རྩོམ་སྒྲིག་དང་ཐ་སྙད་ཚན་པ།

 

ཕྱི་ལོ་ ༡༩༧༩ སྔོན་དུ་རྩོམ་སྒྲིག་ཚན་པ་ཞེས་ཟུར་དུ་མེད་ཀྱང༌། ཨིན་བོད་ཚིག་མཛོད་གསར་སྒྲིག་དང༌། བོད་ཡིག་སློབ་དེབ་རྩོམ་སྒྲིག་སོགས་ཀྱི་ལས་དོན་ནས་བརྩམས་ཏེ། སྐབས་འགར་ཤེས་རིག་རྩོམ་སྒྲིག་ཁང་ལྟ་བུའི་མིང་འབོད་བྱུང་ཡོད་པ་མ་གཏོགས་ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་གྱི་ངོ་བོར་གཏན་འབེབས་བྱུང་མེད། ཕྱི་ལོ་ ༡༩༩༠ ཙམ་ནས་སྔར་གྱི་ཚིག་མཛོད་ལས་གཞིའི་ཐོག  བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་བསྐོ་འཛུགས་དང༌། ཕ་ཡུལ་དུས་དེབ་གསར་འདོན་སོགས་རྩོམ་སྒྲིག་གི་ལས་དོན་རྣམ་གྲངས་མང་དུ་བཏང༌། ཕྱི་ལོ་ ༡༩༩༣ རྗེས་སུ་རིམ་གྱིས་རྩོམ་སྒྲིག་སྡེ་ཚན་ཞེས་སྡེ་ཚན་གྱི་ངོ་བོར་བསྒྱུར་བ་དང༌། ཕྱི་ལོ་ ༢༠༠༣ ཟླ་ ༡༡ ནས་དེ་སྔའི་སློབ་དེབ་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་གསར་དུ་བཙུགས་པའི་སྲོལ་རྒྱུན་ཤེས་ཡོན་ཚན་པར་བསྒྲིལ། ཕྱི་ལོ་ ༢༠༠༥ ལོར་བོད་ཡིག་ཐ་སྙད་གཏན་འབེབས་ཀྱི་ལས་གཞི་གསར་དུ་བཙུགས་ཏེ། ད་ཆར་རྩོམ་སྒྲིག་དང་ཐ་སྙད་ཚན་པ་ཞེས་ཤེས་ཡོན་སྡེ་ཚན་གྱི་ཁོངས་སུ་ཡོད།

ཚན་པ་འདིའི་ལས་འགན་གཙོ་བོ་ནི།

  1. བཀའ་ཤག་གིས་ཐད་བསྐོས་གནང་བའི་ཆེས་མཐོའི་ཐ་སྙད་གཏན་འབེབས་ལྷན་ཚོགས་འོག་དེང་རབས་བོད་ཚིག་ཐ་སྙད་གསར་སྒྲིག་དང་གཏན་འབེབས་ཀྱི་ལས་དོན་འགན་ཁུར།
  2. གཞི་རིམ་འོག་མའི་འཛིན་རིམ་བཞི་པ་ནས་གཞི་རིམ་གོང་མ་བར་གྱི་སློབ་ཕྲུག་ཚོའི་བོད་ཡིག་སློབ་སྦྱོང་ལ་གཞོགས་འདེགས་ཆེད་“ཕ་ཡུལ་ཤེས་བྱའི་བང་མཛོད་” ཅེས་པའི་ཟླ་རེའི་བརྙན་དེབ་འདོན་སྤེལ།
  3. གཞི་རིམ་འོག་མའི་སློབ་མར་གཞོགས་འདེགས་ཆེད་“གངས་ལྗོངས་བྱིས་པའི་བརྙན་དེབ་”རྩོམ་སྒྲིག་དང་དཔར་འགྲེམས།
  4. གཞི་རིམ་གོང་འོག་བར་གསུམ་གྱི་སློབ་མ་ཚོའི་བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་གཞོགས་འདེགས་ཆེད་དེབ་ཕྲེང་ཁག་ཅིག་ཕྱོགས་བསྒྲིགས་དཔར་འགྲེམས་དང་། ཚིག་མཛོད། སྦྱོང་དེབ། དཔྱད་དེབ། དཔེ་རིས་ཅན་གྱི་སྒྲུང་དེབ་སོགས་ད་བར་དཔེ་དེབ་རྒྱས་བསྡུས་མི་འདྲ་བ་རྣམ་གྲངས་ ༡༡༩ ཙམ་རྩོམ་སྒྲིག་དང་དཔར་འགྲེམས་བྱས་ཡོད་པ་དང༌། ད་དུང་ལོ་རེར་ཉུང་མཐར་དེབ་གྲངས་བཞི་ལྔ་རེ་འདོན་སྤེལ་ཞུ་མུས་ཡིན།

(18794)