ཤེས་རིག་དྲུང་ཆེ་རིམ་པའི་ལོ་རྒྱུས་གནད་བསྡུས།

རི་ཁ་བློ་བཟང་བསྟན་འཛིན།(༡༩༧༦-༡༩༨༢)

༡༽ རི་ཁ་བློ་བཟང་བསྟན་འཛིན་ལགས་ནི། ཕྱི་ལོ་ ༡༩༤༢ ལོར་གཙང་གཞིས་རྩེ་རི་ཁ་ཚང་དུ་འཁྲུངས། ༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་རྗེས་མ་སུ་རིར་དབྱིན་ཡིག་སློབ་སྦྱོང་དང་ལག་ནའོ་ལ་དགེ་རྒན་འོས་སྦྱོང་གནང༌། ༡༩༦༢ ནས་ ༡༩༦༨ བར་དྷ་ས་བོད་ཁྱིམ་དང་མ་སུ་རི་གཏན་སློབ། སིམ་ལ་གཏན་སློབ་བཅས་ཀྱི་དགེ་རྒན་གནང༌། ཕྱི་ལོ་ ༡༩༦༨ ལོར་ཝཱ་རཱ་ཎ་སི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་དུ་ཕེབས་ནས་ ༡༩༧༢ བར་སློབ་གཉེར་གནང༌། ༡༩༧༢ ལོར་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་ནས་ལས་དུས་ཐིམ་རྗེས་ ༡༩༧༦ ལོར་ཤེས་རིག་དྲུང་ཆེར་བསྐོ་བཞག་བྱུང་བ་ལྟར་ལོ་ལྔ་ལས་ཁུར་གནང༌། དེ་ནས་ཤེས་རིག་རྩོམ་སྒྲིག་འགན་འཛིན་དུ་བསྐོས་པ་ལྟར་ལས་ཁུར་བཞེས། ༡༩༩༠ ལོར་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཁོངས་མི་གནང༌། ༡༩༩༢ ལོར་ཨ་རིའི་སི་ཡ་ཊལ་གཙུག་ལག་སློབ་ཁང་དུ་དབྱིན་ཡིག་ཟབ་སྦྱོང་གནང་བ་དང་ཆབས་ཅིག་དབྱིན་བོད་ཚིག་མཛོད་རྩོམ་སྒྲིག་གནང་འཆར་ཡང་ ༡༩༩༣ ལོར་གློ་བུར་དུ་སྐུ་གཤེགས། ཁོང་གིས་བརྩམས་པའི་དཔེ་དེབ་དང་རྩོམ་ཡིག་ཁ་ཤས་ཡོད།

ཕྱག་མཛོད་ཚང་བསོད་ནམས་རབ་བརྟན། (༡༩༨༢-༡༩༩༡)

༢༽ ཕྱག་མཛོད་ཚང་བསོད་ནམས་རབ་བརྟན་ལགས་ནི། ལྷ་སར་ཕྱི་ལོ་ ༡༩༤༠ ཟླ་ ༦ ཚེས་ ༦ ཉིན་འཁྲུངས། ཆུང་དུས་རྒྱ་གར་རྡོ་རྗེ་གླིང་གི་སན་ཇོ་སིབ་ཅེས་པའི་དབྱིན་ཇིའི་སློབ་གྲྭར་སློབ་སྦྱོང་གནང་སྟེ་ ༡༩༦༡ ལོར་ཐོན། ༡༩༦༢ ལོར་ཤེས་རིག་ལས་ཁུངས་དང་ ༡༩༦༣ ལོར་སྐུ་སྒེར་ཡིག་ཚང་དུ་དབྱིན་དྲུང་གི་ཞབས་ཞུ་གནང༌། དེ་རྗེས་ཨ་རིར་སྲིད་དོན་སློབ་སྦྱོང་དུ་ཕེབས་ནས་ ༡༩༦༨ ལོར་རྒྱ་གར་ལ་ཕྱིར་ལོག་གནང༌། ༡༩༦༩ ལོར་བོད་གཞུང་ཕྱི་སྲིད་ལྷན་ཁང་གི་ལས་བྱ་དང༌། ༡༩༧༠ ལོར་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ། ༡༩༧༡ ནས་ ༡༩༧༢ བར་ལོ་གཉིས་རིང་ལྡི་ལིར་བཟོ་གཞིས་ཚོགས་པའི་འགན་འཛིན་གནང༌། ༡༩༧༣ ནས་ ༡༩༧༤ བར་ལོ་གཉིས་རིང་སྦོ་སྤལ་ཤོག་བཟོ་བཟོ་གྲྭའི་རང་གཞུང་སྐུ་ཚབ་འགན་འཛིན་གནང༌། ༡༩༧༦ ནས་ ༡༩༨༡ བར་མ་སུ་རི་གཏན་སློབ་ཀྱི་སློབ་སྤྱི་གནང༌། ༡༩༨༢ ལོར་ཤེས་རིག་དྲུང་ཆེར་བསྐོ་སྩལ་ལྟར་ ༡༩༩༡ བར་མཛད་ཁུར་བཞེས། དེ་རྗེས་འཆར་འགོད་ལས་ཁང་གི་དྲུང་ཆེ་གནང་མུར་དོ་བདག་ནས་བགྲེས་ཡོལ་ཞུས་དོན་ལྟར་ ༡༩༩༢ ཟླ་ ༥ ཚེས་ ༣༡ ནས་བགྲེས་ཡོལ་སྩལ་ཏེ་ཨ་རིར་བཞུགས།*

* གཞི་འཛིན་ས་གཙོ་བོ་གཞུང་ཞབས་འདེམས་ལྷན་དང་ཤེས་རིག་ལས་ཁུངས་ཀྱི་ཡིག་ཚགས།

བསམ་མཁར་དབྱངས་སྐྱིད། (༡༩༩༡-༡༩༩༣)

