ཤེས་རིག་བཀའ་བློན་རིམ་པའི་ལོ་རྒྱུས་གནད་བསྡུས།

ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན། (༡༩༦༠/༡༠/༤ – ༡༩༦༤/༩)

༡༽     ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་མཆོག་ནི། ཕྱི་ལོ་ ༡༩༡༥ ལོའི་ཟླ་ ༤ ཚེས་ ༡༥ ལ་འཁྲུངས། དགུང་ལོ་ཆུང་དུས་ལྷ་ས་སྐྱིད་རས་སློབ་གྲྭར་སློབ་སྦྱོང་ལོ་དྲུག་གནང༌། དགུང་ལོ་ ༡༣ ཐོག་འབྲས་སྤུངས་སུ་ཆོས་ཞུགས་གནང༌། དགུང་ལོ་ ༡༧ ཐོག་ཀུན་བདེ་གླིང་བླ་བྲང་གི་ཞབས་སྡོད་ལོ་གཉིས་གནང།་ཕྱི་ལོ་ ༡༩༣༨ ལོའི་དགུང་གསར་མཛད་ཆེན་སྐབས་བོད་གཞུང་གི་རྩེ་དྲུང་གི་ཞབས་སྣེར་འཁོད་དེ་རྩེ་ཡིག་ཚང་གི་ལས་བྱ་དང༌། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་སྣེ་ཤན་གཞོན་པ། ཚེ་གླིང་དོ་དམ་པ། ཤོད་མགྲོན། རྩེ་མགྲོན་སོགས་གནང༌། ཕྱི་ལོ་ ༡༩༤༧ ལོར་རྒྱལ་ཚབ་རྭ་སྒྲེང་ཕྱོགས་གཏོགས་དང་བཅས་པ་ཉམས་ཉེས་བྱུང་སྐབས་ཁོང་ཡང་གཞུང་ཞབས་ནས་ཕྱིར་འཐེན་བྱས་པར་བརྟེན། ཀུན་བདེ་གླིང་བླ་བྲང་གིས་ཁམས་ཕྱོགས་རང་ཁོངས་དཔའ་ཤོད་བླ་བྲང་གི་ཕྱག་མཛོད་དུ་བསྐོས་པ་ལྟར་ཕྱི་ལོ་ ༡༩༤༨ ལོར་ཕེབས། ཀུན་བདེ་གླིང་གི་ཛ་སག་བསྟན་པ་དབང་ཕྱུག་དགོངས་པ་ཞུས་པའི་ཚབ་ཏུ་ྋགོང་ས་མཆོག་གིས་བསྐོ་བཞག་བསྩལ་བ་ལྟར་ཕྱི་ལོ་ ༡༩༥༢ ཟླ་ ༡༠ ཚེས་ ༥ ཉིན་གསར་མཇལ་ཞུས། ཕྱི་ལོ་ ༡༩༥༤ ལོར་ྋགོང་ས་མཆོག་གིས་ལེགས་བཅོས་ལས་ཁུངས་བཙུགས་པའི་འཐུས་མིར་བསྐོས་པ་ལྟར་འཐུས་མི་དང་རྒྱུན་ལས་ལས་ཁུར་ཕྱི་ལོ་ ༡༩༥༩ བར་གནང༌། ྋགོང་ས་མཆོག་རྒྱ་ནག་ཏུ་ཆིབས་སྒྱུར་སྐབས་ཕེབས་སྒྲིག་སྤྱི་ཁྱབ་ཀྱི་ལས་འགན་ཐོག་ཆབ་སྲིད་ཀྱི་མཛད་བྱུས་གལ་ཆེན་རིགས་མོལ་བསྡུར་མཛད་ཡུལ་བཀའ་བློན་རྣམ་པ་སོགས་མི་སྣ་ ༡༣ དམིགས་བསལ་ཟུར་བསྐོས་མཛད་པའི་ཁོངས་སུའང་འགན་ཁུར་བཞེས། ཕྱི་ལོ་ ༡༩༥༥ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ཨུ་ཡོན་མིང་བསྐོས་ལྟར་ཕྱག་ལས་གནང༌། ཕྱི་ལོ་ ༡༩༥༦ ལོར་ྋགོང་ས་མཆོག་རྒྱ་གར་དུ་ཆིབས་སྒྱུར་གནང་སྐབས་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ཕེབས་སྒྲིག་དོ་དམ་པའི་འགན་བཞེས། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་ྋགོང་ས་མཆོག་གི་སྐུ་ཕྱྭ་ལ་བསྡོ་བའི་གནས་ཚུལ་འབྱུང་ཉེན་ཡོད་པ་ཐོས་འཕྲལ་གཟིགས་མོར་ཆིབས་སྒྱུར་གནང་རྒྱུ་ཕྱིར་འཐེན་ཡོང་བའི་གསོལ་འདེབས་ཐོག་སྐུ་སྲུང་དམག་སྤྱི་ཁང་ཆེད་འཛུགས་གནང་བའི་ནང་འོས་འདེམས་བྱུང་བ་ལྟར་ཕྱག་ལས་གནང༌། ྋགོང་ས་མཆོག་སྟོན་འཁོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་སྐབས་ཀུན་བདེ་གླིང་བླ་བྲང་གི་ཐོག་སྟེང་གི་དར་ལྕོག་ནས་སྒོ་རྒྱབ་ཀྱི་ཕྱགས་མ་ཡན་ལྷག་བསམ་དང་བ་ཆེན་པོས་གཞུང་འབུལ་ཞུས་ཏེ་ཆིབས་ཞབས་སུ་བཅར། རྒྱ་གར་དུ་ཕེབས་རྗེས་བཙན་བྱོལ་བོད་མི་ཁྱོན་ཆེ་རྒྱ་གར་ས་ཐོག་ཏུ་འབྱོར་དང་འབྱོར་བཞིན་པའི་གདོང་བསུ་དང་རྟོག་ཞིབ་སློབ་སྟོན་ཆེད་གནད་ཡོད་ཁག་ཅིག་བཏང་བ་ལྟར་མི་ས་མ་རིར་ཕེབས་ནས་ཟླ་བ་བཞི་ཙམ་བཞུགས། ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༣ ཚེས་ ༣ ཉིན་སློབ་ཕྲུག ༥༠ ཐམ་པ་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་དེ་གསར་འཛུགས་གནང་སྐབས་སློབ་སྤྱིའི་ཕྱག་ལས་གནང༌། དེ་རྗེས་ཤེས་རིག་ལས་ཁུངས་གསར་འཛུགས་སྐབས་ཤེས་རིག་བཀའ་བློན་དུ་བསྐོ་བཞག་གནང་བ་ལྟར་མ་སུ་རི་ནས་དྷ་སར་ཕེབས་ཏེ་ཕྱི་ལོ་ ༡༩༦༠།༡༠།༤ ནས་ ༡༩༦༤།༩ བར་མཛད་ཁུར་བཞེས། དེ་རྗེས་ཆོས་དོན་བཀའ་བློན་གྱི་མཛད་ཁུར་བཞེས་ཤིང་ ༡༩༧༥ ལོའི་ཟླ་ ༥ ཚེས་ ༢༣ ཉིན་བགྲེས་ཡོལ་ཐོབ་པ་ལྟར་ར་ཇེ་པུར་དུ་བཞུགས། ཕྱི་ལོ་ ༡༩༨༥ ལོར་བོད་དུ་བལྟ་སྐོར་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གནང་སྟེ་ཕེབས། བགྲེས་ཡོལ་དུ་ཡོད་ཀྱང་སྔར་བཞིན་གཞུང་ཞེན་ཆེན་པོས་བཀའ་འདྲི་དགོངས་བསྐོར་ཇི་ཞུས་ལ་སློབ་སྟོན་སྦ་གསང་མེད་པར་གནང༌། དེ་བཞིན་ཀུན་བདེ་གླིང་གི་ཡང་སྲིད་རིན་པོ་ཆེ་གདན་ཞུ་ཁྲི་གསོལ་དང༌། རང་གི་ལོ་རྒྱུས་ཕྱག་དེབ་མི་ཚེའི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ཐབས་བྱུས་སྙིང་སྟོབས་ཀྱི་འབྲས་བུ་ཞེས་པ་གསར་རྩོམ་གནང༌། བཀའ་ཟུར་འདི་པའི་མཛད་བཟང་ལ་གུས་བཀུར་ཡི་རང་མཚོན་ཕྱིར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་ཕྱི་ལོ་ ༢༠༠༠ ལོར་གཟེངས་བསྟོད་ཕྱག་ཁྱེར་ཞིག་ཀྱང་ཕུལ་ཡོད། མཐར་ཕྱི་ལོ་ ༢༠༠༡ ཟླ་ ༡ ཚེས་ ༢༨ ཉིན་དགོངས་པ་རྫོགས་སོ། །*

* ཤེས་རིག་་གི་ཡིག་ཆ་དང་ཀུན་བདེ་གླིང་རང་གི་ལོ་རྒྱུས་ཕྱག་དེབ། གཞུང་གི་ཡིག་ཆ་གཞན་བཅས་ནས་བཏུས་ཏེ་བཀོད།

འཇང་ཆོས་ཚེ་རིང་མགོན་པོ།(༡༩༦༤/༩/ – ༡༩༦༦/༧/༡༠)

༢༽    ལི་ཐང་འཇང་ཚ་ཆོས་མཛད་ཚེ་རིང་མགོན་པོ་མཆོག་ནི་མདོ་ཁམས་སུ་འཁྲུངས་ཤིང༌། ཕྱི་ལོ་ ༡༩༥༨ ལོར་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་འགོ་ཁྲིད་པའི་བསྟན་སྲུང་དང་བླང་དམག་གསར་འཛུགས་གནང་སྐབས་སྒྲིག་འཛུགས་དེའི་དབུས་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་བྱེད་གཙོ་གྲས་སུ་ཡོད། བཙན་བྱོལ་དུ་ཕེབས་རྗེས་སྤྱི་འཐུས་སྐབས་དང་པོ་ཆ་ཚང་དང༌། སྐབས་གཉིས་པའི་དུས་ཡུན་ཕྲན་བུ་བཅས་ཀྱི་རིང་མདོ་སྟོད་སྤྱི་འཐུས་གནང༌། ཕྱི་ལོ་ ༡༩༦༤ ལོའི་ཟླ་བ་ ༩ པར་ཤེས་རིག་བཀའ་བློན་དུ་བསྐོ་སྩལ་ལྟར་ཕྱི་ལོ་ ༡༩༦༦ ཟླ་ ༧ ཚེས་ ༡༠ བར་མཛད་འཁུར་བཞེས་ཤིང༌། སྐུ་གཟུགས་ཕྲན་བུའི་མི་བདེ་བའི་མུར་གོང་ཚེས་ཉིན་དགོངས་པ་རྫོགས། ཁོང་གི་ལོ་རྒྱུས་ཞིབ་པ་རྩད་གཅོད་ཞུས་ཀྱང་མ་རྙེད།*

*ཤེས་རིག་ལས་ཁུངས་ཀྱིས་བཏོན་པའི་ཉེར་ལྔའི་དྲན་དེབ་དང་ཆུ་སྒང་ལོ་རྒྱུས། རྒྱ་བློ་བཟང་བཀྲ་ཤིས་ཀྱི་ལོ་རྒྱུས་སོགས་ནས་བཏུས་ཤིང་མྱོང་ཅན་འགར་དྲི་གཏུགས་ཀྱང་ཞུས། འོན་ཀྱང་ལོ་རྒྱུས་ཞིབ་ཕྲ་མ་ཤེས།

ཕྲེང་རིང་འཇིགས་མེད་སུམ་རྩེན་དབང་པོ།(༡༩༦༨/༡ – ༡༩༧༣/༥)

