འཛིན་གྲྭ་བཅུ་པའི་ཚན་རིག་སློབ་དེབ།

ཆེད་བརྗོད།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་མངོན་གཟིགས་ཀྱི་བཀའ་སློབ་ལམ་སྟོན་འོག་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བའི་ཐོག་མའི་དུས་རིམ་ནས་བཟུང། རང་གི་ཐུན་མིན་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་སླད་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ནས་སྐད་ཡིག་དང་རིག་གནས་སློབ་སྤེལ་གྱི་ལམ་སྲོལ་ཐོག་བསྐྱོད་ཡོད་པ་དང། ལོ་རབས་བརྒྱད་ཅུ་པའི་སྨད་ཙམ་ནས་གཞི་རིམ་འོག་མ་ནས་རིམ་གྱིས་སློབ་ཁྲིད་ཀྱི་བརྒྱུད་ལམ་བོད་སྐད་ཐོག་སྒྱུར་འོག་བཙུགས་ཏེ། ཕྱི་ལོ་༢༠༠༠ ལོར་སྔོན་འགྲོ་ནས་གཞི་རིམ་འོག་མ་བར་གྱི་སློབ་ཚན་ཡོངས་རྫས་བོད་སྐད་ཐོབ་ཕབ་སྒྱུར་དང། འབྲེལ་སློབ་ཁྲིད་ལག་བསྟར་ཐུབ་པ་དང་འབྲེལ། ཕྱི་༢༠༠༨ ལོར་ནས་བཟུང་ཤེས་རིག་ལས་ཁུངས་ཀྱིས་གཞི་རིམ་བར་མ་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་ཚན་བོད་སྒྱུར་ལེགས་གྲུབ་བྱུང་བ་དང། དེ་རྗེས་འཛིན་རིམ་དགུ་པ་དང་བཅུ་པ་བོད་སྒྱུར་གྱི་ལས་འཆར་ལག་བསྟར་བྱེད་མུས་ཡིན།
དེ་བརྡ་འཕྲིན་དང་བརྒྱུད་ལམ་སྣ་མང་མཉམ་བསྲེས། མི་སྒེར་དང་ས་གནས་རིག་གཞུང་དབར་འབྲེལ་གཏུགས་ཀྱི་གྲངས་ཐེངས་ལྡབ་འཕར། ཡོད་ཚད་ཁྲོམ་ར་ཅན་དུ་གྱུར་པའི་གོ་ལ་གཅིག་གྱུར་གྱི་འཛམ་གླིང་གི་འཕེལ་འགྲོས་སྤྱི་དང། སྒོས་སུ་རྒྱ་ནག་ཏི་གདུག་རྩུབ་དབང་སྒྱུར་འོག་བོད་ཀྱི་ཐུན་མིན་ཆོས་རིགས་གི་གཞི་མ་སྐད་ཡིག་གིས་གཙོས་པའི་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་སྲོལ་རྒྱུན་རིག་གནས་ལ་འགོག་སྡོམ་དང། བོད་ཡིག་དང་བོད་སྐད་བཀོལ་སྤྱོད་ཀྱི་གོ་སྐབས་བཙན་འཕྲོག ལྷག་པར་ལོ་རབས་བརྒྱད་པར་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་དབུས་པའི་བོད་ནང་གི་ཤེས་ལྡན་ལྷག་བསམ་ཅན་རྣམས་ཀྱིས་དཀའ་སྤྱད་ཀྱིས་བསྒྲུབས་པའི་གཞི་རིམ་སློབ་ཚན་བོད་སྐད་ཐོག་སློབ་ཁྲིད་བྱེད་པའི་ཐོབ་ཐང་བཙན་འཕྲོག་སོགས་བོད་མི་རིགས་ཀྱི་རིག་གནས་དང་བཅས་པ་རྩ་མེད་བཟོ་བའི་བྱེད་ཐབས་ལག་བསྟར་གཏོང་བཞིན་པའི་ཆེས་ཛ་དྲག་གི་གནས་སྐབས་འདིར། མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་བའི་ཐབས་ལ་མ་ཉག་གཅིག་ནི་སྐད་ཡིག་སློབ་གསོར་རག་ལས་ཡོད་ལ། སྐད་ཡིག་སློབ་གསོ་དེ་ཡང་དེང་སྐབས་ཀྱི་རུས་རབས་དང་འཚམས་པའི་ཚན་རིག་དང་རྩིས་རིག ཚོང་ལས་སོགས་ཉེར་མཁོའི་སློབ་ཚན་བོད་ཡིག་ཐོག་བཀོལ་སྤྱོད་འཕེར་བ་ཞིག་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ།
ད་སྔ་ཡིག་བརྒྱུད་ལམ་ཐོག་ཡོད་པའི་འཛིན་རིམ་བཅུ་པའི་ཚན་རིག་སློབ་དེབ་ནི། ཕྱི་ལོ་༢༠༠༦ ལོར་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོར་བརྡར་ལྷན་ཁང་གིས་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་བསླབ་གཞིའི་རྩ་འཛིན་གྱི་འབྲུ་དོན་བཞིན་ཕྱི་ལོ་༢༠༠༧ ལ་རྩོམ་སྒྲིག་བྱས་པ་ཞིག་ཡིན་ཞིང། མིག་སྔར་གཞི་རིམ་གོང་མར་བོད་ཡིག་རྐྱང་པའི་ཐོག་སློབ་ཁྲིད་ལག་བསྟར་མ་ཐུབ་ཀྱང། གཙོ་བོ་བོད་ཨིན་སྐད་གཉིས་ཟུང་འབྲེལ་གྱི་སློབ་ཁྲིད་དང། དགེ་སློབ་ཀྱི་ཟུར་བལྟའི་དགོས་མཁོར་དམིགས་ཏེ། སློབ་དེབ་བོད་སྒྱུར་ཐོག་དགོས་ངེས་ཀྱི་སྒྱུར་བཅོས་དང་ཆ་ལག་གསར་སྣོན་བྱས་པ་ཞིག་ཡིན།
སློབ་དེབ་འདི་རྩོམ་སྒྱུར་ཁྲོད་ཚན་རིག་དང་འབྲེལ་བའི་ཐ་སྙད་དང་མི་བརྡ་མི་ཉུང་བ་ཞིག་བོད་སྒྱུར་བྱེད་ཕྱོགས་ཐད་དཀའ་ངལ་འཕྲད་ཅིང། ནང་དོན་མི་ཉུང་བ་ཞིག་གི་ཐོག་བསྐྱར་ཞིབ་གནང་མཁན་ཚོའི་དགོས་པ་གཅིག་མཐུན་འབྱུང་བ་སྨོས་མ་དགོས་མོད། འོན་ཀྱང། གཞི་རྩའི་ཆ་ནས་ཤེས་རིག་ལས་ཁུངས་ཐ་སྙད་གཏན་འབེབས་ཚན་པས་གཏན་ལ་ཕབ་པ་ཁག་གཞི་རྩར་བཟུང་ཡོད། སློབ་དེབ་ཀྱི་ནང་དོན་དང་ཇུས་འགོད། ཐ་སྙད་སྤྱོད་སྟངས་སོགས་གང་ཅིའི་ཆ་ནས་ད་དུང་དཔྱད་ཞིབ་དང་བགྲོ་གླེང་བྱ་རྒྱུ་གང་མང་ཞིག་ཡོད་པ་སྨོས་མ་དགོས་པས། མཁྱེན་ལྡན་སློབ་དེབ་བཀོལ་སྤྱོད་བྱེད་མཁན་ཁག་གིས་སྙིགས་དོར་བཅུད་ལེན་གྱི་དགོངས་འཆར་འདི་གར་ཐད་ཀར་གནང་སྐྱོད་ཡོང་བའི་རེ་འདུན་བཅས། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་ཡིག་ཚང་ནས། ཕྱི་ལོ་༢༠༡༣ ཟླ་༥ ཚེས་༢༩ ཉིན།