༣༽ བསམ་མཁར་དབྱངས་སྐྱིད་ལགས་ནི། བོད་དབུས་ཆུ་ཤུལ་དུ་ཕྱི་ལོ་ ༡༩༤༦ ལོར་འཁྲུངས། ༡༩༥༩ ལོར་ཙན་བྱོལ་དུ་ཕེབས་རྗེས་ཌལ་ཧོར་ཁུལ་གྱི་སློབ་གྲྭ་ཞིག་ནང་དབྱིན་ཧིན་སྐད་ཡིག་སློབ་སྦྱོང་ལོ་གཅིག་རིང་གནང་ཞིང༌། དེ་ནས་དྷ་ས་བུ་གསོ་ཁང་གི་དབུ་འཛིན་སྐུའི་གཅེན་མོ་མཆོག་ནས་མ་དྷ་ར་སིར་སློབ་སྦྱོང་དུ་བཏང༌། ༡༩༦༢ ལོར་སིམ་ལ་བུ་གསོ་ཁང་གསར་འཛུགས་གནང་སྐབས་སྐད་གཉིས་ཤེས་པའི་ལས་བྱེད་དཀོན་པར་བརྟེན་སྐུའི་གཅེན་མོ་མཆོག་གི་བཀའ་བཞིན་ལས་བཅར་གནང༌། དེ་རྗེས་ལྡི་ལིར་ལས་བྱེད་སློབ་སྦྱོང་ཐེངས་དང་པོའི་ཁོངས་སུ་ཞུགས། ཕྱི་ལོ་ ༡༩༦༩ ལོར་རྒན་དྲུང་གི་གནས་རིམ་ཐོག་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་ཕྱིར་སྐྱོད་ལག་འཁྱེར་དོ་དམ་པ་དང༌། རྩིས་པའི་ལས་འགན་རིམ་བཞིན་གནང༌། ༡༩༧༤ ལོར་དྲུང་གཞོན་དུ་གནས་སྤར་གྱིས་ཤེས་རིག་འགན་འཛིན་གནང༌། དེ་རྗེས་ཤེས་རིག་དྲུང་གཞོན་དང་བདེ་ལེགས་སྨན་ཁང་གི་འགན་འཛིན་གནང༌། ༡༩༩༠ ལོར་ཤེས་རིག་དྲུང་ཆེ་ལས་རོགས་དང་ ༡༩༩༡ ནས་ ༡༩༩༣ བར་ཤེས་རིག་དྲུང་ཆེ་ངོ་མ་གནང༌། དེ་ནས་ཞབས་ལོ་ཚང་སྟེ་བགྲེས་ཡོལ་དུ་ཕེབས།
ཕྱི་ལོ་ ༡༩༩༦ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཤག་སྐབས་བཅུ་གཅིག་པའི་བཀའ་བློན་དུ་འོས་འདེམས་གནང་བ་ལྟར་ཕྱི་ཟླ་ ༦ ཚེས་ ༤ ཉིན་ྋགོང་ས་མཆོག་གི་སྐུ་མདུན་དུ་དམ་འབུལ་གྱིས་བོད་གཞུང་འཕྲོད་བསྟེན་བཀའ་བློན་གྱི་མཛད་འགན་ཕྱི་ལོ་ ༢༠༠༡ བར་བཞེས།

ཚེ་རིང་དབང་རྒྱལ། (༡༩༩༣-༡༩༩༥) ཡང་བསྐྱར་(༡༩༩༩-༢༠༠༠)

༤༽ ཚེ་རིང་དབང་རྒྱལ་ལགས་ནི། ཕྱི་ལོ་ ༡༩༤༧ ཟླ་ ༡༢ ཚེས་ ༡༢ ཉིན་ཀོང་པོ་རྒྱ་མདར་འཁྲུངས། ༡༩༦༢ ལོར་གཞི་རིམ་འོག་མ་ཐོན་རྗེས་ཕྱི་རྒྱལ་དུ་ཕེབས་ཏེ་ ༡༩༦༨ ལོར་སོ་ནམ་མཐོ་སློབ་ཐོན། ལོ་དེའི་ཟླ་ ༡༠ ཚེས་ ༡༥ ནས་བཞུགས་སྒར་ས་ཁང་དོ་དམ་པ་དང༌། ༡༩༧༠ ཟླ་ ༡ ཚེས་ ༢༨ ནས་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་སོ་ནམ་སློབ་སྟོན་པ། ༡༩༧༤ ཟླ་ ༡༠ ཚེས་ ༢༠ ཉིན་གནས་བརྒྱད་པར་གནས་སྤར་གྱིས་བྷན་དྷ་ར་ནོར་རྒྱས་གླིང་གི་གཞིས་འགོ། ༡༩༧༧ ཟླ་ ༡༠ ཚེས་ ༡ ཉིན་གནས་བདུན་པར་གནས་སྤར་གྱིས་ཏེ་ཛུ་དར་རྒྱས་གླིང་གི་གཞིས་འགོ་ལས་ཚབ། ༡༩༨༡ ཟླ་ ༧ ཚེས་ ༡ ནས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་གཞིས་འགོ་ལས་ཚབ། ༡༩༨༣ ཟླ་ ༣ ཚེས་ ༡༥ ལ་གནས་དྲུག་པར་གནས་སྤར་གྱིས་བདེ་སྐྱིད་སླར་གསོའི་གཞིས་འགོ་ངོ་མ། ༡༩༨༤ ཟླ་ ༡༠ ཚེས་ ༥ ནས་ཌས་དྲུན་བཟོ་གཞིས་བདེ་དོན་གཅིག་ལྕོགས། ༡༩༨༨ ཟླ་ ༥ ཚེས་ ༢༠ ཉིན་ནས་བོད་གཞུང་ཤེས་རིག་ཟློས་གར་ཚོགས་པའི་འགན་འཛིན། ༡༩༩༠ ཟླ་ ༡༢ ཚེས་ ༢༠ ཉིན་ནས་བྷེང་ལོར་ནང་སྲིད་སྐུ་ཚབ། ༡༩༩༣ ཟླ་ ༥ ཚེས་ ༤ ཉིན་དྲུང་ཡིག་ཆེན་མོར་གནས་སྤར། ༡༩༩༣ ཟླ་ ༦ ཚེས་ ༡ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ། ༡༩༩༥ ཟླ་ ༡༠ ཚེས་ ༡༡ ནས་ལྡི་ལི་སྐུ་ཚབ་དོན་གཅོད། ༡༩༩༦ ཟླ་ ༡༢ ཚེས་ ༡༨ ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ། ༡༩༩༩ ཟླ་ ༡༠ ཚེས་ ༡༨ ནས་ཡང་བསྐྱར་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ། ༢༠༠༠ ཟླ་ ༤ ཚེས་ ༡ ནས་ལོ་གཉིས་ཕོགས་མེད་དགོངས་ཞུའི་ཐོག་གནས་མུར་དགོངས་ཞུ་ཕུལ་བ་ལྟར། ༢༠༠༢ ཟླ་ ༣ ཚེས་ ༢༠ ནས་རྒས་ཡོལ་སྔ་བསྣུར་སྩལ། ད་ལྟ་ཨ་རིར་བཞུགས་མུས།*