༣༽  ཕྲེང་རིང་འཇིགས་མེད་སུམ་རྩེན་དབང་པོ་མཆོག་ནི་ཕྱི་ལོ་ ༡༩༠༨ ལོར་འབྲས་ལྗོངས་སུ་ཡབ་འབྲས་ལྗོངས་རྒྱལ་སྲས་གཙོ་བྲག་རྣམ་རྒྱལ་གྱི་སྲས་སུ་འཁྲུངས། ཕྱི་ལོ་ ༡༩༡༦ ནས་རྒྱལ་རྩེ་སྨིན་གྲོལ་རབ་གླིང་དགོན་དང་སྒར་གཞིས་སློབ་གྲྭ། དབྱིན་ཇིའི་ཚོང་སྤྱི་མེག་ཌོ་ནལ་གྱིས་བཙུགས་པའི་སློབ་གྲྭ་བཅས་སུ་སློབ་སྦྱོང་གནང༌། ཕྱི་ལོ་ ༡༩༢༠ ལོར་རྒྱ་གར་དུ་ཕེབས་ནས་ཀ་སྦུག་ཧོམ་སེ་སློབ་གྲྭར་ལོ་ ༣ དང༌། རྡོར་གླིང་སན་སྤོལ་སློབ་གྲྭར་ཕེབས་ཏེ་སློབ་སྦྱོང་གནང༌། སློབ་ཐོན་རྗེས་བོད་དུ་ཕེབས་ནས་ ༡༩༣༢ ལོར་བོད་གཞུང་གིས་བཀའ་མགྲོན་གཡུ་ཐོག་སྲས་དང་སྐུ་སྲུང་དམག ༣༠ སྐོར་རྒྱལ་རྩེར་དབྱིན་ཇིའི་དམག་སྒར་དུ་འཕྲུལ་མདའ་དང་ལག་སྦམ་རྒྱག་འཕེན་བྱེད་སྟངས་སྦྱོང་བར་གཏོང་སྐབས། ཕྲེང་རིང་འཇིགས་མེད་སུམ་རྩེན་དབང་པོར་འགོ་དམག་རྣམས་ཀྱི་སྐད་སྒྱུར་དང་མཉམ་དུ་དམག་སྦྱོང་བྱ་དགོས་ཕེབས་པ་ལྟར་གནང༌། ༡༩༣༣ ལོར་ལྷ་སར་ཕེབས་ནས་བརྒྱད་གཏོར་མཛད་ཆེན་ཐོག་གཞུང་ཞབས་ཤོད་སྐོར་སྲས་རྣམ་པའི་གསར་མཇལ་ཞུས། ཁོང་དང་གཡུ་ཐོག་གཉིས་གྲོང་དྲག་དམག་སྒར་གསར་འཛུགས་བསྐྱངས་པའི་མདའ་དཔོན་དུ་བསྐོས། ༡༩༣༤ ལོར་གྲོང་དྲག་དམག་སྒར་གྱི་དམག་མི་རྣམས་ཕྱིར་སློག་བྱས་རྗེས་གྲྭ་བཞི་དངུལ་པར་ལས་ཁུངས་ཀྱི་ལས་བྱ་གནང་མུར་སྟོད་ལུང་ཁྲི་ཟམ་ལྕགས་ཟམ་གསར་འཛུགས་ཀྱི་དོ་དམ་པ་གནང༌། ༡༩༣༨ ལོར་བླ་བྲང་ཕྱག་མཛོད་དུ་བསྐོ་བཞག་གནང་སྟེ་ ༡༩༥༦ བར་ལོ་བཅོ་བརྒྱད་རིང་ལས་ཁུར་བཞེས། ༡༩༤༧ ལོར་སེ་རྭ་དང་རྭ་སྒྲེང་དུ་དམག་འཁྲུག་སྐབས་མེ་སྒྱོགས་དང་འཕྲུལ་མདའི་རུ་ཁག་གི་འགོ་འཛིན་གནང༌། དེ་རྗེས་གོར་ཞིབ་ལས་ཁུངས་དང་གཏན་འཇགས་ཨར་པོའི་ལས་ཁུངས་ཀྱི་འགན་བཞེས། ༡༩༤༩ ལོར་རྒྱ་ནག་དམར་པོའི་གཞུང་དང་ཞི་གྲོས་གནང་བར་རྩེ་ཕྱག་སྨིན་དྲུག་སྦུག་དང་རྩིས་དཔོན་ཞྭ་སྒབ་པ་སོགས་བཏང་བའི་སྐད་སྒྱུར་དུ་རྒྱ་གར་ལ་ཕེབས། ༡༩༥༣ ལོར་ནོར་གླིང་ཕོ་བྲང་འཛུགས་སྐྲུན་རྒྱ་སྐྱེད་དང་འབྲེལ་རྟག་བརྟན་མི་འགྱུར་ཕོ་བྲང་གསར་བཞེངས་ཀྱི་དཔེ་རིས་འཆར་འགོད་དང་དོ་དམ་པ་གནང༌། ཕྱི་ལོ་ ༡༩༥༤ ལོར་ྋགོང་ས་མཆོག་རྒྱ་ནག་ཏུ་ཆིབས་སྒྱུར་གནང་སྐབས་བཀའ་འབྲེལ་ལྟར་མདོ་ཁམས་ཁུལ་དང་འཁྲུངས་གཞིས། དགོན་སྡེ་ཁག་བཅས་ལ་གསུང་ཆོས་དང་མཇལ་ཁ་གནང་སྐབས་ཀྱི་སྐུ་པར་སྒྲོན་གནང་མཛད། ༡༩༥༥ ལོར་ྋགོང་ས་མཆོག་རྒྱ་ནག་ནས་ལྷ་སར་ཕེབས་རྗེས་ཕོ་བྲང་གསར་པ་རྟག་བརྟན་མི་འགྱུར་ཕོ་བྲང་གི་ཨར་ལས་མཇུག་སྐྱོང་གི་མཛད་སྒོ་བསྐྱངས། ༡༩༥༦ ལོར་ྋགོང་ས་མཆོག་རྒྱ་གར་དུ་ཆིབས་སྒྱུར་གནང་སྐབས་གསུང་སྒྱུར་ཞབས་ཞུ་དང་སྐུ་པར་སྒྲོན་པ་གནང༌། སྔ་ཕྱིའི་ཞབས་འདེགས་གཟེངས་སུ་ཐོན་པར་བརྟེན་ ༡༩༥༨ ལོར་གནས་སྤར་གྱིས་ཛ་སག་གི་གོ་མིང་སྩལ། ྋགོང་ས་མཆོག་གདན་ས་ཁག་ཏུ་ཆིབས་སྒྱུར་གྱིས་གྲྭ་སྐོར་མཛད་ཆེན་སྐྱོང་སྐབས་ཐོག་མཐའ་བར་གསུམ་གྱི་སྐུ་པར་དང་དངོས་བཤུས་གློག་བརྙན་དེང་སྐབས་ཀུན་གྱི་གཟིགས་ཆོས་སུ་གྱུར་པ་ཁག་སྒྲོན་པ་གནང༌། ༡༩༥༩ ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྤྱི་ཁྱབ་ལས་ཁུར་ལེགས་པར་བསྒྲུབས། ༡༩༥༩ ལོའི་སྒེར་ལངས་སྐབས་མི་དམངས་ཚོགས་འདུ་རྒྱས་འཛོམས་ཀྱི་བཀའ་ལྟར་ནོར་གླིང་དུ་ཕྱག་ལས་གནང༌། ལོ་དེའི་ཟླ་ ༣ ཚེས་ ༡༩ དགོང་མོ་རྒྱ་ནག་གཞུང་གིས་ནོར་གླིང་གིས་གཙོས་པའི་ཕོ་བྲང་དང་གཙུག་ལག་ཁང་རྣམས་ལ་མེ་མདའ་དང་མེ་སྒྱོགས་འཕངས་ཏེ་མི་གསོད་ཁྲག་སྦྱོར་ལོ་རྒྱུས་ཐོག་མ་གྲགས་པ་བྱེད་སྐབས་སྲོག་ཉེན་ལ་མ་འཛེམས་པར་ཡར་མར་ཕེབས་ཏེ་ལོ་རྒྱུས་ཀྱི་དཔང་རྟགས་པར་ལེན་གནང༌། དེ་ནས་མོ་ཆས་སྤྲས་ཏེ་མདེལ་ཆར་གྱི་ཁྲོད་དུ་འཕན་པོ་དང༌། དེ་ནས་ལྷོ་ཁ་སོགས་བརྒྱུད་རྒྱ་གར་མ་སུ་རིར་ཕེབས། ྋགོང་ས་ཆེན་པོའི་སྐུ་འཁོར་གྱི་གསུང་སྒྱུར་དང་སྐུ་སྒེར་ཡིག་ཚང་གི་དབྱིན་བསྒྱུར་ཞབས་ཞུ། དེ་བཞིན་ཞར་ཞོར་དུ་འཛིན་གྲྭ་བཙུགས་ཏེ་ཞབས་འབྲིང་ཁག་ལ་དབྱིན་ཡིག་དང་ཨང་རྩིས་སློབ་ཁྲིད་གནང༌། ཕྱི་ལོ་ ༡༩༦༠ ལོར་མ་སུ་རིར་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་དེ་འཛུགས་སྐབས་སློབ་སྤྱིར་བསྐོ་བཞག་གནང༌། ༡༩༦༨ ཟླ་ ༡ པོར་སློབ་སྤྱིའི་ལས་འགན་རང་འཇགས་ཐོག་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་དུ་བསྐོ་བཞག་གནང་བ་ལྟར་ཕྱི་ལོ་ ༡༩༧༣ ཕྱི་ཟླ་ ༣ བར་མཛད་ཁུར་བཞེས། དེ་རྗེས་དགུང་ན་དང་སྐུ་གཟུགས་ཀྱི་བབས་ཀྱིས་བགྲེས་ཡོལ་ཞུ་སྩལ་ལྟར་ར་ཇེ་པུར་དུ་བཞུགས་ཀྱང་བོད་དོན་འགངས་ཆེའི་རིགས་ལ་སྨན་པའི་དགོངས་འཆར་སློབ་སྟོན་ཇི་ཞུས་སྦ་གསང་མེད་པ་གནང་བར་མ་ཟད། ལྷ་ལྡན་གཙུག་ལག་ཁང་གི་ལོ་རྒྱུས་ཤིག་ཀྱང་གསར་རྩོམ་མཛད། ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༣ ཉིན་ར་ཇེ་པུར་དུ་དགོངས་པ་རྫོགས།*

*གཞུང་གི་ཡིག་ཆ་དང་ཤེས་བྱ་གསེར་དེབ་སོགས་ནས་ཕྱོགས་བཏུས་ཀྱིས་བཀོད།

ཐུབ་བསྟན་ཉིན་བྱེད།(༡༩༧༤/༢/༦ – ༡༩༨༠/༢/༢)