དཀར་ཆག

རྫས་འགྱུར་རིག་པ།

སློབ་ཚན་དང་པོ། རྫས་འགྱུར་དང་མཉམ་བྱ།
སློབ་ཚན་གཉིས་པ། སྐྱུར། བུལ། ཚྭ།
སློབ་ཚན་གསུམ་པ། ལྕགས་རིགས་དང་ལྕགས་རིགས་མིན་པ།
སློབ་ཚན་བཞི་པ། སོལ་རྫས་དང་དེའི་འདུས་རྫས།
སློབ་ཚན་ལྔ་པ། རྩ་རྫས་ཀྱི་དུས་འཁོར་རེའུ་མིག

སྐྱེ་དངོས་རིག་པ།

སློབ་ཚན་དྲུག་པ། འཚོ་བའི་རྒྱུད་རིམ།
སློབ་ཚན་བདུན་པ། སྟངས་འཛིན་དང་འབྲེལ་མཐུད།
སློབ་ཚན་བརྒྱད་པ། སྐྱེ་འཕེལ་དང་འཚར་ལོངས།
སློབ་ཚན་དགུ་པ། རིགས་རྒྱུད་དང་འཕེལ་འགྱུར།

དངོས་ཁམས་རིག་པ།

སློབ་ཚན་བཅུ་པ། འོད་ཀྱི་ལྡོག་འཕྲོ།
སློབ་ཚན་བཅུ་གཅིག་པ། མིའི་མིག་དང་ཚོན་མདོག་གི་འཇིག་རྟེན།
སློབ་ཚན་བཅུ་གཉིས་པ། གློག

ཨིན་བོད་ཐ་སྙད་ཤན་སྦྱར།

མདུན་ངོས།

(17705)