འཛིན་གྲྭ་བདུན་པའི་སྤྱི་ཚོགས་ཚན་རིག

ཆེད་བརྗོད།

༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་སྤྱི་དང། ཁྱད་པར་ཕྱི་ལོ་༢༠༠༤ ཟླ་༩ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་གཞིའི་ངོ་བོའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོ་སྲིད་བྱུས་ཀྱི་འབྲུ་དོན་བཞིན། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་སྟོན་གྱི་སྤུས་ཚད་གོང་མཐོར་གཏོང་བ་དང་ཆབས་ཅིག སློབ་ཁྲིད་ཀྱི་བརྒྱུད་ལམ་བོད་སྐད་དུ་བསྒྱུར་རྒྱུ་ནི་བཙན་བྱོལ་བོད་མིའི་གཞི་རྩའི་འོས་འགན་ཞིག་ཡིན་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས་གཙོ་བོ་ཞིག་ཀྱང་ཡིན་གཤིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་མངོན་གཟིགས་ཀྱི་བཀའ་སློབ་ལམ་སྟོན་འོག་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བའི༌ཐོག་མའིདུས་རིམ་ནས་བཟུང། རང་གི་ཐུན་མིན་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས་སླད་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ནས་སྐད་ཡིག་དང་རིག་གནས་སློབ་སྤེལ་བྱེད་པ་དང༌ ལོ་རབས་བརྒྱད་ཅུ་པའི་སྨད་ཙམ་ནས་གཞི་རིམ་འོག་མ་ནས་རིམ་གྱིས་སློབ་ཁྲིད་ཀྱི་བརྒྱུད་ལམ་བོད་སྐད་ཐོག་སྒྱུར་འགོ་བཙུགས༌ཏེ། ཕྱི་ལོ་༢༠༠༠ ལོར་སྔོན་འགྲོ་ནས་གཞི་རིམ་འོག་མ་བར་གྱི་སློབ་ཚན་ཡོངས་རྫོགས་བོད་སྐད་ཐོག་ཕབ་སྒྱུར་དང་འབྲེལ་སློབ་ཁྲིད་ལག་བསྟར་ཐུབ་པ་བྱུང་བ་ནི། འཛམ་གླིང་གི་བཙན་བྱོལ་བ༌མང་པོའི་གནས་སྟངས་ལ་ལྟོས་པའི་གྲུབ་འབྲས་ངོ་མཚར་ཅན་ཞིག་ཏུ་བརྩིས་ཆོག འོན་ཀྱང། ཧ་ཅང་ཉག་ཕྲ་བའི་བོད་ཀྱི་ཛ་དྲག་གནས་སྟངས་ལ་ལྟོས་ཚེ་གྲུབ་འབྲས་དེ་ཙམ་གྱིས་འགྲིགས་འཐུས་མེད་པ་དང། དེང་གོ་ལ་གཅིག་གྱུར་ཅན་དང། བརྡ་འཕྲིན་སྣ་མང་ཅན། འབྲེལ་གཏུགས༌གྲངས་མང་ཅན། འབྲེལ་བ་རྙོག་འཛིང་ཅན། དཔལ་འབྱོར་ཚོང་ལས་ཅན་སོགས་འཛམ་གླིང་གི་འཕེལ་འགྲོས་ཐོག རྒྱ་ནག་གི་གདུག་རྩུབ་དབང་སྒྱུར་འོག་བོད་མིའི་ཐུན་མིན་རིག་གཞུང་ངོས་འཛིན་ཉམས་རྒུད་ཚབས་ཆེར་སོང་། ཤི་མ་གསོན་གྱི་གནས་སུ་གྱར་ཡོད་པ་ཚང་མས་མཁྱེན་གསལ་བཞིན། མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་བའི་ཐབས་ལམ་ཉག་གཅིག་ནི། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དེང་རབས་ཅན་དུ་བསྒྱུར་བ་དང་དུས་མཚུངས། དེང་རབས་ཀྱི་སྔོན་ཐོན་རིག་གནས་མི་རིགས་ཀྱི་ཁྱད་ཆོས་ཅན་དུ་བསྒྱུར་རྒྱུ༌གཉིས་ཟུང་འབྲེལ་བྱ་རྒྱུ་མ་གཏོགས། དེ་གཉིས་ལས་གཞན་པའི་ཐབས་ལམ་གང་ཡང་མེད་པ་གསལ་རྟོགས་ཐུབ་པ་ཡིན།