* གཞི་འཛིན་ས་གཙོ་བོ་གཞུང་ཞབས་འདེམས་ལྷན་དང་ཤེས་རིག་ལས་ཁུངས་ཀྱི་ཡིག་ཚགས།

དངོས་གྲུབ་ཚེ་རིང། (༡༩༩༥-༡༩༩༩) བསྐྱར་བསྐོ།(༢༠༡༢/༤/༢-༢༠༡༤།༩།༡༦)

༥༽ དངོས་གྲུབ་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༥༣ ཟླ་ ༧ ཚེས་ ༡ ཉིན་བོད་སྐྱིད་གྲོང་དུ་འཁྲུངས། བཙན་བྱོལ་དུ་ཕེབས་རྗེས་སིམ་ལ་གཏན་སློབ་ཏུ་སློབ་སྦྱོང་གནང་སྟེ་ ༡༩༧༣ ལོར་གཞི་རིམ་འཛིན་གྲྭ་ ༡༡ ཐོན་སྐབས་གྲུབ་འབྲས་རྩེར་སོན་བྱུང༌། བོད་སློབ་འཛིན་ཚོགས་ཀྱི་སློབ་ཡོན་ཐོབ་སྟེ་ ༡༩༧༧ ལོར་ཅན་དྷི་གྷར་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་ ༡༩༧༩ ལོར་གཙུག་ལག་རབ་འབྱམས་པ་ལོ་དང་པོ་ཐོན། ༡༩༧༦ ནས་ ༡༩༧༩ དུས་ཡུན་རིང་ཅན་དྷི་གྷར་ས་གནས་གཞོན་ལྷན་གྱི་དྲུང་ཆེ་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཡང་གནང༌།
དེ་ནས་སྐབས་བདུན་པའི་བོད་མི་མང་སྤྱི་འཐུས་ཁོངས་དབུས་གཙང་སྤྱི་འཐུས་སུ་འདེམས་ཐོན་ལྟར་སྤྱི་འཐུས་གནང་རྗེས་ ༡༩༨༣ ཟླ་ ༢ ཚེས་ ༡ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་ཐད་བསྐོས་གནང༌། ༡༩༨༧ ཟླ་ ༤ ཚེས་ ༡༥ ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་གནང༌། ༡༩༩༠ ཟླ་ ༡༢ ཚེས་ ༡༠ ཉིན་གནས་དྲུག་པར་གནས་སྤར་གྱིས་བོད་གཞུང་ཟློས་གར་གྱི་འགན་འཛིན་དུ་བསྐོས། ༡༩༩༣ ཟླ་ ༡༠ ཚེས་ ༡ ནས་དྲུང་ཆེ་ལས་འཕར་དུ་གནས་སྤར་བྱས། ཟློས་གར་འགན་འཛིན་གནང་རིང་ལས་དོན་གྲུབ་འབྲས་གཟེངས་སུ་ཐོན་པར་བརྟེན་སུད་སི་བོད་མིའི་གཟེངས་རྟགས་ཀྱང་ཐོབ། ༡༩༩༥ ཟླ་ ༡༠ ཚེས་ ༡༨ ཉིན་གནས་རིམ་རང་འཇགས་ཐོག་ཤེས་རིག་དྲུང་ཆེའི་ལས་འགན་བཀོད་སྒྲིག་གནང༌། ༡༩༩༦ ཟླ་ ༥ ཚེས་ ༤ ཉིན་ལས་འགན་རང་འཇགས་ཐོག་དྲུང་ཡིག་ཆེ་མོར་གནས་སྤར་བྱས། ༡༩༩༩ ཟླ་ ༡༠ ཚེས་ ༡༥ ནས་ནང་སྲིད་དྲུང་ཆེར་གནས་སྤོས་གནང༌། ༢༠༠༠ ཟླ་ ༥ ཚེས་ ༡ ནས་ལོ་གཉིས་རིང་ཕོགས་མེད་གུང་གསེང་དུ་གནས་མུར་དགོངས་ཞུ་ཕུལ་བ་ལྟར་ ༢༠༠༢ ཟླ་ ༢ ཚེས་ ༡༨ ནས་རྩ་དགོངས་ཐོབ་སྟེ་ད་ལྟ་ཨ་རིར་བཞུགས་མུས་ཡིན།*
སྐབས་བཅུ་བཞི་པའི་བཀའ་ཤག་གིས་བཀོད་ཁྱབ་གནང་བ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་འདྲི་བྱ་ཡུལ་དང། ཕྱི་ལོ་༢༠༡༢ ཟླ་༤ ཚེས་༢ ཉིན་ཤེས་རིག་དྲུང་ཆེའི་ལས་འགན་བསྐྱར་བསྐོ་གནང་བ་བཞིན་ཟླ་༤ ཚེས་༥ ཉིནགཞུང་འབྲེལ་རྩིས་སྤྲོད་རྩིས་ལེན་གྱི་ལས་རིམ་ལེགས་གྲུབ་ཟིན་ཏེ། རྟེན་འབྲེལ་གྱི་མཛད་སྒོ་སྟབས་བདེ་ཞིག་དང་བཅས་མཛད་འགན་དངོས་བཞེས་གནང།
ཕྱི་ལོ་༢༠༡༤ ཟླ་༩ ཚེས་༡༦ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱག་སྦྲེལ་བཀའ་བློན་ཁ་སྐོང་དུ་འོས་གཞི་བཏོན་པ་ལྟར། བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བའི་ཚོགས་དུས་བརྒྱད་པའི་སྟེང་སྤྱི་མོས་ཀྱི་འོས་འདེམས་བྱུང་བ་ལྟར། བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ་གྲོ་བཞིན་ཟླ་བའི་ཚེས་ ༢༤ ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༧ རེས་གཟའ་ལྷག་པ་སྟེ་ལྷག་དཀར་ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གི་དྲུང་དུ་ལས་ཁུར་དང་གསང་རྒྱའི་དམ་འབུལ་མཛད་དེ་བཀའ་བློན་ལས་ཁུར་མཛད།