༤༽     ཐུབ་བསྟན་ཉིན་བྱེད་མཆོག་ནི་གཡག་སྡེ་བདེ་རབ་ནང་གི་ལྷ་ཀླུ་པའི་གཡོག་ཁོངས་ཞིང་པའི་ཁྱིམ་ཚང་ཞིག་ཏུ་ ༡༩༢༢ ཟླ་ ༥ ཚེས་ ༥ ཉིན་འཁྲུངས། དགུང་ལོ་ ༥།༦ ཙམ་ལ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་དྲུང་ནས་རབ་བྱུང་གི་བསླབ་སྡོམ་ཞུས། དེ་ནས་པོ་ཏཱ་ལའི་ཞོལ་དུ་རྩེ་གཉེར་ཚང་དྲུང་ཡིག་ཅིག་གིས་གཉེར་བའི་སློབ་གྲྭ་ཞིག་ཡོད་པར་ཕེབས་ནས་སློབ་སྦྱོང་གནང༌། ༡༩༣༣ ལོར་རྩེ་སློབ་གྲྭར་ཞིབ་འཇུག་གིས་སློབ་ཕྲུག་ལྔ་ཕྱིར་འབུད་གནང་བའི་ཚབ་ཅིག་ཏུ་འདེམས་ཐོན་བྱུང་བ་ལྟར་དེ་ནས་བཟུང་ ༡༩༤༡ བར་ལོ་དགུའི་རིང་སློབ་སྦྱོང་གནང༌། ཕྱི་ལོ་༡༩༤༡ ལོར་གཞུང་ཞབས་སུ་བསྐོ་བཞག་བྱུང་བ་ལྟར་ལོ་དེར་ཚོགས་མཆོད་སེར་སྒྲེང་ཆེན་མོའི་མཆོད་རྫས་དོ་དམ་པའི་ལས་བྱ་བ་གནང༌། ༡༩༤༢ ལོར་དྭགས་པོ་རྒྱ་ཚ་རྫོང་ཁོངས་བཀའ་བརྒྱུད་ཀྱི་གདན་ས་དྭགས་ལྷ་སྒམ་པོ་ཉམས་གསོའི་ལས་བྱར་བསྐོ་བཞག་གནང་བ་ལྟར་ལོ་གཉིས་ལྷག་བཞུགས། ༡༩༤༥ ལོར་རྫས་མདེལ་དོ་དམ་དང་ཞོལ་དམག་ཕོགས་ཁང་གི་ལས་བྱ་གཅིག་ལྕོགས་གནང༌། ༡༩༤༦ ནས་ ༡༩༥༤ བར་ནོར་གླིང་སྐུ་སྒེར་མཛོད་སྦུག་ལས་ཁུངས་ཀྱི་ལས་བྱ་རྒན་གཞོན་གྱི་ལས་འཁུར་གནང༌། ཕྱི་ལོ་ ༡༩༥༤ ལོར་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་མཁན་འཛིན་དུ་བསྐོ་བཞག་གནང༌། ༡༩༥༥ ལོར་དཔལ་འཁོར་ཆོས་སྡེའི་མཁན་པོ་གནང་མུས་ཐོག་ལེགས་བཅོས་ལས་ཁུངས་ཀྱི་འཆར་གཞི་ལྟར་གཞུང་ཁོངས་རྫོང་གཞིས་ཡོངས་རྫོགས་གཞུང་གིས་ཐད་འཛིན་གནང་རྒྱུར་གཏན་འཁེལ་ཏེ། རྫོང་གཞིས་ལས་སྣེ་ཚང་མ་གསར་བསྐོ་བསྐྱངས་ཁོངས་རྒྱལ་རྩེ་རྫོང་སྡོད་ཆེད་གནས་རིམ་ལྔ་པའི་སེར་སྐྱ་ཉིས་སྦྲེལ་བསྐོ་བཞག་གནང་བའི་ཁོངས་ནས་སེར་མོ་བའི་འགན་བཞེས། ༡༩༥༦ ལོར་ཕ་ལྷ་ཐུབ་བསྟན་འོད་ལྡན་དང་འབྲེལ་བ་གནང་སྟེ་བོད་དོན་ལས་འགུལ་སྤེལ་ཆེད་འབྲུག་བརྒྱུད་རྒྱ་གར་དུ་ཕེབས་ནས་རང་བཙན་གྱི་ལས་འགུལ་སྤེལ། སྐབས་དེར་མི་གྲངས་ ༩ བོད་མིའི་ཁོངས་ནས་ཕྱིར་འབུད་བྱས་པའི་ཁོངས་ཀྱི་གཅིག་ཁོང་ཡིན། ཀ་སྦུག་བདེ་དོན་ཚོགས་པ་ཚུགས་རྗེས་དེའི་ནང་བོད་དོན་དྲིལ་བསྒྲགས་ཀྱི་ཕྱག་ལས་རྒྱ་ཆེ་གནང༌། ༡༩༥༩ ལོར་བོད་ནས་འབྱོར་མུས་བོད་མི་སྐྱབས་བཅོལ་བར་སྣེ་ལེན་ཆེད་སྦག་ས་ས་གནས་སུ་གསོག་སྒར་ཞིག་བཙུགས་པའི་སྣེ་ལེན་འགོ་འཛིན་གནང་བ་དང༌། ལོ་དེའི་ཟླ་ ༩ ཙམ་ལ་བཞུགས་སྒར་མ་སུ་རིར་བཅར་ནས་ནང་སྲིད་ལས་ཁུངས་གསར་འཛུགས་བསྐྱངས་པའི་ལས་བྱ་གནང༌། ༡༩༦༠ ལོར་བཞུགས་སྒར་དྷ་སར་སྤོས་རྗེས་བུ་གསོ་ཁང་གསར་འཛུགས་བསྐྱངས་པའི་ནང་དབུ་འཛིན་གྱི་ཕྱག་རོགས་དང་མི་ས་མ་རི་དང་སྦག་ས་གཉིས་ཀྱི་བོད་མི་སྐྱབས་བཅོལ་བ་ཚོར་འཚམས་འདྲི་སློབ་སྟོན་དང་བུ་ཕྲུག་སློབ་གྲྭར་གཏོང་འདོད་ཡོད་པ་རྣམས་ཀྱི་མིང་ཐོ་བསྡུ་བར་ཕེབས། ༡༩༦༡ ལོར་ཤེས་རིག་བཀའ་བློན་ཕྱག་རོགས་སུ་བསྐོ་བཞག་བྱུང་སྟེ་ལྡི་ལིར་ཕྱག་ལས་གནང༌། བར་དེར་ལས་བྱེད་བསྐོས་སྒྲིག་གསར་པ་གནང་སྐབས་བཀའ་བློན་ལས་རོགས་ཀྱི་མཚན་གནས་ཚང་མ་ཕྱིར་བསྡུ་གནང་བར་བརྟེན་ལྡི་ལི་ཤེས་རིག་ལས་འཛིན་གྱི་མཚན་གནས་ཐོག་ཕྱག་ལས་མུ་མཐུད་དེ་གནང༌། ༡༩༦༥ ལོར་ལྡི་ལི་ཤེས་རིག་ལས་འཛིན་གྱི་ལས་འགན་ཐོག་ལྡི་ལི་སྐུ་ཚབ་དོན་གཅོད་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་ཕྱག་རོགས་སུ་བསྐོས། ༡༩༦༦ ནས་ ༡༩༧༢ བར་ལྡི་ལི་སྐུ་ཚབ་དོན་གཅོད་པ་ལས་ཚབ་གནང༌། ༡༩༧༢ ནས་ ༡༩༧༣ བར་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ལས་རོགས་གནང༌། དེ་ནས་ཤེས་རིག་བཀའ་བློན་དུ་བསྐོ་སྩལ་ལྟར་ཕྱི་ལོ་ ༡༩༧༤ ཟླ་ ༢ ཚེས་ ༦༡༠ ཉིན་དངོས་སུ་གསར་མཇལ་དམ་འབུལ་གྱིས་ ༡༩༧༥ བར་མཛད་ཁུར་བཞེས། ༡༩༧༥ ནས་ ༡༩༨༠ བར་ཤེས་རིག་དང་ཆོས་དོན་བཀའ་བློན་གཅིག་ལྕོགས་གནང༌། སྐུ་གཟུགས་བདེ་མིན་གྱིས་དགོངས་ཞུ་གནང་མཐར་ ༡༩༨༠ ལོའི་ཟླ་ ༩ ཚེས་ ༢༠ ཉིན་དགོངས་འཁྲོལ་ཐོབ་སྟེ་བགྲེས་ཡོལ་དུ་བཞུགས་ཀྱང་ཝཱ་ཎ་མཐོ་སློབ་དང་ལྡི་ལི་བོད་ཁང༌། བོད་ཕྲུག་ཁྱིམ་སྡེ། ཤེས་རིག་ཟློས་གར་བཅས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང༌། ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སོགས་སྐུ་ཚེ་བཟང་མཐར་འཁྱོལ་བ་གནང་ཡོད།*

* ཤེས་བྱ་གསར་དེབ། ༡༩༧༤ ལོའི་ཕྱི་ཟླ་གཉིས་པའི་འདོན་ཐེངས་ཀྱི་ཤོག་ངོས་༨ པར་གསལ།

འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ།(༡༩༨༠/༨/༢༤ – ༡༩༨༥/༡ དང་ཡང་བསྐྱར་ ༡༩༨༧/༩ – ༡༩༩༠/༥)