    དེར་བརྟེན། གཞི་རིམ་སློབ་གྲྭའི་སློབ་ཚན་བོད་སྒྱུར་གྱི་ལས་གཞི་འདི་ནི། བོད་ཀྱི་མ་འོངས་མདུན་ལམ་དང་འབྲེལ་ལྟོས་ཆེ་བའི་ལས་དོན་གལ་འགངས་ཆེན་པོ་ཞིག་ཡིན་སྟབས། འདི་ག་ཤེས་རིག་ལས་ཁུངས་ནས་གཞི་རིམ་སློབ་ཚན་བོད་སྒྱུར་གྱི་ལས་གཞི་འདི་ཉིད་ལས་དོན་གལ་ཆེན་ཞིག་ལ་ངོས་འཛིན་གྱིས་ཕྱི་ལོ་༢༠༠༠ ལོར་གཞི་རིམ་འོག་མའི་འཛིན་རིམ་ལྔ་པ་བར་གྱི་ཨང་རྩིས་བོད་སྒྱུར་ཟིན་པ་དང་འབྲེལ། གཞི་རིམ་བར་མ་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་ཚན་རིག་དང་ཨང་རྩིས་སློབ་ཚན་བོད་སྒྱུར་བྱས་ཤིང། འདི་ལོ་ནས་བཟུང་གཞི་རིམ་གོང་མ་འཛིན་རིམ་དགུ་པ་ཡན་གྱི་སློབ་ཚན་བོད་སྒྱུར་ལས་གཞི་འགོ་འཛུགས་བྱས་ཡོད། ཁྱད་པར་ཕྱི་ལོ་༢༠༡༠ ལོར་རང་གཞུང་བཀའ་ཤག་ནས་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་སྔོན་འགྲོ་ནས་གཞི་རིམ་བར་མ་བར་གྱི་བསླབ་གཞིའི་རྩ་འཛིན་བཀའ་འཁྲོལགཏན་འབེབས་གནང་བ་ནས་བཟུང། བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་ཁྲིད་དང་སློབ་དེབ་རྩོམ་སྒྲིག་གི་ལས་དོན་ཁག་ལ་ཁྲིམས་སྒྲིག་གི་རྩ་འཛིན་གསར་དུ་བྱུང་།
    རྩ་འཛིན་ལམ་སྟོན་དེ་དག་གཞི་རྩར་བཟུང་སྟེ་ཕྱི་ལོ་༢༠༡༡ནས་འདི་ག་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ནས་<<འཛིན་རིམ་བདུན་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་>>འདི་ཉིད་རྩོམ་སྒྲིག་གི་ལས་དོན་འགོ་བཙུགས་ཤིང་། སློབ་དེབ་ཀྱི་ནང་དོན་དང་ཁྱབ་ཚད་རང་རེའི་བོད་ཕྲུག་རྣམས་ཀྱི་གནས་སྟངས་དང་དགོས་མཁོར་འཚམ་པ་ཡོང་ཆེད། <<གཞི་རིམ་བར་མའི་བསླབ་གཞི་རྩ་འཛིན་>>གྱི་དགོངས་དོན་བཞིན། ས་ཁམས་དང་སྲིད་དོན་ཚན་རིག་ལ་བརྒྱ་ཆ་༤༠ དང་། འཛམ་གླིང་དང་རྒྱ་གར་གྱི་སྤྱི་ཚོགས་ལོ་རྒྱུས་སྐོར་ལ་བརྒྱ་ཆ་༣༠། བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་སྐོར་བརྒྱ་ཆ་༣༠ བཅས་ཀྱི་གཏན་འབེབས་གཞིར་བཟུང་རྒྱས་བསྡུས་རན་པ་ཞིག་ཡོང་བའི་འབད་བརྩོན་བྱས་ཡོད།
    སློབ་དེབ་འདི་རྩོམ་སྒྱུར་སྐབས་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྟེ་གནས་(NCERT)ཀྱིས་བཏོན་པའི་འཛིན་རིམ་དྲུག་པའི་ས་ཁམས་དང་། ལོ་རྒྱུས། སྲིད་དོན་ཚན་རིག་བཅས་ཀྱི་སློབ་དེབ་དང་། ཉེ་ཆར་བོད་ནས་ཐོན་པའི་སྤྱི་ཚན་སློབ་དེབ་ཁག ཨེན་ཀར་ཊ་(ENCARTA)ཞེས་པའི་འཛམ་གླིང་ཤེས་བྱ་ཀུན་བཏུས༌སོགས་གཞི༌རྩར་བཟུང་སྟེ་བསྒྲིགས་ཤིང་། སྔ་ཕྱིར་གཞི་རིམ་བར་མའི་སྤྱི་ཚན་དགེ་རྒན་ཁག་དང་ལྷན་སྦྱངས་བཤད་དང་བགྲོ་གླེང་བྱས་པ་མ་ཟད། ཤེས་རིག་ལས་ཁུངས་ནས་བསྐོ་འཛུགས་གནང་བའི་གཞི་རིམ་བར་མའི་སྤྱི་ཚན་སློབ་དེབ་ལམ་སྟོན་ཚོགས་ཆུང་གིས་མཐའ་མའི་བསྐྱར་ཞིབ་དང་སྦྲགས་གཏན་འབེབསབྱས་ཡོད།