* གཞི་འཛིན་ས་ཕལ་མོ་ཆེ་གཞུང་ཞབས་འདེམས་ལྷན་གྱི་ཡིག་ཚགས་ཡིན། དོ་བདག་ངོ་མས་གནང་འབྱོར་ལོ་རྒྱུས་ལའང་ཞིབ་བསྡུར་ཞུས།

ཚེ་རིང་དོན་གྲུབ། (༢༠༠༠/༣/༢༠-༢༠༠༢/༤/༩)

༦༽ ཚེ་རིང་དོན་གྲུབ་ལགས་ནི་བོད་ལ་དུས་འགྱུར་མི་བཟད་པ་བྱུང་སྐབས་ཡབ་ཡུམ་རྣམ་གཉིས་དང་ནང་མི་བཅས་པ་བལ་ཡུལ་བརྒྱུད་བཙན་བྱོལ་དུ་ཕེབས་སྐབས་ཕྱི་ལོ་ ༡༩༦༠ ལོར་བལ་ཡུལ་ཤར་ཁུམ་བུར་སྐུ་འཁྲུངས། ཤར་ཁུམ་དུ་གསར་འཛུགས་གནང་བའི་བོད་མིའི་གཞིས་ཆགས་ཀྱི་སློབ་གྲྭར་ཕེབས་ཏེ་ལོ་གཉིས་ཙམ་དུ་སློབ་སྦྱོང་གནང༌། ཕྱི་ལོ་ ༡༩༦༨ ལོར་རྒྱ་གར་ལ་སློབ་སྦྱོང་དུ་ཕེབས་ཏེ་མ་སུ་རི་བོད་ཁྱིམ་སློབ་གྲྭར་འཛིན་རིམ་དང་པོ་བར་སློབ་སྦྱོང་དང༌། དེ་རྗེས་མ་སུ་རི་གཏན་སློབ་ཏུ་གཞི་རིམ་སློབ་སྦྱོང་གནང་སྟེ་ཕྱི་ལོ་ ༡༩༨༡ ལོར་གཞི་རིམ་སློབ་གྲྭ་མཐར་ཕྱིན། དང་སློབ་ནང་ཟླ་དྲུག་ཙམ་སློབ་སྦྱོང་གནང༌། མ་སུ་རིར་གཞི་རིམ་སློབ་སྦྱོང་གནང་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནང་ཞུགས་ཏེ་གཞོན་ནུའི་རྒྱུན་ལས་ཀྱི་ཕྱག་ལས་གནང་ཡོད། དེ་རྗེས་ཅན་རྡི་གྷར་གྱི་མཐོ་སློབ་ཏུ་ཕེབས་ཏེ་ནོར་སྲིད་རིག་པའི་མཐོ་རིམ་སློབ་གཉེར་གྱི་ཕུལ་བྱུང་གི་གྲུབ་འབྲས་ཐོན་ནས་བསླབ་པ་མཐར་སོན། མཐོ་སློབ་ཏུ་སློབ་སྦྱོང་གནང་རིང་དུ་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོའི་ཕྱག་ལས་གནང༌། ཕྱི་ལོ་ ༡༩༨༣ ལོར་བོད་གཞུང་རྩིས་ཞིབ་ལས་ཁུངས་སུ་འཕྲལ་སེལ་ལས་བྱེད་པའི་ཕྱག་ལས་གནང༌།
ཕྱི་ལོ་ ༡༩༨༤ ལོའི་ཟླ་ ༡༢ ཚེས་ ༡ ཉིན་ཡིག་རྒྱུགས་ལམ་ནས་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་སྲི་ཞུ་བར་ཞུགས་ཏེ་བོད་གཞུང་རྩིས་ཞིབ་ལས་ཁུངས་ཀྱི་རྒན་དྲུང་དུ་བསྐོ་འཇོག་བྱུང༌། རིམ་བཞིན་བོད་གཞུང་རྩིས་ཞིབ་ལས་ཁང་གི་དྲུང་གཞོན་དང༌། ཟུང་དྲུང༌། དྲུང་འཕར་བཅས་ཐེག་པ་རིམ་འཛེགས་ཀྱིས་ལོ་བཅུ་བདུན་རིང་རྩིས་ཞིབ་ལས་ཁང་གི་མཛད་འགན་བཞེས། ཕྱི་ལོ་ ༡༩༩༣ ལོར་ཨ་རིར་ཚོང་འབྲེལ་རིག་པའི་འཛིན་སྐྱོང་སློབ་སྦྱོང་ལ་ཆེད་ཕེབས་གནང་སྟེ་ལོ་གཅིག་སློབ་སྦྱོང་གནང༌། ཕྱི་ལོ་ ༢༠༠༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་བཞག་གནང་བ་ལྟར་མཛད་འགན་བཞེས། ཕྱི་ལོ་ ༢༠༠༢ ལོར་བོད་གཞུང་ནང་སྲིད་དྲུང་ཡིག་ཆེན་མོར་གནས་སྤོས་གནང་སྟེ་ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༡༠ ཚེས་ ༤ བར་དྲུང་ཆེའི་མཛད་འགན་བཞེས། ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༡༠ ཚེས་ ༤ ཉིན་སྐབས་བཅུ་གསུམ་པའི་བཀའ་ཤག་གི་བཀའ་བློན་ཁྲི་པ་མཆོག་ནས་བཀའ་ཤག་ལྷན་ཚོགས་ཀྱི་བཀའ་བློན་གྱི་འོས་གཞིར་འོས་འཛུགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་རྒྱབ་སྐྱོར་གནང་སྟེ་བཀའ་བློན་དུ་འདེམས་བསྐོ་བྱུང་བ་ལྟར་ད་ལྟ་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན་གྱི་མཛད་ཁུར་བཞེས་བཞིན་ཡོད།*