༥༽     འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནི་ཕྱི་ལོ་ ༡༩༢༩ ལོར་ཁམས་སྡེ་དགེའི་ཁོངས་རྨེ་ཤོད་འཇུ་ཆེན་ཚང་དུ་འཁྲུངས། ཆུང་དུས་ནས་དགེ་བའི་བཤེས་གཉེན་བསྟེན་ཏེ་བོད་ཀྱི་བརྡ་དག་རིག་གནས་དང་ཆོས་ཕྱོགས་ཀྱི་སློབ་གཉེར་གནང༌། དགུང་ལོ་ ༡༧ ཐོག་ལྷ་ས་དང་ས་སྐྱ་སོགས་ལ་གནས་གཟིགས་དང་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་སྟེ་དགུང་ལོ་ ༡༩ ཐོག་རང་ཡུལ་དུ་ཕེབས། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་རྗེས་མཐུན་ཟབ་ཀྱི་ལས་འགན་གནང་བ་ལྟར་རྒྱ་ནག་བརྒྱུད་ཀོ་རི་ཡ་དང་དྲིན་ཐུར་ཐེངས་གཅིག་ཕེབས། ༡༩༥༥ ལོར་ཁམས་ཁུལ་དམངས་གཙོའི་བཅོས་བསྒྱུར་ཞེས་པ་ལག་བསྟར་བྱེད་སྐབས་ལས་འགུལ་དེར་ངོ་རྒོལ་འཐབ་འཛིང་བྱས་པ་དང་སྡེ་དགེ་ཚང་གི་གནས་སྟངས་གཞུང་སར་སྙན་གསན་དང༌། སྡེ་དགེ་ཁུལ་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱ་རྒྱུར་བོད་གཞུང་གིས་མཚོན་ཆའི་མཐུན་འགྱུར་ཡོང་བ། དེ་བཞིན་གཞུང་གི་མཛད་བྱུས་དང་འབྲེལ་བའི་ལམ་སྟོན་ཇི་ཡོད་དང་ཆུ་སྒང་གི་སྒེར་ལངས་སྐོར་བཅས་ཤེས་རྟོགས་སླད་ལྷ་སར་ཐེངས་ལྔ་ཙམ་མངགས་པ་ལྟར་ཕེབས། ༡༩༥༩ ལོའི་ལོ་སྟོད་དུ་ལྷ་ས་ནས་ཕ་ཡུལ་དུ་ཐེངས་རྗེས་མ་ཕེབས་ལམ་ཆབ་མདོར་འབྱོར་སྐབས་ཁམས་ཤར་ནུབ་སྟོད་སྨད་གང་ས་ནས་རྒྱ་དམར་ལ་རྒོལ་འཛིང་བྱས་ཟིན་སྟབས་ཆབ་མདོ་ནས་ཕར་ཕེབས་མ་ཐུབ་པར་ལྷ་སར་ཕེབས། ཉིན་ཉི་ཤུ་ཙམ་གྱི་རྗེས་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་གྱི་སྒེར་ལངས་ཆེན་མོ་བྱུང་བར་བརྟེན་ནོར་གླིང་དུ་དང་བླང་མི་དམངས་ཀྱི་ཁོངས་ཕེབས་ནས་སྡེ་དགེ་ཤོག་གི་མི་གྲངས་ ༢༠༠ སྐོར་གྱི་འགོ་འཁྲིད་གནང༌། ྋགོང་ས་མཆོག་ནོར་གླིང་ནས་ཆིབས་ཐོན་གནང་བའི་ཕྱི་ཉིན་ནོར་གླིང་དམག་སྤྱི་ཁང་གི་བཀའ་བཀོད་ལྟར་ར་མ་སྒང་གྲུ་ཁར་རྒྱ་དམག་རྗེས་དེད་དུ་འགྲོ་མཁན་བཀག་འགོག་ཆེད་འགྲོ་སྐབས་རྒྱ་དམག་སྔོན་འབྱོར་ཟིན་པར་འཁྲུག་འཛིངས་དང༌། དེ་ནས་ཆུ་ཤུལ་དང་ཡར་འབྲོག་མཚོ་ཁ། གཉན་སྦྱོར་ར། ཁ་བཏགས་དགོན་སོགས་སུ་རྒྱ་དང་འཁྲུག་འཛིངས་ལན་མང་གནང་མཐར་རྨ་སྒོ་ལ་བརྒྱུད་རྒྱ་གར་ལ་ཕེབས་ནས་མི་ས་མ་རི་དང་ཀ་སྦུག་ལ་བཞུགས། ༡༩༦༠ ལོར་མའི་སོར་གཞིས་ཆགས་སུ་ཕེབས་ཏེ་བཅུ་དཔོན་དང་མི་མང་གི་འཐུས་མི་གནང༌། ༡༩༦༣ ནས་ ༡༩༦༥ བར་རྡོར་གླིང་ཁུལ་དུ་བཞུགས། ༡༩༦༥ ལོར་མའི་སོར་དུ་ཕྱིར་ཕེབས་ཀྱིས་སྡོད་སྒར་གཉིས་པའི་སྤྱི་མི་ལོ་བརྒྱད་དང༌། མཉམ་སྦྲེལ་ཚོགས་མི་ལོ་དགུ་གནང༌། ༡༩༧༢ ལོར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་གནང༌། ༡༩༧༢ ཟླ་ ༡༢ ཚེས་ ༢༥ ནས་ ༡༩༧༦ ཟླ་ ༥ ཚེས་ ༥ བར་སྐབས་ལྔ་པའི་མདོ་སྟོད་སྤྱི་འཐུས་གནང་སྐབས་སྤྱི་འཐུས་ཚོགས་གཙོའི་མཛད་འགན་ཡང་བཞེས། ༡༩༧༦ ཟླ་ ༥ ཚེས་ ༡༡ ཉིན་དྲིལ་བསྒྲགས་བཀའ་བློན་དུ་བསྐོས། དེ་རྗེས་རྒྱུན་བཞུགས་བཀའ་བློན་གྱི་འགན་ཁུར་བཞེས། ༡༩༧༩ ལོར་རྒྱ་ནག་བརྒྱུད་བོད་ནང་ལྟ་བསྐོར་སྐུ་ཚབ་ཐེངས་དང་པོའི་ཚོགས་གཙོར་ཕེབས། དེ་རྗེས་ལོ་དེ་གའི་ནང་རྒྱུན་བཞུགས་བཀའ་བློན་ཡིན་མུས་ཁར་ཤེས་རིག་བཀའ་བློན་དུ་བསྐོ་སྩལ་ལྟར་ཕྱི་ལོ་ ༡༩༨༠ ཟླ་ ༨ ཚེས་ ༢༤ ནས་ ༡༩༨༥ ཟླ་ ༡ བར་དང༌། དེ་རྗེས་བཀའ་བློན་ཁྲི་པ་ཡིན་མུས་ཁར་ཕྱི་ལོ་ ༡༩༨༧ ཟླ་ ༩ ནས་ ༡༩༨༨ ཟླ་ ༡༡ བར་བཅས་ཤེས་རིག་བཀའ་བློན་གྱི་མཛད་ཁུར་ཐེངས་གཉིས་བཞེས། ༡༩༨༢ ལོར་ཡང་བསྐྱར་རྒྱ་ནག་ཏུ་སྐུ་ཚབ་མི་གསུམ་བཏང་བའི་གཙོ་བོར་ཕེབས། ༡༩༨༣ ཟླ་ ༣ ཚེས་ ༡༡ ཉིན་ནས་ཆོས་དོན་དང་ནང་སྲིད་བཀའ་བློན་བཅས་འཕར་སྣོན་དུ་བསྐོ་སྩལ་ལྟར་ཕྱག་ལས་གནང༌། དེ་རྗེས་ ༡༩༨༤ ལོར་སླར་ཡང་རྒྱ་ནག་ཏུ་འབྲེལ་མཐུན་ཉམས་ཞིབ་ལས་དོན་མཇུག་སྐྱོང་ཆེད་སྐུ་ཚབ་མི་གསུམ་བཏང་བའི་གཙོ་བོར་ཕེབས། ༡༩༨༣ ནས་བཟུང་བཀའ་བློན་ཁྲི་པའི་འགན་ཁུར་ལོ་བརྒྱད་དང༌། ཁྱོན་བསྡོམས་བཀའ་བློན་གྱི་མཛད་ཁུར་ལོ་ངོ་ ༡༥ གནང༌། ལས་ཡུན་དེའི་རིང་ཤེས་རིག་ལས་དོན་བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་མི་དང༌། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ ༡༩༩༢ བར་གནང༌། བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་གཙོ་ ༡༩༩༥ ལོ་བར་དང༌། མ་སུ་རི་བོད་ཁྱིམ་དང་དྷ་ས་བོད་ཁྱིམ་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ད་ལྟའང་གནང་མུས། ཕྱི་ལོ་ ༡༩༩༡ ཟླ་ ༦ པ་ནས་ ༡༩༩༥ བར་བོད་ཀྱི་རྩ་ཁྲིམས་བསྐྱར་ཞིབ་འཆར་ཟིན་ཚོགས་ཆུང་གི་འགན་འཛིན་དང༌། ༡༩༩༩ ནས་ ༢༠༠༡ བར་ལོ་གཉིས་དང་ཟླ་བ་དྲུག་རིང་ཞིབ་འཇུག་ཚོགས་ཆུང་གི་འགན་འཛིན་བཅས་ཀྱི་ལས་དོན་གནང་ཡོད། ཕྱི་ལོ་ ༢༠༠༢ ལོ་དང་ ༢༠༠༧ ལོ་སོ་སོར་བཀའ་བློན་ཁྲི་པའི་འོས་འདྲར་ཕེབས་ཤིང༌། དེ་ཡང་བཀའ་བློན་ཁྲི་པ་གནང་རྒྱུའི་ཆེད་དུ་མ་ཡིན་པར། བཅའ་ཁྲིམས་དགོངས་དོན་འོས་མི་ཉུང་མཐར་གཉིས་དགོས་པ་ལྟར་ཁྲིམས་ལུགས་གཞི་བཟུང་བཀའ་ཁྲི་འོས་འདེམས་ཀྱི་ལས་དོན་ལག་བསྟར་དང་གཞུང་གི་ཕྱག་གྲོན་ཆུད་ཟོས་སུ་མ་འགྲོ་བའི་ཆེད་དུ་ཡིན་ཞེས་གསུངས་འདུག*

* རྩོམ་སྒྲིག་པས་གཞུང་གི་ཡིག་ཚགས་དང་དཔེ་དེབ་ཁག་ནས་ལོ་རྒྱུས་བསྡུ་རུབ་ཀྱིས་ས་བོན་བཀོད་ཟིན་རྗེས་དོ་བདག་ཁྲི་ཟུར་མཆོག་ལ་སྤྱན་བསྟར་གྱིས་ཞུ་བཅོས་དང་ཁ་སྣོན་ཡོང་བ་ཞེས་ཞུས་པ་ལྟར། ཁོང་ངོ་མས་ཐུགས་ཞིབ་དང་ཞུ་བཅོས་ཁ་སྣོན་གནང་བའོ། །

བཀྲས་མཐོང་བསྟན་འཛིན་དགེ་བྱེད། (༡༩༨༥/༡༡ – ༡༩༨༧/༨)

༦༽    བཀྲས་མཐོང་བསྟན་འཛིན་དགེ་བྱེད་མཆོག་ནི་ ༡༩༤༣ ཟླ་ ༥ ཚེས་ ༢༢ ཉིན་ལྷ་སར་འཁྲུངས། ༡༩༥༠ ལོར་རྒྱ་གར་དུ་ཕེབས་ནས་ཀ་སྦུག་དང་རྡོར་གླིང་ཁུལ་གྱི་དབྱིན་ཇིའི་སློབ་གྲྭ་གྲགས་ཅན་ཁག་གི་ནང་གཞི་རིམ་སློབ་སྦྱོང་གནང༌། ༡༩༥༩ ལོར་ྋགོང་ས་མཆོག་སྟོན་འཁོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས་སློབ་མཚམས་བཞག་སྟེ་མ་སུ་རི་དང་སིམ་ལ་སློབ་གྲྭ་སོ་སོར་དབྱིན་ཇིའི་དགེ་རྒན་གནང༌། ༡༩༦༡ ནས་ ༡༩༦༢ ཟླ་ ༥ བར་ལྡི་ལི་བོད་ཀྱི་ཤེས་རིག་ཁང་དུ་དབྱིན་ཡིག་གི་ཕྱག་ལས་གནང༌། དེ་རྗེས་རྡོར་གླིང་དུ་བསྐྱར་ཕེབས་ཀྱིས་སློབ་སྦྱོང་མཇུག་སྐྱེལ་གནང་སྟེ་ ༡༩༦༣ ལོར་སློབ་ཐོན་སྐབས་སློབ་སྦྱོང་དང་སྤྱོད་ལམ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ། ༡༩༦༣ ལོར་བོད་གཞུང་ཤེས་རིག་ལས་ཁུངས་སུ་ཕྱག་ལས་གནང༌། ༡༩༦༤ ཟླ་ ༧ ཚེས་ ༡ ནས་སྐུ་སྒེར་ཡིག་ཚང་དུ་དྲུང་ཆེ་ལས་རོགས་སུ་བསྐོ་བཞག་གནང༌། ༡༩༦༨ ལོར་བོད་མིའི་ཕྱི་ནང་ཤེས་ཡོན་གོང་མཐོར་སྤེལ་ཐབས་སུ་ཤེས་བྱ་གསར་དེབ་གསར་འདོན་གནང༌། ཤེས་རིག་ཟློས་གར་གྱི་ལས་བྱེད་ནང་མ་མཐུན་པར་གནས་སྟངས་ཉམས་ཞན་འཐོར་ཉེར་གྱུར་སྐབས་ཕྱི་ལོ་ ༡༩༦༩ ལོར་དང་བླང་གིས་ཟློས་གར་འགན་འཛིན་གྱི་འགན་བཞེས་གནང་བས། ཕྱི་ནང་མཐུན་རྐྱེན་སྔོན་ལས་ལེགས་སུ་སོང་ཁར་ ༡༩༧༥།༡༩༧༦ སོ་སོར་དངོས་སུ་ཕྱི་རྒྱལ་དུ་བསྐྱོད་ཐུབ་པ་བྱུང༌། ༡༩༧༠ ལོར་བོད་རིགས་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་ཀྱི་ཚོགས་སྐོང་གྲས་དང་ཚོགས་གཙོར་འོས་འདེམས་ཞུས་པ་ལྟར་ཚོགས་གཙོ་ལོ་བཞི་དང༌། ༡༩༧༧ བར་སློབ་སྟོན་པ་བཅས་ཀྱི་འགན་བཞེས། ༡༩༧༡ ཟླ་ ༣ ཚེས་ ༢༤ ཉིན་དྲིལ་བསྒྲགས་དྲུང་ཆེ་ཞོར་ལྕོགས་དགོས་པའི་བསྐོ་བཞག་གནང་ཡང་མཛད་བྲེལ་དབང་གིས་ ༡༩༧༢ ལོར་དགོངས་ཞུ་གནང༌། ༡༩༧༣ ཟླ་ ༥ ཚེས་ ༢༨ ཉིན་ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ལས་དོན་ཞོར་ལྕོགས་གནང་དགོས་ཕེབས་ཀྱང་ཆིབས་ཞབས་སུ་བཅར་དགོས་སོགས་ཀྱིས་རིང་པོར་མ་ཐོགས་པར་དགོངས་ཞུ་གནང་དགོས་བྱུང༌། ༡༩༧༨ ཟླ་ ༡ ཚེས་ ༢ ཉིན་ནས་དྲིལ་བསྒྲགས་བཀའ་བློན་གྱི་ཕྱག་རོགས་སུ་བསྐོས་པ་ལྟར་འགན་ཁུར་བཞེས། ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༡ ནས་བཟུང་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ལས་འཕར་དང༌། ༡༩༨༠ ཟླ་ ༡ ཚེས་ ༡༤ ཉིན་བཀའ་ཤག་ཏུ་བཀའ་བློན་ཕྱག་རོགས་སུ་བསྐོ་བཞག་བསྐྱངས། ༡༩༨༡ ཟླ་ ༨ ཚེས་ ༢༤ ནས་དྲིལ་བསྒྲགས་བཀའ་བློན་དང༌། ལོ་དེའི་ཟླ་བ་ ༡༢ ཚེས་ ༢ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དབུ་འཛིན། ཕྱི་ལོ་ ༡༩༨༥ ཟླ་ ༡༡ ནས་ཤེས་རིག་བཀའ་བློན་དུ་བསྐོ་སྩལ་ལྟར་ཕྱི་ལོ་ ༡༩༨༧ ཟླ་ ༨ བར་མཛད་ཁུར་བཞེས། དེ་རྗེས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེའི་མཛད་ཁུར་བཞེས། ༢༠༠༡ ཟླ་ ༥ ཚེས་ ༢༣ ནས་དགུང་ལོའི་བབས་ཀྱིས་བགྲེས་ཡོལ་ལོ་དུས་ཟིན་ཡང་ལོ་བཞིའི་རིང་སྔ་རྗེས་སུ་བགྲེས་ཡོལ་འཕར་འགྱངས་སྩལ། ༢༠༠༥ ཟླ་ ༥ ཚེས་ ༢༢ ནས་བགྲེས་ཡོལ་སྩལ་བ་དང་ཆབས་ཅིག་ལོ་གཉིས་རིང་གཞུང་ཞབས་བསྐྱར་བསྐོ་སྩལ་བ་བཅས་སྐུ་ཚེ་ཧྲིལ་པོར་གཞུང་གི་སྲི་ཞུའི་ཞབས་འདེགས་གནད་སྨིན་ཞུས་དང་ཞུ་བཞིན་པ་ཡིན།*

