འཛིན་གྲྭ་དགུ་པའི་ཚན་རིག་སློབ་དེབ།

ཆེད་བརྗོད།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་མངོན་གཟིགས་ཀྱི་བཀའ་སློབ་ལམ་སྟོན་འོག བོད་མི་རྣམས་བཙན་བྱོལ་དུ་འབྱོར་བའི༌ཐོག་མའི་དུས་རིམ་ནས་བཟུང། རང་གི་ཐུན་མིན་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་སླད་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ནས་སྐད་ཡིག་དང་རིག་གནས་སློབ་སྤེལ་ལམ་སྲོལ་ཐོག་བསྐྱོད་ཡོད་པ་དང༌། ལོ་རབས་བརྒྱད་ཅུ་པའི་སྨད་ཙམ་ནས་གཞི་རིམ་འོག་མ་ནས་རིམ་གྱིས་སློབ་ཁྲིད་ཀྱི་བརྒྱུད་ལམ་བོད་སྐད་ཐོག་སྒྱུར་འགོ་བཙུགས༌ཏེ། ཕྱི་ལོ་༢༠༠༠ ལོར་སྔོན་འགྲོ་ནས་
གཞི་རིམ་འོག་མ་བར་གྱི་སློབ་ཚན་ཡོངས་རྫོགས་བོད་སྐད་ཐོག་ཕབ་སྒྱུར་དང་འབྲེལ་སློབ་ཁྲིད་ལག་བསྟར་ཐུབ་པ་བྱུང་དང་འབྲེལ། ཕྱི་ལོ་༢༠༠༨ ལོར་བཟུང་ཤེས་རིག་ལས་ཁུངས་ཀྱིས་གཞི་རིམ་བར་མ་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་ཚན༌བོད་སྒྱུར་ལེགས་གྲུབ་བྱུང་བ་དང། དེ་རྗེས་འཛིན་རིམ་དགུ་པ་དང་བཅུ་པ་བོད་སྒྱུར་གྱི་ལས་འཆར་ལག་བསྟར་བྱེད་མུས་ཡིན།
    དེང་བརྡ་འཕྲིན་དང་བརྒྱུད་ལམ་སྣ་མང་མཉམ་བསྲེས། མི་སྒེར་དང་ས་གནས་རིག་གཞུང་དབར་འབྲེལ་གཏུགས༌ཀྱི་གྲངས་ཐེངས་ལྡབ་འཕར། ཡོད་ཚད་ཁྲོམ་ར་ཅན་དུ་གྱུར་པའི་གོ་ལ་གཅིག་གྱུར་གྱི་འཛམ་གླིང་གི་འཕེལ་འགྲོས་སྤྱི་དང། སྒོས་སུ་རྒྱ་ནག་གི་གདུག་རྩུབ་དབང་སྒྱུར་འོག་བོད་ཀྱི་ཐུན་མིན་ཆོས་རིག་གི་གཞི་མ་སྐད་ཡིག་གིས་གཙོས་པའི༌མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་སྲོལ་རྒྱུན་རིག་གནས་ལ་འགོག་སྡོམ་དང། བོད་ཡིག་བོད་སྐད་བཀོལ་སྤྱོད་ཀྱི་གོ་སྐབས་བཙན་འཕྲོག ལྷག་པར་ལོ་རབས་བརྒྱད་པར་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་དབུས་པའི་བོད་ནང་གི་ཤེས་ལྡན་ལྷག་བསམ་ཅན་རྣམས་ཀྱིས་དཀའ་སྤྱད་ཀྱིས་བསྒྲུབས་པའི་གཞི་རིམ་སློབ་ཚན་བོད་སྐད་ཐོག་སློབ་ཁྲིད་བྱེད་པའི་ཐོབ་ཐང་བཙན་འཕྲོག་སོགས་བོད་མི་རིགས་རིག་གནས་དང་བཅས་པ་རྩ་མེད་བཟོ་བའི་བྱེད་ཐབས་ལག་བསྟར་གཏོང་བཞིན་པའི་ཆེས་ཛ་དྲག་གི་གནས་སྐབས་འདིར། མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་བའི་ཐབས་ལམ་ཉག་གཅིག་ནི༌སྐད་ཡིག་སློབ་གསོར་རག་ལས་ཡོད་ལ། སྐད་ཡིག་སློབ་གསོ་དེ་ཡང་དེང་སྐབས་
ཀྱི་དུས་རབས་དང་འཚམས་པའི་ཚན་རིག་དང་རྩིས་རིག ཚོང་ལས་སོགས་ཉེར་མཁོའ་ིསློབ་ཚན་བོད་ཡིག་ཐོག་བཀོལ་སྤྱོད་འཕེར་བ་ཞིག་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ།
    ད་སྔ་ཨིན་ཡིག་བརྒྱུད་ལམ་ཐོག་ཡོད་པའི་འཛིན་རིམ་དགུ་པའི་ཚན་རིག་སློབ་དེབ་ནི། ཕྱི་ལོ་༢༠༠༥ ལོར་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་(NCERT)གིས་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་བསླབ་གཞིའི་རྩ་འཛིན་(National Curriculum Framework 2005)ཀྱི་འབྲུ་དོན་བཞིན་ཕྱི་ལོ་༢༠༠༦ ལ་རྩོམ་སྒྲིག་བྱས་པ་ཞིག་ཡིན་ཞིང། མིག་སྔར་གཞི་རིམ་གོང་མར་བོད་ཡིག་རྐྱང་པའི་ཐོག་སློབ་ཁྲིད་ལག་བསྟར་མ་ཐུབ་ཀྱང། གཙོ་བོ་བོད་ཨིན་སྐད་གཉིས་ཟུང་འབྲེལ་གྱི་སློབ་ཁྲིད༌དང་། དགེ་སློབ་ཀྱི་ཟུར་བལྟའི་དགོས་མཁོར་དམིགས་ཏེ། སློབ་དེབ་བོད་སྒྱུར་ཐོག དགོས་ངེས་ཀྱི་སྒྱུར་བཅོས་དང་ཆ་ལག་གསར་སྣོན་བྱས་པ་ཞིག་ཡིན།
    སློབ་དེབ་འདི་ཉིད་རྩོམ་སྒྱུར་ཁྲོད་ཚན་རིག་དང་འབྲེལ་བའི་ཐ་སྙད་དང་མིང་བརྡ་མི་ཉུང་བ་ཞིག་བོད་སྒྱུར་བྱེད་ཕྱོགས་ཐད་དཀའ་ངལ་འཕྲད་ཅིང། ནང་དོན་མི་ཉུང་བ་ཞིག་ཐོག་བསྐྱར་ཞིབ་གནང་མཁན་ཚོའི་དགོངས་པ་གཅིག་མཐུན་འབྱུང་བ་སྨོས་མ་དགོས་མོད། འོན་ཀྱང། གཞི་རྩའི་ཆ་ནས་ཤེས་རིག་ལས་ཁུངས་ཐ་སྙད་གཏན་འབེབས་ཚན་པས་གཏན་ལ་ཕབ་པ༌ཁག་གཞི་རྩར་བཟུང་ཡོད། སློབ་དེབ་ཀྱི་ནང་དོན་དང་ཇུས་འགོད། ཐ་སྙད་སྤྱོད་སྟངས་སོགས་གང་ཅིའི་ཆ་ནས་ད་དུང་དཔྱད་ཞིབ་དང་བགྲོ་གླེང་བྱ་རྒྱུ་གང་མང་ཞིག་ཡོད་པ་སྨོས་མ་དགོས་པས། མཁྱེན་ལྡན་སློབ་དེབ་བཀོལ་སྤྱོད་བྱེད་མཁན་ཁག་གིས་སྙིགས་དོར་བཅུད་ལེན་གྱི་དགོངས་འཆར་འདི་གར་ཐད་ཀར་གནང་སྐྱོད་ཡོང་བའི་རེ་འདུན་བཅས། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་ཡིག་ཚང་ནས། ཕྱི་ལོ་༢༠༡༢ ཟླ་༡ ཚེས་༣ ཉིན།