* གཞི་འཛིན་ས་ཕལ་ཆེ་བ་གཞུང་གི་དྲིལ་བསྒྲགས་ཡིག་ཆ་དང་ཤེས་རིག་ལས་ཁུངས་ཀྱི་ཡིག་ཆ་ཡིན།

གཡུ་ཐོག་ཀརྨ་དགེ་ལེགས། (༢༠༠༡/༤/༡༠ ནས་༢༠༡༢/༤/༢)

༧༽ གཡུ་ཐོག་ཀརྨ་དགེ་ལེགས་ལགས་ནི། ཕྱི་ལོ་ ༡༩༥༥ ལོར་བྱང་གནམ་རུར་འཁྲུངས། ༡༩༦༠ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས། དྷ་སར་སློབ་ཞུགས་ཀྱིས་ཡུད་ཙམ་བཞུགས་རིང་གློ་གཅོང་གི་ནད་གཞི་ཕོག་སྟེ་ལོ་གཉིས་སྨན་ཁང་དུ་ལུས། ༡༩༦༣ ལོར་མ་སུ་རི་གཏན་སློབ་ཏུ་སློབ་ཞུགས་གནང་སྟེ་སློབ་སྦྱོང་ལ་བརྩོན་པ་ཆེན་པོ་གནང་བ་དང་མཉམ་དུ་ ༡༩༦༦ ལོར་མ་སུ་རིའི་དགོན་པར་བློ་གླིང་མཁན་ཟུར་པདྨ་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང༌། ༡༩༧༣ ལོར་མ་སུ་རི་གཏན་སློབ་ནས་འཛིན་རིམ་ ༡༡ གྲུབ་འབྲས་རྩེར་སོན་དང་བཅས་ཐོན།
གཞི་རིམ་སློབ་ཐོན་གྱི་རྒྱུགས་འབྲས་ལེགས་སྟབས་རྒྱ་གར་མཐོ་སློབ་ཏུ་སློབ་ཞུགས་བྱ་རྒྱུར་སློབ་ཡོན་མ་ཐོབ་པའི་དཀའ་ངལ་མེད་ཀྱང་སྐབས་དེར་གསར་ཚུགས་དྷ་ས་རིགས་སློབ་ཏུ་ ༡༩༧༤ ལོར་འཛུལ་ཞུགས་ཀྱིས་ཕྱོགས་གཅིག་ནས་ནང་པའི་གཞུང་ཆེན་ཁག་དང་བོད་ཀྱི་རིག་གནས་ཁག་ལ་སློབ་གཉེར་གནང་མཐར་ ༡༩༨༦ ལོར་སྦྱངས་འབྲས་རྩེ་སོན་ངང་ཐོན་པ་དང༌། ཕྱོགས་གཞན་ནས་ཅན་དྷི་གྷར་གཙུག་ལག་སློབ་ཁང་དུ་ཡིག་འགྲུལ་གྱི་ལམ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་སྟེ་སྦྱངས་འབྲས་ལེགས་ཐོན་བྱུང༌།
༡༩༨༦ ལོར་ཆོས་རིག་ལས་ཁུངས་ཀྱི་རྒན་དྲུང་གི་གནས་རིམ་ཐོག་ནས་དྲུང་གཞོན་ལས་རོགས་ལས་ཚབ་ཀྱི་ལས་འགན་དུ་བསྐོ་བཞག་བྱུང་ཞིང༌། དེ་ནས་གཞུང་ཞབས་ཐེག་པ་རིམ་འཛེགས་ཀྱིས་ ༡༩༨༩ ལོར་ཆོས་རིག་དྲུང་ཆེ་ལས་ཚབ་དང༌། ༡༩༩༠ ལོར་ཆོས་རིག་དྲུང་ཆེར་བསྐོ་བཞག་བྱུང་དོན་ལྟར་ ༡༩༩༣ ལོའི་ལོ་མཇུག་བར་འགན་ཁུར་བཞེས། ༡༩༩༤ ལོར་ཉི་ཧོང་དང་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱུང་སྟེ་ ༢༠༠༠ ལོའི་ཟླ་ ༦ བར་འགན་ཁུར་བཞེས། ༢༠༠༠ ལོའི་ཕྱི་ཟླ་ ༡༠ པར་ཆོས་རིག་དྲུང་ཆེར་གནས་སྤོས་གནང་བ་ལྟར་ ༢༠༠༢ ལོའི་ཟླ་བ་ ༤ བར་འགན་ཁུར་གནང༌། ༢༠༠༢ ཟླ་བ་ ༤ ནས་ཤེས་རིག་དྲུང་ཆེར་གནས་སྤོས་གནང་བ་ལྟར་དེ་ནས་བཟུང་ད་བར་ཤེས་རིག་དྲུང་ཆེའི་འགན་ཁུར་བཞེས་མུས་ཡིན།
གཞན་ཡང་ཕྱི་ལོ་ ༡༩༨༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མཁན་སློབ་སྦྲགས་མ་མཛད་དེ་དགེ་སློང་སྒྲུབ་ཅིང༌། ༡༩༨༥ ལོར་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་ལྟར་འཛམ་གླིང་ཆོས་ལུགས་ཁག་གི་ཐོག་གཞོན་ནུའི་ཚོགས་འདུ་ཞེས་པར་ཚོགས་བཅར་ཞུས་པའི་རྗེས་འབྲེལ་འཛམ་གླིང་གི་ཕུལ་བྱུང་གཞོན་སྐྱེས་ཁག་དང་ལྷན་དུ་རྒྱལ་ཁབ་བཅུ་སྐོར་ལ་བསྐྱོད་དེ་འཛམ་གླིང་གི་ཆོས་ལུགས་དབུ་འཁྲིད་དང་མཁས་དབང་མང་པོར་མཇལ་མོལ་ཞུ་རྒྱུའི་གོ་སྐབས་ཐོབ། དེ་ནས་བཟུང་ཕྱི་རྒྱལ་རྒྱལ་ཁབ་ ༢༠ བརྒལ་བར་གཞུང་དོན་ཕྱོགས་བསྐྱོད་ལན་གྲངས་མང་པོ་ཕེབས་མྱོང་ཡོད། དེ་བཞིན་རིགས་ལམ་སློབ་གཉེར་ཁང་ནས་འདོན་སྤེལ་གནང་བའི་ལྷག་བསམ་བརྩེགས་པ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཐོག་མ་གནང་བ་སོགས་རྩོམ་སྒྱུར་གྱི་ཕྱག་ལས་མང་པོ་གནང་མྱོང་ཞིང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོའི་ལས་འགན་ཡང་བཞེས་མྱོང༌།
སྐབས་བཅུ་བཞི་པའི་བཀའ་ཤག་གི་བཀོད་ཁྱབ་ལྟར་ཕྱི་ལོ་༢༠༡༢ ཟླ་༢ ཚེས་༡ ཉིན་བཀའ་དྲུང་དུ་གནས་སྤོས་དང། ཕྱི་ལོ་༢༠༡༢ ཟླ་༤ ཚེས་༢ བར་བཀའ་དྲུང་དང་ཤེས་རིག་དྲུང་ཆེའི་ལས་འགན་གཅིག་ལྕོགས་གནང། ཟླ་༤ ཚེས་༥ ཉིན་ཡིག་རྩིས་དང་ལས་འགན་རྣམས་ཤེས་རིག་དྲུང་ཆེ་གསར་པར་རྩིས་སྤྲོད་ཟིན་རྗེས་བཀའ་ཤག་གི་དྲུང་ཡིག་ཆེ་མོའི་མཛད་འགན་བཞེས་མུས་སུ་བཞུགས།