* གཞུང་འཛིན་ས་གཞུང་ཞབས་འདེམས་ལྷན་དང་གཞུང་གི་ཡིག་ཚགས་གཞན།

བཀྲ་ཤིས་དབང་འདུད། (༡༩༨༨/༡༡ – ༡༩༩༠/༥)

༧༽   བཀྲ་ཤིས་དབང་འདུད་མཆོག་ནི། ཕྱི་ལོ་ ༡༩༤༧ ཟླ་ ༤ ཚེས་ ༡༥ ཉིན་བོད་གསང་སྔགས་ཆོས་གླིང་དུ་འཁྲུངས་ཤིང་བོད་ཡིག་སློབ་སྦྱོང་གནང༌། ༡༩༥༩ ལོར་ཕ་མ་དང་མཉམ་དུ་བཙན་བྱོལ་དུ་ཕེབས། མ་སུ་རིར་བོད་ཕྲུག ༥༠ ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་གསར་འཛུགས་གནང་བའི་ཁོངས་དབྱིན་ཧིན་གྱི་སྐད་ཡིག་སློབ་སྦྱོང་གནང༌། དེ་རྗེས་ ༡༩༦༡ ལོར་མ་སུ་རིའི་འོན་བག་ཨེ་ལན་སློབ་གྲྭར་བཏང་བ་ལྟར་སློབ་སྦྱོང་ལོ་བཞི་གནང་སྟེ་སྦྱང་འབྲས་རྩེར་སོན་བྱུང༌། ༡༩༦༦ ནས་ནང་སྲིད་དང་ཤེས་རིག་ལས་ཁུངས་སོ་སོར་དབྱིན་ཡིག་ཞབས་ཞུ་གནང༌། ༡༩༦༨ ནས་ ༡༩༧༣ བར་དབྱིན་ཡུལ་དུ་སློབ་གཉེར་གནང་ནས་ཌུར་ཧམ་(Durham University)གཙུག་ལག་སློབ་ཁང་ནས་སྲིད་དོན་དང་སྤྱི་ཚོགས་ཚན་རིག་ཐད་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་བཞེས། དེ་རྗེས་རྒྱ་གར་དུ་ཕྱིར་ཕེབས་ཀྱིས་ ༡༩༧༤ ལོར་ནང་སྲིད་ལས་ཁུངས་ཀྱི་རྒན་དྲུང་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་གཉིས་པའི་སྐབས་དབུས་རྒྱུན་ལས་ཀྱི་རིག་གཞུང་འགན་འཛིན་དང་སྤྱི་ཁྱབ་དྲུང་ཆེ་གནང༌། ༡༩༧༤།༧༥ ལོར་ནང་སྲིད་དྲུང་གཞོན་དང་ ༡༩༧༦།༧༧ ལོར་ལྡི་ལི་དོན་གཅོད་ཀྱི་དྲུང་ཆེ་ལས་ཚབ། ༡༩༧༧།༧༨ ལོར་དྲུང་ཆེ་བཅས་རིམ་པར་གནང་ཞིང༌། ༡༩༧༩ ནས་ ༡༩༨༡ བར་ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཚབ་དང་ ༡༩༨༡ ནས་དོན་གཅོད་ངོ་མར་བསྐོ་བཞག ༡༩༨༣ ནས་ ༡༩༨༦ བར་བདེ་སྲུང་དང་ནང་སྲིད། ཕྱི་དྲིལ་བཅས་ཀྱི་བཀའ་བློན་གྱི་མཛད་འགན་ཐོག་ལྡི་ལི་དོན་གཅོད་སྔར་མུས་ལྟར་དང༌། ༡༩༨༦ ནས་ ༡༩༨༧ བར་དོན་གཅོད་ཀྱི་མཛད་འགན་བཞག་སྟེ་ལྡི་ལིར་རང་གཞུང་གི་སྲིད་ཕྱོགས་དང་འབྲེལ་བའི་ཞབས་འདེགས། ༡༩༨༧ ནས་ ༡༩༩༠ བར་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐྱར་བསྐོ་གནང་ཐོག་ཤེས་རིག་དང་ཕྱི་དྲིལ་བཀའ་བློན་གྱི་མཛད་འགན་གཅིག་ལྕོགས་སུ་བཞེས། ༡༩༨༨ ལོར་ྋགོང་ས་མཆོག་ནས་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཚོགས་པའི་ཚོགས་གཙོར་བསྐོ་བཞག་གནང༌། ༡༩༩༠།༩༡ ལོར་བཀའ་བློན་ནས་དགོངས་ཞུས་ཀྱིས་ལྡི་ལི་སྐུ་ཚབ་དོན་གཅོད་མུ་མཐུད་གནང༌། ཕྱི་ལོ་ ༡༩༩༢ ལོར་ཡང་བསྐྱར་བཀའ་བློན་དུ་འདེམས་ཐོན་ལྟར་ཟླ་ ༨ ཚེས་ ༡༠ ཉིན་དམ་འབུལ་གྱིས་ཕྱི་དྲིལ་དང་བདེ་སྲུང་བཀའ་བློན་སོགས་ཀྱི་མཛད་འགན་བཞེས། ༡༩༩༤།༩༥ ལོར་འཕྲོད་བསྟེན་བཀའ་བློན་དང་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་མཛད་འགན་གཅིག་ལྕོགས་སུ་བཞེས། ༡༩༩༦ ལོར་སླར་ཡང་བཀའ་ཤག་སྐབས་བཅུ་གཅིག་པའི་བཀའ་བློན་དུ་འདེམས་ཐོན་ལྟར་ཐོག་མར་ཕྱི་དྲིལ་དང་དེ་རྗེས་ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས། ༢༠༠༡ ལོར་བཀའ་བློན་གྱི་ལས་དུས་གཙང་རྗེས་ ༢༠༠༢ ལོ་ནས་ལྡི་ལི་སྐུ་ཚབ་དོན་གཅོད་དང༌། ༢༠༠༥ ལོར་ཨ་རི་སྐུ་ཚབ་དོན་གཅོད། ༢༠༠༩ ནས་སྦར་སིལ་སྐུ་ཚབ་དོན་གཅོད་ཀྱི་མཛད་འགན་བཞེས་བཞིན་ཡོད་ལ་ ༢༠༠༤ ནས་བཟུང་བོད་རྒྱ་འབྲེལ་མོལ་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཡང་ཡིན།

རྗེ་བཙུན་པདྨ། (༡༩༩༠/༥/༡༧ – ༡༩༩༣/༧)

༨༽     རྗེ་བཙུན་པདྨ་མཆོག་ནི། ཕྱི་ལོ་ ༡༩༤༠ ཟླ་ ༧ ཚེས་ ༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས། ཕྱི་ལོ་ ༡༩༥༠ ལོར་རྒྱ་གར་ཀ་ལོན་སྦུག་དང་རྡོ་རྗེ་གླིང་དུ་ཕེབས་ནས་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་གནང་སྟེ་ ༡༩༦༠ ལོར་ཐོན། ༡༩༦༡ ལོར་སུད་སི་དང་དབྱིན་ཡུལ་དུ་ཕེབས་ནས་དེང་དུས་ཀྱི་ཤེས་ཡོན་སློབ་གཉེར་གནང༌། ༡༩༦༤ ལོར་དྷ་ས་བུ་གསོ་ཁང་(༡༩༧༡།༡༠།༢༣ ཉིན་ནས་བཟུང་བོད་ཕྲུག་ཁྱིམ་སྡེ་ཞེས་མིང་བསྒྱུར་གནང༌།)གི་དབུ་འཛིན་ྋསྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་སྐུ་ཚེ་མ་ཟིན་པར་བརྟེན་རྒྱ་གར་དུ་ཕེབས་ནས་ལོ་དེའི་ཟླ་བ་ ༦ ནས་བུ་གསོ་ཁང་གི་དབུ་འཛིན་གྱི་འགན་བཞེས་གནང་སྟེ། ཕྱི་ནང་མཐུན་རྐྱེན་དང་འཛིན་སྐྱོང་ལས་དོན་ཁག་ཚགས་ཚུད་ཡར་རྒྱས་མཛད། དེ་དང་མཉམ་དུ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྐབས་དང་པོའི་ཚོགས་གཙོ་གཞོན་པར་འདེམས་བསྐོས་ལྟར་འགན་བཞེས་དང༌། བོད་ནང་གཟིགས་སྐོར་སྐུ་ཚབ་ཐེངས་གསུམ་པ་ཕེབས་པའི་ཚོགས་གཙོ། ལྡི་ལི་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སོགས་གནང༌། ༡༩༨༥ ལོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐབས་དང་པོའི་དབུས་རྒྱུན་ལས་ཀྱི་སློབ་སྟོན་པའི་འགན་ཡང་བཞེས། ཕྱི་ལོ་ ༡༩༩༠ ལོར་དམིགས་བསལ་ཚོགས་ཆེན་ནས་བཀའ་བློན་དུ་འདེམས་ཐོན་ལ་ྋགོང་ས་མཆོག་ནས་བསྐོ་བཞག་སྩལ་བ་ལྟར་བོད་ཀྱི་ལོ་རྒྱུས་ཐོག་འདེམས་བསྐོ་བྱས་པའི་བུད་མེད་བཀའ་བློན་ཐོག་མ་དེར་གྱུར་ནས་ཤེས་རིག་དང་འཕྲོད་བསྟེན་བཀའ་བློན་གྱི་མཛད་ཁུར་བཞེས། ༡༩༩༣ ལོར་བཀའ་བློན་ནས་དགོངས་པ་ཞུ་འཁྲོལ་ལྟར་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་གྱི་མཛད་འགན་མུ་མཐུད་བཞེས་ཏེ་བོད་ཁྱིམ་མ་ལག་ཁག་རྒྱ་སྐྱེད་དང་ཡར་རྒྱས་མཛད། ཕྱི་ལོ་ ༢༠༠༦ ཟླ་ ༨ པར་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ནས་དགོངས་ཞུ་མཛད། ལྷ་སྐུ་མཆོག་ནས་བོད་ཕྲུག་རྣམས་ལ་ཐུགས་བརྩེ་ཆེན་པོས་བྱམས་སྐྱོང་མཛད་པར་བརྟེན། སློབ་ཕྲུག་ཚོས་ཨ་མ་ལགས་ཞེས་ཞུ་ཞིང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གངས་ཅན་བོད་ཀྱི་ཨ་མ་ཞེས་པའི་མངོན་བསྟོད་གཟེངས་རྟགས་ཀྱང་ཕུལ་ཡོད། ཁོང་གིས། བོད། ངའི་ལོ་རྒྱུས་ཞེས་པའི་ཕྱག་དེབ་ཅིག་དབྱིན་ཡིག་ཐོག་ཕྱི་ལོ་ ༡༩༩༦ ལོར་བརྩམས་ཐོན་བྱུང་ཡོད་པ་དེ་ད་ལྟ་ཕྱི་རྒྱལ་གྱི་སྐད་ཡིག་མི་འདྲ་བ་བཅུ་ལྷག་ནང་ཕབ་སྒྱུར་བྱས་ཡོད་པ་རེད།*