དཀར་ཆག

རྫས་འགྱུར་རིག་པ།

སློབ་ཚན་དང་པོ། དངོས་རྫས་ཀྱི་རྣམ་གཞག༼༡༽
སློབ་ཚན་གཉིས་པ། དངོས་རྫས་ཀྱི་རྣམ་གཞག༼༢༽
སློབ་ཚན་གསུམ་པ། མ་རྡུལ་དང་ཆ་རྡུལ།
སློབ་ཚན་བཞི་པ། མ་རྡུལ་གྱི་བཟོ་དབྱིབས།

སྐྱེ་དངོས་རིག་པ།

སློབ་ཚན་ལྔ་པ། སྐྱེ་དངོས་ཀྱི་གཞི་རྩའི་གྲུབ་ཆ།
སློབ་ཚན་དྲུག་པ། ཕུང་གྲུབ།
སློབ་ཚན་བདུན་པ། སྣ་མང་གི་སྐྱེ་དངོས།

དངོས་ཁམས་རིག་པ།

སློབ་ཚན་བརྒྱད་པ། འགུལ་སྐྱོད།
སློབ་ཚན་དགུ་པ། ཤུགས་དང་འགུལ་སྐྱོད་ཀྱི་ཆོས་ཉིད།
སློབ་ཚན་བཅུ་པ། འཐེན་ཤུགས།
སློབ་ཚན་བཅུ་གཅིག་པ། རྩོལ་བ་དང་ནུས་པ།
སློབ་ཚན་བཅུ་གཉིས་པ། སྒྲ།

མདུན་ངོས།

(17906)