སྟོབས་རྒྱལ་ཚེ་རིང་། (༢༠༡༣/༠༢/༠༨ -)

༨༽ སྟོབས་རྒྱལ་ཚེ་རིང་ལགས་ནི། ཕྱི་ལོ་ ༡༩༥༥ ལོར་བོད་ལ་སྟོད་རྫོང་དཀར་ཕུ་ལག་ཅེས་པའི་ས་མ་འབྲོག་གྲོང་ཚོ་ཆུང་ཆུང་ཞིག་དུ་ཕ་གླིང་པ་བཀྲིས་དང་། སྐྱེད་མ་བར་ཚོ་གླིང་ཤར་བཟང་མོ་གཉིས་ལ་བུ་ཕྲུག་དགུ་བྱུང་བའི་ནང་ནས་བུ་ཆེ་ཤོས་གཉིས་པར་སྐྱེས་ཤིང་། ཕྱི་ལོ་ ༡༩༦༣ རང་ལོ་བརྒྱད་ཐོག་ཕ་མ་སྤུན་མཆེད་དང་ཁ་བྲལ་ནས་ཞང་པོ་སྐལ་བཟང་བསྟན་འཛིན་དང་མཉམ་དུ་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་རྗེས་དྷ་ས་ཟུར་གསོག་སློབ་གྲྭ་དང་། དེ་རྗེས་པཱན་ཅ་མཱ་རི་གཏན་སློབ། མ་སུ་རི་གཏན་སློབ་བཅས་སུ་བོད་ཕྲུག་སྤྱི་མཚུངས་ལྟར་སློབ་སྦྱོང་གོ་སྐབས་ཐོབ། ཕྱི་ལོ་ ༡༩༧༣ ལོར་མ་སུ་རི་གཏན་སློབ་ནས་སློབ་མཐར་ཕྱིན་མ་ཐག་བོད་གཞུང་ལ་སྐད་ཡིག་གཉིས་ཤེས་པའི་ལས་བྱེད་ཆེས་ཉུང་བའི་དཀའ་ངལ་སེལ་ཕྱིར་གཞུང་གིས་བཀའ་བཀོད་ལྟར་ཞབས་ཞུ་འགོ་བརྩམས། ཐོག་མར་ཤེས་རིག་ལས་ཁུངས་ནས་བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་བལ་ཡུལ་ཤར་ཁུམ་ཤོ་རོངས་བདེ་ལེགས་གླིང་གཞིས་ཆགས་ཀྱི་ཆེལ་ས་འབྲིང་རིམ་སློབ་གྲྭའི་དགེ་ཆེ་དང་འཛིན་སྐྱོང་གཅིག་ལྕོགས་སུ་བསྐོ་བཞག་གིས་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༧ ཟླ་༡༠ ནས་ནང་སྲིད་ལས་ཁུངས་ཀྱིས་སྦིར་བོད་ཚོགས་ཀྱི་ལས་བྱེད་དུ་བསྐོ་བཞག་གིས་བཟོ་གཞིས་ལས་ཁུངས་ཀྱི་རྩིས་པ་དང་རུམ་བཟོའི་དོ་དམ་པའི་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༨ ལོ་འགོར་ལས་བྱེད་བདག་གཉེར་ཁང་གི་གཞུང་ཞབས་འདེམས་རྒྱུགས་ཁོངས་སུ་ཚུད་དེ་ལོ་དེའི་ཟླ་ ༤ ཚེས་ ༡ ནས་གཞུང་བསྐོས་ལས་བྱེད་ཁོངས་དངོས་སུ་བཞུགས།