* གཞུང་གི་ཡིག་ཚགས་དང་དཔེ་དེབ་གཞན་ནས་རྩོམ་སྒྲིག་པས་བསྡུ་སྒྲིག་ཞུས།

རིན་ཆེན་མཁའ་འགྲོ། (༡༩༩༣/༧ – ༢༠༠༡/༩)

༩༽    རིན་ཆེན་མཁའ་འགྲོ་མཆོག་ནི་ཁམས་དཀར་མཛེས་ཁུལ་དུ་ཕྱི་ལོ་ ༡༩༤༦ ཟླ་ ༣ ཚེས་ ༢༢ ཉིན་འཁྲུངས། དགུང་ལོ་བདུན་ལ་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ནས་བོད་ཡིག་འབྲི་སྦྱོང་གནང༌། ༡༩༥༨ ལོར་རྒྱ་གར་ནང་ཕེབས་ཏེ་ལོ་གཅིག་རིང་དབྱིན་ཡིག་སྦྱངས། ༡༩༥༩ ལོར་བོད་ནང་དུས་འགྱུར་བྱུང་སྟེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྟོན་འཁོར་རྣམས་མ་སུ་རིར་ཆིབས་སྒྱུར་གྲུབ་རྗེས། ཁོང་གི་ནང་མི་རྣམས་མ་སུ་རིར་སྤོས་ཤིང་དེར་ཝན་བྷག་ཨེ་ལན་(Weinberg Allen)སློབ་གྲྭ་ནས་གཞི་རིམ་སློབ་སྦྱོང་གནང་སྟེ་ ༡༩༦༨ ལོར་ཐོན། མཐོ་སློབ་སློབ་གཉེར་དུ་མ་ཕེབས་པར་མ་སུ་རི་བོད་ཁྱིམ་གྱི་སློབ་གྲྭ་ཆུང་བའི་དགེ་རྒན་དང་བླང་གི་སྒོ་ནས་གནང༌། ༡༩༦༩ ལོར་རྡོར་གླིང་ལོའོ་རི་ཀྲོ་མཐོ་སློབ་(Loreto College)ཏུ་ཕེབས་ནས་བྱིས་པའི་སེམས་ཁམས་རིག་པ་དང་ཤེས་ཡོན་གྱི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང༌། ༡༩༧༠ ལོར་རྡོར་གླིང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཟུང་དྲུང་དང༌། ༡༩༧༢ ལོར་དྷ་ས་བོད་ཁྱིམ་གྱི་སློབ་ཡོན་རོགས་རམ་གྱི་དྲུང་ཡིག་གནང༌། ༡༩༧༥ ལོར་དང་སློབ་བུད་མེད་རུ་ཤོག་གི་སློབ་སྟོན་པ་དང་དབྱིན་དགེ་གནང༌། ཕྱི་ལོ་ ༡༩༨༥ ལོར་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོའི་ཚོགས་ཆེན་ཐེངས་དང་པོའི་ཐོག་ཚོགས་གཙོར་འདེམས་ཐོན་ལྟར་དེ་ནས་བཟུང་ ༡༩༩༣ བར་ལྷན་ཚོགས་དེའི་ཚོགས་གཙོ་གནང༌། ༡༩༩༣ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀའ་བློན་དུ་འོས་འདེམས་ཞུས་པར་ྋགོང་ས་མཆོག་ནས་བསྐོ་བཞག་གནང་སྟེ། ཐོག་མར་འཕྲོད་བསྟེན་དང༌། དེ་ནས་ནང་སྲིད། དེ་རྗེས་ཤེས་རིག་བཀའ་བློན་གྱི་མཛད་ཁུར་ཕྱི་ལོ་ ༢༠༠༡ ཟླ་ ༩ བར་བཞེས་ཡོད། ད་ལྟ་ཁོང་གིས་ཕྱི་ལོ་ ༡༩༨༧ ནས་འགོ་འཛུགས་གནང་བའི་བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་བཞེས་འོག་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་དང༌། ཤུགས་གསེབ་བཙུན་དགོན་གཉིས་གསར་འཛུགས་ཀྱི་ཞུ་སྒོ་དང༌། གསར་འཛུགས་ཟིན་རྗེས་དེ་གཉིས་ཀྱི་ཕྱི་ནང་མཐུན་རྐྱེན་ཐོག་ཞབས་འདེགས་གནང་དང་གནང་མུས་སུ་ཡོད་ཅིང༌། ཕྱི་ལོ་ ༢༠༠༢ ལོར་ཁོང་ལ་དཔའ་མཛངས་ཅན་གྱི་བུད་མེད་ཅེས་པའི་གཟེངས་རྟགས་ཤིག་ཀྱང་ཐོབ་ཡོད།*

* གཞུང་གི་ཡིག་ཆ་དང་དཔེ་དེབ་གཞན་ནས་བསྡུ་སྒྲིག་གིས་བཀོད།

ཐུབ་བསྟན་ལུང་རིགས། (༢༠༠༡/༩/༥ -༢༠༡༡/༥/༢༩)

༡༠༽   ཐུབ་བསྟན་ལུང་རིགས་མཆོག་ནི་ཕྱི་ལོ་ ༡༩༥༧ ལོར་མདོ་སྨད་རེབ་གོང་དུ་འཁྲུངས། བཙན་བྱོལ་དུ་ཕེབས་རྗེས་ ༡༩༦༣ ལོར་ཌལ་ཧོར་བོད་གཞུང་གཏན་སློབ་ཏུ་སློབ་ཞུགས་ཀྱིས་སློབ་སྦྱོང་གནང༌། ༡༩༧༢ ལོར་ཝཱ་རཱ་ཎ་སི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་དུ་སློབ་ཞུགས་ཀྱིས་གཙུག་ལག་རབ་འབྱམས་པའི་གནས་ཚད་ཅན་གྱི་ཨ་ཙརྱ་སློབ་རིམ་སློབ་ཐོན་བྱུང༌། སློབ་ཐོན་རྗེས་དྷ་ས་བོད་ཕྲུག་ཁྱིམ་སྡེའི་ནང་ ༡༩༨༡ ནས་ ༩༢ བར་དགེ་རྒན་གྱི་ཕྱག་ལས་གནང༌། ༡༩༩༣ ནས་ ༩༦ བར་སུ་ཇ་བོད་ཁྱིམ་གྱི་སློབ་སྤྱི་གནང༌། ༡༩༩༦ ཟླ་ ༥ ཚེས་ ༩ ཉིན་ྋགོང་ས་མཆོག་ནས་སྐབས་བཅུ་གཉིས་པའི་ཐད་བསྐོས་སྤྱི་འཐུས་སུ་བསྐོ་བཞག་སྩལ་བ་ལྟར་སྤྱི་འཐུས་དང༌། ༡༩༩༦ ཟླ་ ༥ ཚེས་ ༣༡ ཉིན་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་དུ་བདམས་ཐོན་ལྟར་མཛད་ཁུར་བཞེས། ༢༠༠༡ ལོར་སྐབས་བཅུ་གསུམ་པའི་མདོ་སྨད་སྤྱི་འཐུས་སུ་འོས་འདེམས་བྱུང་བ་ལྟར་སྤྱི་འཐུས་དང༌། ༢༠༠༡ ཟླ་ ༥ ཚེས་ ༣༡ ཉིན་སྤྱི་འཐུས་ཚོགས་གཙོར་སྤྱི་མོས་འོས་འདེམས་ཞུས་པ་ལྟར་མཛད་འགན་བཞེས། ༢༠༠༡ ཟླ་ ༩ ཚེས་ ༡༩ ཉིན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་བཀའ་བློན་ཁྲི་པ་མཆོག་གིས་སྐབས་བཅུ་གཉིས་པའི་བཀའ་ཤག་ལྷན་ཚོགས་ཀྱི་བཀའ་བློན་དུ་འོས་འཛུགས་གནང་བ་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་བཀའ་བློན་དུ་འོས་འདེམས་ཞུས་པར་ྋགོང་ས་མཆོག་གིས་བསྐོ་བཞག་སྩལ་ཏེ། ཤེས་རིག་དང་ཆོས་རིག འཕྲོད་བསྟེན་བཅས་ཀྱི་བཀའ་བློན་གྱི་མཛད་འགན་བཞེས། ༢༠༠༦ ཟླ་ ༩ ཚེས་ ༣༠ ཉིན་གོང་བཞིན་བཀའ་བློན་ཁྲི་པ་མཆོག་གིས་སྐབས་བཅུ་གསུམ་པའི་བཀའ་ཤག་ལྷན་ཚོགས་ཀྱི་བཀའ་བློན་དུ་འོས་འཛུགས་གནང་བ་ལྟར་སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པས་མང་མོས་ཀྱིས་བཀའ་བློན་དུ་བདམས་པར་ྋགོང་ས་མཆོག་ནས་བསྐོ་བཞག་གནང་སྟེ་ཤེས་རིག་བཀའ་བློན་གྱི་མཛད་འགན་བཞེས། ཕྱི་ལོ་༢༠༡༡ ལོའི་ཟླ་ལྔ་བའི་ནང་སྐབས་བཅོ་ལྔ་པའི་སྤྱི་འཐུས་སུ་འོས་འདེམས་བྱུང་བ་ལྟར། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༦ ཉིན་བཀའ་བློན་ལས་ཁུར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་དགོངས་ཞུ་གནང་དོན་བཞིན་དགོངས་འཁྲོལ་གྱིས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ ཕྱི་དྲོ་ནས་བཀའ་བློན་ལས་ཁུར་མཚམས་འཇོག་གནང་སྟེ། ད་ལྟ་སྐབས་བཅོ་ལྔ་བའི་མདོ་སྨད་ཀྱི་སྤྱི་འཐུས་ཀྱི་ལས་འཁུར་ཞུ་བཞིན་པ་བཅས་ལོ་རྒྱུས་གནད་བསྡུས་སུ། *

* གཞུང་གི་ཡིག་ཆ་ལྟར་བཀོད།

ཟམ་གདོང་བློ་བཟང་བསྟན་འཛིན། (༢༠༡༡/༦/༡ -༢༠༡༡/༨/༧)