    སློབ་དེབ་ནང་བཀོད་པའི་དཔེ་རིས་དང་ས་ཁྲ་ཕལ་ཆེ་བ་འབྲེལ་ཡོད་ནས་ཆོག་མཆན་ཐོབ་པ་ཤ་སྟག་ཡིན་ཞིང་། བོད་ཀྱི་ས་ཁྲ་ཁག་ནི་དྲིལ་བསྒྲགས་ལས་ཁུངས་ནས་འདོན་སྤེལ་གནང་བ་ཁག་ཡིན། དེང་གི་ཆར་བོད་ཕྱི་ནང་གཉིས་སུ་འཕྲུལ་རིག་དང་ཚན་རིག་སྐོར་གྱི་དེབ་རིགས་གང་འཚམ་ཞིག་ཐོན་བཞིན་ཡོད་མོད། སློབ་དེབ་ཁག་དང༌ཡིག་ཆ། ཚགས་དེབ། ཚིག་མཛོད་སོགས་སུ་བརྡ་ཆད་གཅིག་གྱུར་མེད་པ་འདི་ནི་ད་ལྟའི་ཆར་གཡོལ་ཐབས་མེད་པའི་དཀའ་ངལ་ཞིག་ཏུ་གྱུར་ཡོད་པས། སློབ་དེབ་ནང་བཀོད་པའི་ཐ་སྙད་ཁག་ཅིག་ལ་སྐབས་འགར་རང་ངོས་ནས་མོས་མཐུན་དེ་ཙམ་ཞུ་དཀའ་ནའང། བརྡ་ཆད་གཅིག་གྱུར་ཡོང་རྒྱུ་གལ་འགངས་ཆེ་བར་བརྟེན། བཙན་བྱོལ་བོད་མིའི་ཐ་སྙད་གཏན་འབེབས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་ཐ་སྙད་ཁག་བཀོལ་སྤྱོད་བྱ་རྒྱུ་གཙོ་བཟུང་བྱས་ཡོད།
    སློབ་དེབ་ཀྱི་ནང་དོན་ཆ་ནས་ས་ཁམས་རིག་པ་དང་། རྒྱ་གར་གྱི་ལོ་རྒྱུས། བོད་ཀྱི་ལོ་རྒྱུས། བོད་གནས་ངོ་སྤྲོད། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་བཅས་སྡེ་ཚན་ལྔར་དབྱེ་ཞིང་། སློབ་ཚན་སོ་སོའི་མཇུག་ཏུ་རྒྱས་བསྡུས་འཚམས་པའི་སྦྱོང་ཚན་དང་བྱེད་སྒོ་ཁག་བཀོད་སྒྲིག་བྱས་ཡོད་པ་མ་ཟད། སློབ་ཚན་ནང་སྤྱད་པའི་ཐ་སྙད་གསར་པ་ཁག་ཨིན་བོད་ཤན་སྦྱར་གྱིས་འབྲེལ་ཡོད་སློབ་ཚན་སོ་སོའི་མཇུག་ཏུ་བཀོད་ཡོད།
    ཤེས་ཡོན་སྲིད་བྱུས་འོག་ཐོན་པའི་གཞི་རིམ་བར་མའི་སྤྱི་ཚན་སློབ་དེབ་འདི་ཉིད་རང་རེའི་སྤྱི་ཚོགས་ཁྲོད་ཐོག་མ་ཡིན་གཤིས། སློབ་དེབ་ཀྱི་ནང་དོན་དང་བཀོད་ཇུས། ཁྱད་པར་བོད་མི་རང་ལ་མཁོ་བའི་སྤྱི་ཚོགས་ཚན་རིག་གི་ཆ་ཤས་སོགས་གང་ཅིའི་ཆ་ནས་སྤྱི་ཚོགས་ཐོག་ཡོངས་ཁྱབ་དགོངས་ཞིབ་ཀྱིས་ད་དུང་ཡང་ལེགས་བཅོས་ང་ཡར་རྒྱས་གཏོང་དགོས་པའི་ཆ་གང་མང་ཡོད་པ་སྨོས་མ་དགོས་པས། རྒྱ་ཆེའི་དོན་གཉེར་ཅན་རྣམས་ཀྱིས་ཡིག་ངག་གཉིས་ཐོག་ནས་དགོངས་འཆར་ལྷུག་སྩོལ་གནང་བར་དགའ་བསུ་ཞུ། །བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ནས། བོད་རྒྱལ་ལོ་༢༡༣༩ ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༣ ཉིན་བཞུགས་སྒར་དྷ་རམ་ས་ལར་བྲིས།