ཕྱི་ལོ་ ༡༩༨༣ ནས་ ༡༩༨༦ བར་ཨོ་རི་ས་གཞིས་ཆགས་སུ་གནས་སྤོས་བཀོད་བསྒྲིགས་ཀྱིས་མཉམ་འབྲེལ་དང་གཞིས་ལས་ཁང་གི་དངུལ་གཉེར་གྱི་འགན་འཁུར་གནང་། ཕྱི་ལོ་ ༡༩༨༧ ནས་ ༡༩༩༠ བར་དྷ་ས་བདེ་ལེགས་སྨན་ཁང་དུ་གནས་སྤོས་ཀྱིས་སྨན་ཁང་དྲུང་ཆེ་དང་དངུལ་གཉེར་གཅིག་ལྕོགས་ཀྱི་ལས་འགན་བཞེས། ཕྱི་ལོ་ ༡༩༩༡ ནས་ ༡༩༩༥ བར་ལ་དྭགས་སུ་ལོ་གཉིས་རིང་མཉམ་འབྲེལ་དྲུང་ཆེ་དང་། རུམ་འཐག་བཟོ་འགོ་གཅིག་ལྕོགས་གནང་བ་དང་ལོ་གསུམ་རིང་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་དང་ལ་བྱང་བཅས་ཀྱི་གཞིས་སྤྱིའམ་ལ་སྤྱིར་བསྐོ་བཞག་བྱུང་བ་ལྟར་འགན་བཞེས་གནང་། ཕྱི་ལོ་ ༡༩༩༥ ཟླ་ ༡༠ ནང་སྤོན་ཌོ་བཀྲིས་གླིང་དང་མན་ཌི་རྫོང་ཁོངས་ཀྱི་ས་གནས་འགོ་འཛིན་དུ་གནས་སྤོས་དང་། ཕྱི་ལོ་ ༡༩༩༦ ཟླ་ ༦ ནང་ཀུ་ལུ་མ་ན་ལི་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་དུ་གནས་སྤོས་བྱུང་། ལོ་གཅིག་རིང་དཔལ་རབ་གླིང་ཁང་ཁྱིམ་འཛུགས་སྐྲུན་གྱི་ལས་གཞིར་མཇུག་སྐྱོང་སོགས་གནང་། ཕྱི་ལོ་ ༡༩༩༧ ཟླ་ ༧ ནང་ནང་སྲིད་ལས་ཁུངས་ཀྱི་དྲུང་ལས་སུ་གནས་སྤོས་གནང་སྟེ་ཟུང་དྲུང་གནས་རིམ་བར་ལས་འགན་གཙོ་བོ་ལྷོ་གཞིས་ཁག་དང་བྱང་ཤར་ཁུལ་གྱི་གཞིས་ཆགས་ཁག་གི་གནས་སྟངས་ལ་ལྟ་རྟོག་དང་ནང་སྲིད་བདེ་དོན་ཚན་པ་བཅས་ཀྱི་འགན་རྐང་བཞེས་གནང་།  ཕྱི་ལོ་ ༢༠༠༧ ལོ་མཇུག་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས་ཀྱིས་སྨན་ཁང་ཁག་གི་འཛིན་སྐྱོང་དང་ཊི་སྦི་ནད་གཞི་གཙོས་པའི་ལས་གཞི་ཁག་ལ་ལྟ་རྟོག་གནང་། ཕྱི་ལོ་ ༢༠༠༨ ལོ་འགོར་དྲུང་འཕར་གནས་རིམ་དུ་གནས་སྤར་དང་སྦྲགས་འཕྲོད་བསྟེན་དྲུང་ཆེ་ལས་ཚབ་དང་དྲུང་འཕར་གྱི་ལས་འགན་བཞེས།  ༢༠༡༢ ལོར་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས་དང་། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༨ ནས་དྲུང་ཡིག་ཆེན་མོར་གནས་སྤར་གྱིས་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་དྲུང་ཆེར་བསྐོ་བཞག་གནང་བ་ལྟར་ད་ལྟ་འཛིན་སྐྱོང་དྲུང་ཆེའི་ལས་འགན་བཞེས་མུས་ཡིན་པ་བཅས།།

ངག་དབང་རབ་རྒྱས། (༢༠༡༥/༣/༡-)