༡༡༽    ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་ནི། ཕྱི་ལོ་༡༩༣༩ ལོར་བོད་མདོ་ཁམས་འཇོལ་ནགས་འབྲུག་ཤོད་པ་ཚང་ཡབ་མགོན་པོ་བསོད་ནམས་དང། ཡུམ་པདྨ་མཁའ་འགྲོའི་རིགས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང༌། དགུང་ལོ་བཞིར་ཡངས་ཅན་ཕུན་ཚོགས་གླིང་དགོན་པར་ཆོས་ཞུགས་གནང༌། དགུང་ལོ་ལྔ་ལ་ཕེབས་སྐབས་ཟམ་གདོང་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་གྱིས་འཇོལ་དགའ་ལྡན་བདེ་ཆེན་གླིང་དུ་ཁྲི་འདོན་ཞུས། དགུང་ལོ་བདུན་ལ་ཕེབས་སྐབས་མཁན་ཆེན་རྡོ་རྗེ་འཆང་ྋསྐྱབས་རྗེ་ཟངས་འབུམ་རིན་པོ་ཆེ་མཆོག་གི་དྲུང་ནས་བར་མ་རབ་བྱུང་དང༌། དགེ་ཚུལ་བསླབ་སྡོམ་བཞེས། དགུང་ལོ་དགུར་ཕེབས་སྐབས་བཤེས་གཉེན་ཆེན་པོ་ངག་དབང་སྦྱིན་པའི་ཞབས་ལ་གཏུགས་ཏེ་ཐུན་མོང་བའི་རིག་པའི་གནས་ལ་སྦྱངས་པ་གནང༌།དགུང་ལོ་བཅུ་གཉིས་ནས་གདན་ས་ཆེན་པོ་འབྲས་སྤུངས་སུ་ཆོས་ཞུགས་གནང་སྟེ། གཞུང་ཆེན་གྱི་སློབ་གཉེར་འགོ་འཛུགས་གནང་སྟེ་འཛིན་དབུ་མ་རྙིང་བར་ཕེབས་པ་དང༌།
ཕྱི་ལོ་༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས། ལོ་དེའི་དགུན་ཐོག་དགུང་ལོ་ཉི་ཤུ་ཧྲིལ་པོར་ཕེབས་སྐབས་མཁན་ཆེན་འདུལ་བ་འཛིན་པ་ཡོངས་རྫོགས་བསྟན་པའི་མངའ་བདག་ྋསྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མཁན་པོ་དང༌། ྋསྐྱབས་རྗེ་ཡོངས་འཛིན་གླིང་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ལས་སློབ། མཚན་ཞབས་གསེར་ཀོང་རྡོ་རྗེ་འཆང་ཆེན་པོས་གསང་སྟོན། ྋསྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་མཆོག་གིས་དབུས་ཁ་སྐོང་གིས་དགེ་འདུན་གྲངས་ཚང་བའི་དྲུང་ནས་འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་དུ་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོ་ཡང་དག་པར་བཞེས །ཕྱི་ལོ་༡༩༦༠ དབྱར་དུས་ནས་རྡ་སར་བཙན་བྱོལ་གཞུང་གི་སྲི་ཞུའི་ཞབས་སྣེར་ཞུགས་ཏེ། ཌལ་ཧོར་གདན་གསུམ་གྱི་དགེ་འདུན་པ་རྣམས་ལ་ཐ་སྙད་རིག་པའི་སློབ་ཁྲིད་དང༌། ༡༩༦༡ ལོའི་ཕྱི་ཟླ་༡༠ ནས་སིམ་ལ་བཙན་བྱོལ་བོད་མིའི་སློབ་གྲྭའི་ཆོས་དགེ་དང༌ །༡༩༦༣ ལོར་སློབ་སྤྱིའི་ལས་ཚབ། ༡༩༦༤ ལོར་རྡོར་གླིང་གཏན་སློབ་ཀྱི་ཆོས་དགེ། ༡༩༦༥ ནས་༡༩༧༠ ལོ་འགོའི་བར་ཌལ་ཧོར་གཏན་སློབ་ཀྱི་སློབ་སྤྱིའི་ལས་ཁུར་ཞུ་མུར་སློབ་གཉེར་མཇུག་སྐྱོང་དང༌། ཕྱི་ལོ་༡༩༦༨ ལོར་དགེ་བཤེས་ལྷ་རམས་འཕར་མ་དང༌། ཕྱི་ལོ་༡༩༦༩ ལོར་སྔགས་རམས་པའི་དམ་འཇོག་པ་གནང༌། ཕྱི་ལོ་༡༩༧༡ ནས་ཕྱི་ལོ་༡༩༨༨ བར་ཝར་ཎ་མཐོ་སློབ་ཀྱི་སློབ་སྤྱི་དང༌། ཕྱི་ལོ་༡༩༨༨ ནས་༢༠༠༠ ལོ་མཇུག་བར་ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པའི་མཛད་འགན་བཞེས། ཕྱི་ལོ་༡༩༩༠ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་དང༌། ཕྱི་ལོ་༡༩༩༡ ནས་༡༩༩༥ བར་བོད་མི་མང་སྤྱི་ལྷན་ཚོགས་སྐབས་བཅུ་གཅིག་པའི་ཐད་བསྐོས་སྤྱི་འཐུས་དང༌། སྤྱི་འཐུས་ཚོགས་གཙོའི་མཚན་གནས་མཛད་ཁུར་བཞེས། ཕྱི་ལོ་༡༩༩༦ ནས་༢༠༠༡ བར་སྐབས་བཅུ་གཉིས་པའི་མདོ་སྟོད་སྤྱི་འཐུས་དང་སྤྱི་འཐུས་ཚོགས་གཙོའི་མཛད་འགན་མུ་མཐུད་བཞེས།
ཕྱི་ལོ་༢༠༠༡ ཕྱི་ཟླ་༥ ཚེས་༡༢ ཉིན་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་ནང་འོས་གྲངས་༣༡༤༤༤ ཐོབ་པ་དང༌། ཕྱི་ཟླ་༧ ཚེས་༢༩ དངོས་གཞིའི་འོས་བསྡུ་ཆེན་མོའི་ནང་འོས་འཕེན་སྤྱིའི་རྩ་འབོར་ཁྱོན་བསྡོམས་ཀྱི་བརྒྱ་ཆ་བརྒྱད་ཅུ་གྱ་བཞི་དང་གྲངས་ཆུང་ལྔ་བཅུ་ང་བཞིའི་རྒྱལ་ཁའི་ཐོག་ནས་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་ཡོད། ཕྱི་ལོ་༢༠༠༡ ཕྱི་ཟླ་༨ ཚེས་༢༠ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་བློན་ཁྲི་པར་བསྐོ་གཞག་གནང་སྟེ། ཕྱི་ལོ་༢༠༠༡ ཕྱི་ཟླ་༩ ཚེས་༥ ཉིན་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱིས་ལས་ཡུན་ལོ་ལྔའི་རིང་མི་མང་ནས་ཐད་ཀར་འོས་འདེམས་ཀྱི་བཀའ་ཁྲི་སྐབས་དང་པོ་དང༌། བཙན་བྱོལ་བོད་གཞུང་བཀའ་ཤག་སྐབས་བཅུ་གཉིས་པའི་བཀའ་བློན་ཁྲི་པའི་མཛད་འགན་བཞེས་ཏེ། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་པ་དང༌།བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་འོག་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་བཀའ་རྟགས་ཕྱག་བརྒྱར་བཟུང་བའི་གཞུང་སྲིད་འཛིན་སྐྱོང་ཐད་ཆབ་སྲིད་ལྟ་གྲུབ་དང༌། རིགས་པའི་གཞུང་ལུགས། ལག་བསྟར་གྱི་བཀོད་སྒྲིག་བཅས་པར་གསར་གཏོད་ཡར་ཐོན་དང༌། མ་ཚང་བ་མེད་པའི་མདུན་བསྐྱོད་ལམ་གྱི་རྨང་གཞི་སྲ་བརྟན་ཞིག་གཏོད་ཐུབ་པའི་གྲུབ་འབྲས་བྱུང་ཡོད།
ཕྱི་ལོ་༢༠༠༦ ཕྱི་ཟླ་༣ ཚེས་༡༨ ཉིན་མི་མང་ནས་ཐད་ཀར་འོས་བསྡུའི་བཀའ་ཁྲི་སྐབས་གཉིས་པའི་འོས་བསྡུ་ཆེན་མོའི་ནང་འོས་གྲངས་༣༠༩༣༤ ཐོབ་སྟེ་བརྒྱ་ཆ་༨༢།༦༦ ཟིན་ནས་གྲངས་མང་གི་རྒྱལ་ཁ་ཐོབ་ཡོད། ཕྱི་ལོ་༢༠༠༦ ཕྱི་ཟླ་༦ ཚེས་༣ ཉིན་དངོས་གཞིའི་བཀའ་ཁྲི་འོས་བསྡུ་ཆེན་མོའི་ནང་འོས་འཕེན་པ་གྲངས་༢༩༢༡༦ བྱུང་སྟེ་བརྒྱ་ཆ་༩༠།༧༢ ཐོག་ནས་གྲངས་མང་གི་རྒྱལ་ཁ་ཆེན་པོ་ཐོབ་པར་མ་ཟད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་བློན་ཁྲི་པར་བསྐོ་གཞག་སྩལ་ཏེ། ཕྱི་ལོ་༢༠༠༦ ཕྱི་ཟླ་༨ ཚེས་༡༥ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མི་མང་ནས་ཐད་ཀའི་འོས་ཐོན་བཀའ་བློན་ཁྲི་པ་སྐབས་གཉིས་པ་དང་། བཀའ་ཤག་སྐབས་བཅུ་གསུམ་པའི་བཀའ་བློན་ཁྲི་པའི་ལས་ཁུར་དང་གསང་བའི་དམ་བཅའ་ཕུལ་ནས་བོད་གཞུང་བཀའ་ཤག་གི་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་དངོས་སུ་བཞེས། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༦ ཉིན་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་ཀྱི་བཀའ་བློན་ལས་ཁུར་ནས་དགོངས་ཞུ་གནང་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རིག་བཀའ་བློན་གཅིག་ལྕོགས་གནང་དགོས་པའི་བཀའ་རྩ་སྩལ་དོན་བཞིན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་༡ ནས་བཀའ་ཤག་གསར་པར་རྩིས་སྤྲོད་མ་བྱས་པའི་ཟླ་བ་གཉིས་རིང་ཐུགས་འགན་བཞེས་པ་རེད། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནི་ཆོས་དང་རིག་གཞུང་གི་མཁྱེན་པ་རྒྱས་ཤིང༌། མང་གཙོའི་རིང་ལུགས་ཀྱི་ཆབ་སྲིད་ལྟ་གྲུབ་དང༌། ཁྲིམས་སྲོལ་ལས་དོན། གཞུང་སྲིད་འཛིན་སྐྱོང་གི་ལས་དོན་བཅས་པར་མཁྱེན་རླབས་རྨད་དུ་བྱུང་ཞིང་ཉམས་མྱོང་གི་རྒན་པོར་གྱུར་ཡོད།

བློ་བཟང་སེང་གེ། (༢༠༡༡/༨/༨ – ༢༠༡༤།༩།༡༦)

