསལ་ཐུགས་སྣང་དགོས་རྒྱུ་ཞིག་ནི། དཔེ་དེབ་ནང་འཁོད་ལོ་དུས་དང༌། གྲངས་ཐོ། འདྲ་པར། སློབ་གྲྭའི་ལོ་རྒྱུས་སོགས་གནས་ཚུལ་རེ་འགའ་ཁུངས་ལྡན་ཡིག་ཆར་གཞི་བཅོལ་བྱ་ཡུལ་མ་རྙེད་པ་དང༌། ཡོད་པ་རྣམས་ཀྱང་དོགས་གནས་ཅན་དུ་མ་ཞིག་ཡོད་པ་རྣམས། འདི་ནས་སྐབས་འབྲེལ་ཡིག་ཆ་དང་ཐུགས་རྒྱུས་ལྡན་པའི་རྒན་རབས་དག་གི་ངག་རྒྱུན་སོགས་གཞི་རྩར་བཟུང་སྟེ་ཞུ་དག་གང་ཐུབ་བཏང་ཡོད་ཀྱང༌། ཆད་ལྷག་ནོར་གསུམ་གྱི་ཆ་ཤས་བྱུང་ཚེ་དགོངས་སེལ་དང་སྦྲགས་འདི་གར་ཡིག་ངག་གང་རུང་ཐོག་འབྲེལ་གཏུགས་ཀྱིས་ཡོ་བསྲང་གནང་ལམ་བྱུང་ན་སྐབས་འཕྲལ་ཞུ་དག་གིས་ཕྱིས་འབྱུང་ཁ་སྐོང་དང་ཡོ་བསྲང་བྱ་རྒྱུ་བཅས། རྩོམ་སྒྲིག་པས། ཕྱི་ལོ་༢༠༠༩ ཟླ་༡༠ ཚེས་༢༧ ཉིན། བཞུགས་སྒར་དྷརྨ་ཤཱ་ལ་གངས་ཅན་སྐྱིད་གཤོངས་སུ་བྲིས།

མདུན་ངོས།

(18859)