༩༽ ངག་དབང་རབ་རྒྱས་ལགས་ནི། བོད་ཀྱི་དིང་རི་གླང་འཁོར་ཉེ་འགྲམ་ཞིང་རི་ཞེས་པའི་གྲོང་གསེབ་ཆུང་ཆུང་ཞིག་གི་ནང་འཁྲུངས།    དིང་རི་གླང་འཁོར་ཞེས་པ་དེའི་ནང་སྔོན་ཞི་བྱེད་ཆོས་ལུགས་ཀྱི་སྲོལ་གཏོད་པ་པོ་ཕ་དམ་པ་སངས་རྒྱས་ཀྱི་བཞུགས་ཁྲི་གནས་ཡོད་པ་དང་།   བོད་ལ་རྒྱ་མིའི་བཙན་འཛུལ་སླེབས་རྗེས་ཁོང་གི་ཕ་མའི་ལྷན་ཕྱི་ལོ་  ༡༩༥༩  ལོར་བལ་ཡུལ་ཤར་ཁུམ་དུ་སྐྱབས་བཅོལ་ལ་འབྱོར།   དེ་རྗེས་ཕྱི་ལོ་  ༡༩༦༤ ལོར་རྒྱ་གར་དུ་གནས་སྤོ་བྱས་ཏེ། ཌལ་ཧོར་བོད་གཞུང་གཏན་སློབ་ཏུ་འཛུལ་ཞུགས་གནང་ནས་ཕྱི་ལོ་ ༡༩༧༤ ལོར་འཛིན་རིམ་བཅུ་གཅིག་སློབ་མཐར་ཕྱིན་པ་དང་། ཕྱི་ལོ་ ༡༩༧༤ ནས་ ༡༩༧༩ བར་ལྡི་ལི་མཐོ་སློབ་ཏུ་སྲིད་དོན་ཚན་རིག་ཐོག་སློབ་སྦྱོང་གནང་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། གཙུག་ལག་རབ་འབྱམས་པ་གཉིས་ཀྱི་ཕྱག་འཁྱེར་བཞེས།   དེ་རྗེས་ཇེ་ཨེམ་ཨཡེ་(JMI)མཐོ་སློབ་ནས་དགེ་རྒན་འོས་སྦྱོང་གི་ཕྱག་འཁྱེར་ཡང་ཐོབ།
ཕྱི་ལོ་ ༡༩༧༩ ལོར་༸གོང་ས་མཆོག་གིས་བཙན་བྱོལ་བོད་མི་གཞོན་སྐྱེས་ཁག་ཅིག་བོད་དུ་དགེ་རྒན་གཏོང་གནང་མཛད་པའི་དགོངས་བཞེས་སྐབས། བོད་དུ་འགྲོ་བར་དང་བླང་དུ་ཐོན་མཁན་བོད་མི་དང་པོའི་གྲས་རེད།
ཕྱི་ལོ་ ༡༩༨༢ ལོར་བོད་གཞུང་གི་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་(soviet union) ཏུ་བོད་མི་གཞོན་སྐྱེས་གསུམ་སློབ་སྦྱོང་བཏང་ཁོངས་ཀྱི་གཅིག་ཡིན།   ཡུ་ཀན་རན་གྱི་ཀེ་ཝེ་མཐོ་སློབ་ཏུ་(kiev university)ཨུ་རུ་སུའི་སྐད་ཡིག་སྦྱང་ནས་རྒྱལ་སྤྱིའི་འབྲེལ་ལམ་གྱི་ལོ་རྒྱུས་(history of international relations)ཐོག་འབུམ་རམས་པ་ཡི་ཕྱག་ཁྱེར་བཞེས།
ཕྱི་ལོ་ ༡༩༨༧ ནས་ ༡༩༩༢ བར་ལྡི་ལིའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་དུ་དྲུང་གཞོན་དང་རྒྱལ་སྤྱི་འབྲེལ་ལམ་གྱི་ལས་རོགས་ཐོག་ཕྱག་ལས་གནང་བ་དང་།  ཕྱི་ལོ་ ༡༩༩༣ ནས་ ༡༩༩༧ བར་ཨུ་རུ་སུ་དང་སོག་པོའི་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་མུས་ཐོག་ར་ཤི་ཡའི་རྒྱལ་ས་མོ་སུ་ཁོ་(moscow)རུ་ཁོང་གིས་ཕྱི་ལོ་ ༡༩༩༣ ལོར་བཙུགས་པའི་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ལྟེ་གནས་ཁང་(Tibet culture and information centre)གི་འགན་འཛིན་ཡང་གནང་ཡོད།   ཁོང་ནི་ར་ཤི་ཡའི་ནོ་ཝ་སི་ཏི་ཊི་པེ་ཊི་(novasti tibeti) ཞེས་པའི་བོད་ཀྱི་གསར་འགྱུར་གྱི་རྩོམ་སྒྲིག་པ་ཡང་བྱས།  ཕྱི་ལོ་ ༡༩༩༧ ནས་ ༡༩༩༨ བར་དྲུང་འཕར་གྱི་གནས་རིམ་ཐོག་དྷ་རམ་ས་ལར་ཕྱི་དྲིལ་ལས་ཁུངས་སུ་འཛིན་སྐྱོང་འགན་འཛིན་གནང་།
ཕྱི་ལོ་ ༡༩༩༩ ནས་ ༢༠༠༥ བར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་གནང་བ་དང་། སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་མུས་ཐོག་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་ཁང་དང་། བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་པ་མ་ཟད།     peace jam དང་temple of understanding དང་ཚོགས་པ་གཞན་ཁག་གི་ཚོགས་མི་རེད།
ཕྱི་ལོ་ ༢༠༠༥  ལོར་ནིའུ་ཡོག་ནས་དྷ་རམ་ས་ལའི་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས་ཀྱི་འཛིན་སྐྱོང་དྲུང་འཕར་གནང་བ་དང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༥ བར་ར་ཤི་ཡའི་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡ ནས་བཟུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་དྲུང་ཆེ་གནང་མུས་སུ་བཞུགས།

(17245)