དཀར་ཆག
ས་ཁམས་རིག་པ།

སློབ་ཚན་དང་པོ། སའི་གོ་ལའི་ནང་རོལ།
སློབ་ཚན་གཉིས་པ། འགྱུར་ལྡོག་ལྡན་པའི་སའི་གོ་ལ།
སློབ་ཚན་གསུམ་པ། ཐོན་ཁུངས།
སློབ་ཚན་བཞི་པ། གཏེར་རྫས་དང་ནུས་ཤུགས་ཐོན་ཁུངས།
སློབ་ཚན་ལྔ་པ། བཟོ་གྲྭ
སློབ་ཚན་དྲུག་པ། མིའི་ཐོན་ཁུངས།
སློབ་ཚན་བདུན་པ། བོད་ཀྱི་རི་རྒྱུད་དང་གཙང་པོ།

བོད་ཀྱི་ལོ་རྒྱུས།

སློབ་ཚན་དང་པོ། བཙན་པོའི་རྒྱལ་རབས་དང་མངའ་ཐང་།
སློབ་ཚན་གཉིས་པ། བཙན་པོའི་སྐབས་ཀྱི་སྤྱི་ཚོགས་རྣམ་པ།
སློབ་ཚན་གསུམ་པ། བོད་སིལ་བུའི་དུས་སྐབས།

རྒྱ་གར་གྱི་ལོ་རྒྱུས།

སློབ་ཚན་དང་པོ། དིལླི་ཁ་ཆེའི་རྒྱལ་པོ།
སློབ་ཚན་གཉིས་པ། མུགལ་གོང་མའི་རྒྱལ་ཁམས།

བོད་གནས་ངོ་སྤྲོད།

སློབ་ཚན་དང་པོ། བཙན་འཛུལ་གྱི་སྔ་རྗེས།
སློབ་ཚན་གཉིས་པ། དཀའ་སྡུག་གི་ལོ་ཟླ།

བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད།

སློབ་ཚན་དང་པོ། བཙན་བྱོལ་བོད་མིའི་གྲོས་ཚོགས།
སློབ་ཚན་གཉིས་པ། བཙན་བྱོལ་བོད་མིའི་ཤེས་ཡོན་གནས་བབ།

མདུན་ངོས།

(17661)