༡༢༽   བློ་བཟང་སེང་གེ་མཆོག་ནི། ཕྱི་ལོ་༡༩༦༨ ལོར་ནུབ་བངྒལ་མངའ་སྡེའི་རྡོ་རྗེ་གླིང་ཁུལ་གྱི་བླ་མ་ཧ་ཊ་གཞིས་ཆགས་ནང་འཚར་ལོངས་བྱུང་ཞིང། སོ་ན་ངྷ་དང། རྡོ་རྗེ་གླིང་གཏན་སློབ་གཉིས་སུ་གཞི་རིམ་སློབ་སྦྱོང་དང། སེན་ཇོ་སེཕ་མཐོ་རིམ་སློབ་གཉེར་ཁང་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་(B.A) (Honors)སློབ་ཐོན་གནང་རྗེས། ལྡི་ལིའི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཁྲིམས་ལུགས་སྐོར་ཉེ་བའི་གཙུག་ལག་རབ་འབྱམས་པ་(LLB) སློབ་སྦྱོང་གནང། ཕྱི་ལོ་༡༩༩༢ ལོར་དབུས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་རྒྱུན་ལས་ཁོངས་འོས་འདེམས་བྱུང་སྟེ་ཐུགས་འགན་བཞེས།
ཕྱི་ལོ་༡༩༩༥ ལོར་ཨ་རིའི་ལ་ཕཱུལ་བྷེ་རེེ་ཊ་སློབ་ཡོན་ལས་གཞིའི་ཁོངས་སུ་འདེམས་ཐོན་གྱིས་བསྐྱོད་དེ། ཕྱི་ལོ་༡༩༩༦ ལོར་ཧར་ཝར་ཌི་ཁྲིམས་ཀྱི་སློབ་གྲྭ་ཆེན་མོ་ནས་གཙུག་ལག་རབ་འབྱམས་པ་(M.A)དང་། ཕྱི་ལོ་༢༠༠༤ ལོར་ཧར་ཝར་ཌིའི་ཁྲིམས་ཀྱི་སློབ་གྲྭ་དེ་ཉིད་ནས་ཁྲིམས་ཀྱི་རིག་བདག་ཆེ་མོའི་(PhD)ཕྱག་ཁྱེར་ཐོབ་སྟེ། ཁྲིམས་ལུགས་ཐོག་རིག་བདག་ཆེ་མོའི་མཚན་གནས་བཞེས་མཁན་གྱི་བོད་རིགས་ཐོག་མ་དེ་ཡིན།
ཁོང་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་ལོ་རྒྱུས་བརྗོད་བྱར་བྱས་པའི་ཆེད་རྩོམ་ལ་༡༩༩༥ ལོར་ཡོང་ཀེ་ཀེམ་(Yong K. Kim’ 95 Prize for Excellence)ཞེས་པའི་གཟེངས་རྟགས་ཐོབ་ཡོད་པ་མ་ཟད། ནིའུ་ཨིང་ལེེཎ་ཌ་ས་གནས་ཉེས་ཡངས་ཚོགས་པའི་འགོ་ཁྲིད་གཟེངས་རྟགས། ཀེམ་བྷི་རིཇ་གྲོང་ཁྱེར་གྱི་ཞི་བའི་བདེ་ཚོགས་ནས་ཞི་བ་དང་དྲང་བདེན་གྱི་གཟེངས་རྟགས་སོགས་ཐོབ་ཡོད།
ཕྱི་ལོ་༢༠༠༧ ལོར་ཨེ་ཤི་ཡ་སོ་སཡི་ཌི་ནས་ཨེ་ཤི་ཡའི་སྤྱི་ཚོགས་ཀྱི་འགོ་ཁྲིད་གཞོན་སྐྱེས་ཉེར་བཞི་ཞེས་པའི་ཁོངས་སུ་ཁོང་གི་མིང་འཁོད་པ་དང། འཛམ་གླིང་གི་ཁྲིམས་དོན་མཁས་པ་དང་ཁྲིམས་དཔོན་ལས་གྲུབ་པའི་འཛམ་གླིང་ཁྲིམས་ལུགས་ལྷན་ཚོགས་ཀྱི་ཚོགས་མིར་འདེམས་ཐོན་བྱུང་ཡོད།
ཨ་རིར་བཞུགས་རིང་རྒྱལ་སྤྱིའི་ཁྲིམས་དོན་དང་། མང་གཙོའི་རྩ་ཁྲིམས། དེང་རབས་ཀྱི་རྒྱ་ནག་བཅས་ཀྱི་ཐོག་ཚོགས་ཆེན་ཁག་གི་ནང་གསུང་བཤད་དང། ཝལ་སི་ཊེ་ཊ་ཇོར་ནལ་དང། ནིའུ་ཡོཀ་ཊ་ཡིམ་སི། སྦི་སྦི་སི། ཊ་ཡིམ་བརྙན་དེབ། ནིའུ་སི་ཝེཀ་བརྙན་དེབ་བཅས་དེང་རབས་ཀྱི་གསར་འགོད་ལས་ཁང་ཁག་གི་དོགས་འདྲི་ཞུ་ཡུལ་མི་སྣ་ཞིག་ཡིན། ལྷག་པར་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་མཁས་དབང་མང་པོའི་མཉམ་དུ་འབྲེལ་ལམ་བྱེད་མྱོང་ལ་བརྟེན། ཕྱི་ལོ་༢༠༠༣ དང་༢༠༠༩ ནང་དེ་སྔ་བྱུང་མ་མྱོང་བའི་ཧར་ཝར་ཌིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་༸གོང་ས་མཆོག་དང་རྒྱ་རིགས་མཁས་དབང་དབར་ཚོགས་འདུ་མཇལ་འཕྲད་ལན་གཉིས་ཙམ་དང་། དེ་བཞིན་བོད་རིགས་དང་། རྒྱ་རིགས། རྒྱ་གར་བ། ནུབ་ཕྱོགས་པའིི་མཁས་དབང་མཉམ་འཛོམས་ཀྱིས་བོད་འབྲེལ་ཚོགས་འདུ་སྔ་ཕྱི་བདུན་ཙམ་གོ་སྒྲིག་ཞུས།
༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་མང་གཉིས་ཀྱི་བཀའ་དྲིན་རྗེས་དྲན་དང་དྲིན་ལན་གྱི་ཆ་ཙམ་གསབ་པ་མཚོན་ཆེད། བོད་མིའི་ཟས་བཅུད་ལས་འཆར་བརྒྱུད་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་ཕྲུག་གྲངས་༢༠༠༠ བརྒལ་བར་མཐུན་འགྱུར་རོགས་རམ་གནང་མུས་ཡིན།
ཕྱི་ལོ་༢༠༡༠ ལོའི་སྐབས་གསུམ་བཀའ་བློན་ཁྲི་པའི་འོས་འདེམས་ཁྲོད་འཛུལ་ཞུགས་གནང་སྟེ་བདམས་ཐོན་བྱུང་བ་དང།  ཕྱི་ལོ་༢༠༡༡ ལོའི་ཟླ་༨ པའི་ཚེས་༨ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་མདུན་བཀའ་བློན་ཁྲི་པའི་མཛད་ཁུར་དང་གསང་རྒྱའི་དམ་འབུལ་གནང་བ་ནས་བཟུང། ཕྱི་ལོ་༢༠༡༤ ཟླ་༩ ཚེས་༡༦ ཉིན་བར་བཀའ་བློན་ཁྲི་པ་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་གནང་བའི་ལོ་རྒྱུས་གནད་བསྡུས་སུ།

དངོས་གྲུབ་ཚེ་རིང། (༢༠༡༤།༩།༡༧-ད་ལྟ་གནང་མུས)

༡༣༽  དངོས་གྲུབ་ཚེ་རིང་མཆོག་ནི་ཕྱི་ལོ་ ༡༩༥༣ ཟླ་ ༧ ཚེས་ ༡ ཉིན་བོད་སྐྱིད་གྲོང་དུ་འཁྲུངས། བཙན་བྱོལ་དུ་ཕེབས་རྗེས་སིམ་ལ་གཏན་སློབ་ཏུ་སློབ་སྦྱོང་གནང་སྟེ་ཕྱི་ལོ་ ༡༩༧༣ ལོར་གཞི་རིམ་འཛིན་གྲྭ་ ༡༡ ཐོན་སྐབས་གྲུབ་འབྲས་རྩེར་སོན་བྱུང༌། བོད་སློབ་འཛིན་ཚོགས་ཀྱི་སློབ་ཡོན་ཐོབ་སྟེ་ཕྱི་ལོ་ ༡༩༧༧ ལོར་ཅན་དྷི་གྷར་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་ཕྱི་ལོ་ ༡༩༧༩ ལོར་གཙུག་ལག་རབ་འབྱམས་པ་ལོ་དང་པོ་ཐོན།
དེ་ནས་སྐབས་བདུན་པའི་བོད་མི་མང་དབུས་གཙང་སྤྱི་འཐུས་སུ་བདམས་ཐོན་ལྟར་སྤྱི་འཐུས་གནང་རྗེས་ ཕྱི་ལོ་ ༡༩༨༣ ཟླ་ ༢ ཚེས་ ༡ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་ཐད་བསྐོས་གནང༌། ཕྱི་ལོ་ ༡༩༨༧ ཟླ་ ༤ ཚེས་ ༡༥ ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་གནང༌། ཕྱི་ལོ་ ༡༩༩༠ ཟླ་ ༡༢ ཚེས་ ༡༠ ཉིན་གནས་དྲུག་པར་གནས་སྤར་གྱིས་བོད་གཞུང་ཟློས་གར་གྱི་འགན་འཛིན་དུ་བསྐོས། ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༡ ནས་དྲུང་ཆེ་ལས་འཕར་དུ་གནས་སྤར་གནང་། ཟློས་གར་འགན་འཛིན་གནང་རིང་ལས་དོན་གྲུབ་འབྲས་གཟེངས་སུ་ཐོན་པར་བརྟེན། ཕྱི་ལོ་ ༡༩༩༥ ལོར་རང་གཞུང་སྲི་ཞུ་ལས་བྱེད་པའི་འགན་འཛིན་སྡེ་ཚན་ཁོངས་ནས་བྱས་རྗེས་གཟེངས་ཐོན་བྱུང་བར་ངོས་འཛིན་གྱིས་སུད་སི་བོད་མིའི་གཟེངས་རྟགས་ཐེངས་དང་པོ་དེ་ཁོང་ལ་གནང་ཡོད། ཕྱི་ལོ་ ༡༩༩༥ ཟླ་ ༡༠ ཚེས་ ༡༨ ཉིན་གནས་རིམ་རང་འཇགས་ཐོག་ཤེས་རིག་དྲུང་ཆེའི་ལས་འགན་བཀོད་སྒྲིག་གནང༌།
ཕྱི་ལོ་༡༩༩༦ ཟླ་ ༥ ཚེས་ ༤ ཉིན་ལས་འགན་རང་འཇགས་ཐོག་དྲུང་ཡིག་ཆེ་མོར་གནས་སྤར་གནང་། ཕྱི་ལོ་ ༡༩༩༩ ཟླ་ ༡༠ ཚེས་ ༡༥ ནས་ནང་སྲིད་དྲུང་ཆེར་གནས་སྤོས་གནང༌། ཕྱི་ལོ་ ༢༠༠༠ ཟླ་ ༥ ཚེས་ ༡ ནས་ལོ་གཉིས་རིང་ཕོགས་མེད་གུང་གསེང་དུ་གནས་མུར་དགོངས་ཞུ་ཕུལ་བ་ལྟར། ཕྱི་ལོ་ ༢༠༠༢ ཟླ་ ༢ ཚེས་ ༡༨ ནས་རྩ་དགོངས་ཐོབ་སྟེ་ཨ་རིར་གནས་བཞུགས་གནང་། དེ་ནས་མི་ནི་སོ་ཌའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་ཁུངས་སུ་ལས་འཆར་འགན་འཛིན་དང༌། ཕྱི་ལོ་ ༢༠༠༣ ལོར་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་ལས་འཁུར་ཞུས། སྤྱི་ཚོགས་ཞབས་ཞུའི་ཐད། སློབ་གྲྭའི་སྐབས་སིམ་ལ་ས་གནས་གཞོན་ནུའི་ཚོགས་གཙོ་དང༌། རང་བདེན་ཚོགས་མི། ཅན་དི་སྒར་མཐོ་སློབ་ཀྱི་ས་གནས་གཞོན་ནུའི་དྲུང་ཆེ། ས་གནས་རང་བདེན་ཚོགས་གཙོ། དྷ་ས་གངས་སྐྱིད་གཞོན་ནུའི་རུ་དཔོན། རང་བདེན་ལས་འགུལ་གྱི་ཚོགས་ཆེན་ཐེངས་དང་པོ་དང༌། བོད་རིགས་གཞོན་ནུའི་ཚོགས་ཆེན་ཐེངས་དང་པོ། གཞོན་ནུའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་བཅས་ཀྱི་ལོ་རྒྱུས་དོན་སྙིང་ལྡན་པའི་གལ་ཆེའི་ཚོགས་འདུ་ཁག་ལ་ཚོགས་ཞུགས་གནང་ཡོད།
སྐབས་བཅུ་བཞི་པའི་བཀའ་ཤག་གིས་བཀོད་ཁྱབ་གནང་བ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་འདྲི་བྱ་ཡུལ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢ ཉིན་ཤེས་རིག་དྲུང་ཆེའི་ལས་འགན་བསྐྱར་བསྐོ་གནང་བ་བཞིན། ཕྱི་ཟླ་ ༤ ཚེས་ ༥ ཉིན་གཞུང་འབྲེལ་རྩིས་སྤྲོད་རྩིས་ལེན་གྱི་ལས་རིམ་ལེགས་གྲུབ་རྗེས་ཤེས་རིག་དྲུང་ཆེའི་ལས་འཁུར་ཞུས་པ་དང།
ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༦ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་བློན་ཁ་སྐོང་དུ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཚོགས་དུས་༨ པའི་སྟེང་སྤྱི་མོས་བདམས་ཐོན་བྱུང་བ་བཞིན། བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ། གྲོ་བཞིན་ཟླ་བའི་ཚེས་ ༢༤།  ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༧ རེས་གཟའ་ལྷག་པ་སྟེ་ལྷག་དཀར་ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གི་དྲུང་དུ་ལས་ཁུར་དང་གསང་རྒྱའི་དམ་འབུལ་མཛད་རྗེས། ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ལས་འཁུར་ཞུ་བཞིན་པའི་ལོ་རྒྱུས་སྙིང་བསྡུས་སུ།།

(17448)